ཁ་སང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མི་མང་ལ་གསུང་བཤད་གནང་སྐབས་མི་མང་གིས་ཁོང་ལ་རེ་བ་ཞུས་པ་དེ་ཆུད་ཟོས་སུ་མི་གཏོང་བའི་དམ་བཅའ་དང་གདེང་ཚོད་ཡོད་སྐོར་གསུངས་སོང་།
ཁ་སང་དགོང་དྲོའི་དུས་ཚོད་ ༥ སྟེང་དྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མི་མང་ལ་གསུང་བཤད་གནང་སོང་བ་དང་། སྐབས་དེར་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་ ༥༠༠ མ་ཟིན་ཙམ་འདུ་འཛོམས་གནང་འདུག
བགྲོ་གླེང་གི་ཐོག་མར་དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ལངས་ཕྱོགས་གསལ་བརྟན་དང་ཉམས་མྱོང་ལྡན་པ། ནུས་འཇོན་ལྡན་པ་བཅས་དོན་གནད་གསུམ་གྱི་ཐོག་ནས་དབུས་གཙང་མི་མང་གིས་མང་མོས་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཏོན་པ་ཡིན་སྐོར་ངོ་སྤྲོད་གནང་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མི་མང་གིས་ཁོང་ལ་རེ་བ་བརྒྱབ་པ་ལྟར་རེ་བ་དེ་ཆུད་ཟོས་སུ་གཏོང་རྒྱུ་མིན་སྐོར་གསུངས་དོན། ཁྱོད་རང་ཚོས་ཞུས་པའི་རེ་འདུན་དེ་ངས་ཆུད་ཟོས་སུ་མི་གཏོང་བའི་དམ་བཅའ་དང་གདེང་ཚོད་ང་ལ་ཡོད། ང་སྤྱི་འཐུས་ཚོགས་གཙོ་ནས་སྲིད་སྐྱོང་ལ་ལངས་པའི་བསམ་བློའི་རྩ་བ་དེ་ང་རང་ཆུང་ཆུང་ཡིན་སྐབས། ངའི་པ་ལགས་ཀྱིས་ཁྱོད་རང་སློབ་ཐོན་བྱུང་བ་དང་བོད་གཞུང་གི་ལས་ཀར་འགྲོ་དགོས་པ་རེད་ཅེས་གསུང་གི་རེད་ལ། ང་རང་ཆུང་ཆུང་སྐབས་ནས་དེ་ཀླད་པའི་ནང་ལ་ཉར་བ་དང་། གཞན་ང་རང་ཆུང་ཆུང་དུས་སུ་རྒན་པ་ཚོའི་གཏམ་གླེང་བྱེད་སྐབས། ང་ཁོ་ཚོའི་གམ་དུ་བསྡད་ནས་ཁོང་ཚོའི་སྐད་ཆ་ལ་ཉན་རྒྱུར་དགའ་བོ་ཡོད་པས། ང་རང་ལོ་མ་ལོན་སྔོན་ནས་རྒན་རྒོན་ཆགས་ཚར་རེད། དེ་བཞིན་ལོ་ཆུང་ཆུང་དུས་ནས་ང་སྐད་ཆར་ཉན་ཡ་དང་གནས་ཚུལ་རྟོགས་པར་དགའ་བོ་ཞེ་དྲགས་ཡོད། ངའི་པ་ལགས་ཀྱི་མིང་ལ་བློ་བཟང་སྙན་གྲགས་དང་ངའི་ཨ་མ་ལགས་ཀྱི་མིང་ལ་མཚམས་ལྷ་ཟེར། ངའི་ནང་ལ་ཕྲུ་གུ་དགུ་ཡོད་པའི་ནང་ནས་ང་གསུམ་པ་དེ་ཡིན། དཀའ་ལས་ཞེ་དྲགས་བརྒྱབ་ཡོད་པ་རེད། སྐབས་དེར་ངའི་ཇོ་ཇོ་དང་ཨ་ཅག་དེ་ཚོ་དམག་མིའི་ནང་སོང་རྗེས། ནང་གི་འགན་མང་ཆེ་བ་ཞིག་ངའི་སྒང་ལ་བསླེབས་པ་རེད། གང་ལྟར་ལོ་ཆུང་ཆུང་དུས་ནས་ལས་ཀ་ལས་ཡ་འགོ་བཙུགས་ཏེ། བ་མོ་གསོ་བ་དང་བ་མོའི་འོ་མ་འཇོ་བ་ཡན་ཆད་ཀྱི་ཁྱིམ་ལས་བྱས་མྱོང་། ཆུ་ལེན་པ་དང་བ་མོའི་ལྕི་བ་བཟོ་བ་སོགས་ཀྱི་ལས་ཀ་བྱས་ནས་བསྡད་པ་རེད། འཛིན་གྲྭ་ལྔ་བ་ཙམ་ནས་ནང་ལ་ཕྲུ་གུ་མང་པོ་ཡོད་པ་དང་། ལག་དངུལ་ཞེ་དྲགས་ཡོང་གི་མེད་སྟབས། ཨམ་དང་ཨམ་རུད། ཇེཁ་ཧྥི་རོཊ་བཙོང་བ་སོགས་བྱས་མྱོང་། ཕྱིར་དྲན་རེ་བྱེད་དུས་ང་འཛིན་གྲྭ་ལྔ་བའི་སྐབས་ནས་ཚོང་པ་ལྟ་བུ་ཞིག་ཆགས་འདུག་བསམ་པ་བྱུང་། དེ་ལྟར་འཛིན་རིམ་བདུན་པ་བརྒྱད་པ་ནས་རིམ་གྱིས་འཛིན་རིམ་དགུ་པར་བསླེབས་སྐབས། ང་སྦེལ་ཀོབ་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་ཆགས་པ་རེད། རྒན་བདག་ཁུར་བའི་རིང་ལ་སློབ་གྲྭའི་ལས་དོན་ག་རེ་ཡོད་པ་ཡིན་ན་ཡང་ང་ཚོ་སློབ་ཕྲུག་ཚོས་འགན་འཁུར་གྱི་ཡོད། འཛིན་རིམ་དགུ་པ་ནས་ལོ་གསུམ་དང་ཕྱེད་ཀའི་རིང་། སྦེལ་ཀོབ་སློབ་གླིང་དུ་འགྲན་སྡུར་བྱས་པ་ནས་བཟུང་ང་སྤྱི་ཚོགས་ནང་ཞུགས་པའི་འགོ་བཙུགས་པ་རེད། ཅེས་དང་།
ཁོང་གིས་མུ་མཐུད་དུ། འཛིན་རིམ་བཅུ་གཉིས་པའི་སྐབས་སུ། སློབ་ཕྲུག་རྩེ་ཕུད་བུ་གཅིག་དང་བུ་མོ་གཅིག་ལ་བྱ་དགའ་སྤྲོད་ཀྱི་ཡོད་པ་དེ་ང་ལ་གནང་བ་རེད། དེ་བཞིན་ཕྱི་ལོ་ ༡༩༨༥ ལོར་འཛིན་རིམ་བཅུ་གཉིས་པའི་རྒྱུགས་སྤྲོད་སྐབས་སུ་བོད་པའི་སློབ་གྲྭ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ནང་ནས་ང་ལ་ཨང་དང་པོ་ཐོབ་རེད། ནང་གི་གནས་སྟངས་སྐྱོ་བོ་རེད། སྐབས་དེ་དུས་ཨང་དང་པོ་ཐོབ་པ་ལ། བོད་སློབ་འཛིན་སྐྱོང་གི་སློབ་གྲྭའི་ཤེས་ཡོན་རོགས་རམ་ཞིག་ཡོད་པ་རེད། སྐབས་དེར་ངའི་ངོ་ཤེས་སློབ་ཕྲུག་རྒན་པ་ཁ་ཤས་ཀྱིས་ང་ལ་སྤེན་པ་ཚེ་རིང་ཁྱེད་རང་མཐོ་སློབ་ལ་རྩ་བ་ནས་འགྲོ་ཐུབ་ཀི་མ་རེད། འགྲོ་སོང་ཁོ་རང་གཏོང་ཐུབ་ཀི་མ་རེད་ཅེས་བཤད་མྱོང་། རེད་དེ་སེམས་ཤུགས་རྩ་བ་ནས་མ་ཆགས་པར་ང་མཐོ་སློབ་ཡག་པོ་ཞིག་གི་ནང་ཚུད་སོང་། ཨང་དང་པོ་གཉིས་པའི་གྲས་སུ་ཡོད་པའི་མ་རྡ་ར་སི་ཡེ་ཤུའི་མཐོ་སློབ་ (MCC) ནང་ངས་དཔལ་འབྱོར་རིག་པའི་སྐོར་སློབ་སྦྱོང་བྱེད་དུས། དངུལ་གྱིས་འདེང་གི་མ་རེད་སྙམ་ནས་ཞོགས་པར་མཐོ་སློབ་ཏུ་ཕྱིན་པ་དང་། དགོང་དྲོ་ཆུ་ཚོད་བདུན་པ་ནས་བཅུ་གཅིག་བར་ཟ་ཁང་ནང་ལས་ཀ་བྱས་ནས་དེ་ལྟར་དཀའ་ལས་བརྒྱབ་པ་ཡིན། ཞེས་གསུངས་སོང་།
བོད་ཀྱི་དམངས་གཙོ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ཁོང་གིས། ང་ཚོས་དམངས་གཙོ་ཟེར་དུས་དྷ་རམ་ས་ལར་དམངས་གཙོའི་ཀ་བ་གསུམ་གཅིག་པུ་ཡག་པོ་ཡོད་པ་ཙམ་གྱིས་ཕན་ཐོགས་ཀྱི་ཡོད་པ་མ་རེད། དེ་ཁང་པའི་ཏོག་བཟོས་པ་ཙམ་རེད། དམངས་གཙོ་ས་གནས་ནས་ཡོང་དགོས་པ་ཡིན་ན། གཞི་རིམ་མང་ཚོགས་ནང་ལོགས་ལ་དམངས་གཙོའི་ས་གནས་ཡོང་དགོས་པ་རེད། གཞི་རིམ་མང་ཚོགས་ཀྱི་བསམ་བློའི་ནང་ལ་དམངས་གཙོའི་གོམས་གཤིས་ཡག་པོ་ཞིག་ཡོད་པ་ཡིན་ན། རང་བཞིན་གྱིས་ཁང་པ་དེ་བརྟན་པོར་སྡོད་ཐུབ་ཀི་རེད། གཞན་ཁང་པའི་ཏོག་གཅིག་པུ་ཡག་པོ་ཡོད་ཀྱང་རྨང་གཞི་ཡག་པོ་མེད་པ་ཡིན་ན། རྨང་གཞི་ལུག་ནས་ཟགས་ཚར་བ་རེད། ཅེས་གསུངས་སོང་།
ཁོང་སྲིད་སྐྱོང་ལ་བཞེངས་བའི་དགོས་དམིགས་ཐད་ཁོང་གིས། གལ་ཏེ་ངས་སྲིད་སྐྱོང་གི་འགན་འཁུར་བ་ཡིན་ན། སྐུ་ངོ་ཟླ་བ་ཚེ་རིང་གིས་གོང་དུ་ཞུས་ཟིན་པ་ལྟར། ཁྱེད་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་སྟེ་འགྲོ་ཐུབ་ཀི་རེད་ཅེས་ང་ལ་རེ་བ་རྒྱག་གི་ཡོད་པ་དེར་ང་མཐའ་གཅིག་ཏུ་འགྲོ་གི་ཡིན། དེ་ལས་སྡུག་ཏུ་སོང་བ་ཡིན་ན་ལམ་ཁ་ཁོ་རང་མེད་པ་ཆགས་འགྲོ་གི་རེད། ང་ཚོའི་སྤྱི་ཚོགས་ནང་ལ་ཆབ་སྲིད་ཞེ་དྲགས་ཤེས་ཀྱི་ཡོད་གསུང་མཁན་དེ་འདྲ་ཡོད་པ་དང་། རྒྱལ་བ་རིན་པོ་ཆེས་ཕལ་ཆེར་ཆབ་སྲིད་ཤེས་ཀི་མ་རེད་མདོག་མདོག་དེ་འདྲ་གསུང་མཁན་བྱུང་མྱོང་བ་རེད། ད་ལྟ་ཡིན་ན་ཡང་ཟུར་ཟ་བྱེད་མཁན་དེ་འདྲ་ཡོད་རེད། ཡིན་ནའང་རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་བོད་པའི་གནད་དོན་ཤེས་མཁན་སུ་ཡོད། བོད་ནང་གི་གནས་ཚུལ་ཡིན་ཡང་བོད་ནང་ལོགས་ཀྱི་གནད་ཡོད་མི་སྣ་ཚོས་སྐུ་མདུན་ལ་བཀའ་འདྲི་ཞུ་བཞིན་འདུག རྒྱ་ནག་གི་མཁས་པ་དེ་ཚོ་ཡིན་ན་ཡང་རྒྱལ་བ་རིན་པོ་ཆེར་འབྲེལ་བ་ཞེ་དྲགས་བྱེད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་མཁས་པ་ཡིན་ཟེར་མཁན་དེ་ཚོ་ཡིན་ན་ཡང་རྒྱལ་བ་རིན་པོ་ཆེར་འབྲེལ་བ་ཞུ་ཡི་ཡོད་རེད། ཆབ་སྲིད་ཀྱི་མི་སྣ་མཐོ་ཤོས་དེ་ཚོར་སྐུ་མདུན་མཇལ་གྱི་ཡོད་པ་མ་གཏོགས་ང་ཚོ་མཇལ་ཐུབ་ཀྱི་མེད་པཱ། དེར་བརྟེན་སྐུ་མདུན་ལས་ལྷག་པའི་དགོངས་པ་བཞེས་ཐུབ་མཁན་ང་ཚོའི་སྤྱི་ཚོགས་ནང་ཡོད་པ་མ་རེད། གལ་ཏེ་ང་སྲིད་སྐྱོང་གི་འོས་མིར་ལངས་པ་ཡིན་ན། ངས་ཅིག་ལས་ཐུབ་པའི་སྤོབས་པ་དང་གདེང་ཚོད་དེའི་ཐོག་ལྷག་པར་དུ་མི་མང་གིས་རྒྱབ་སྐྱོར་བྱེད་སྐབས་རང་བཞིན་གྱིས་སེམས་ཤུགས་འཕར་ཡོང་བ་དང་ངས་ཤུགས་རྒྱག་དགོས་བསམ་པ་དྲན་གྱི་འདུག ཅེས་གསུངས་སོང་།
ཡང་ཁོང་གིས་ལས་དོན་སྒྲུབ་ཕྱོགས་ཀྱི་ཐད་ནས། ང་ཚོའི་ལས་འགན་ཨང་དང་པོ་ང་རང་ཚོ་ཆིག་སྒྲིལ་གྱི་ནུས་པ་འདོན་རྒྱུ་དེ་རེད། བོད་ནང་ཡིན་ན་ཡང་བོད་མི་ས་ཡ་ལྔ་དང་ཕྱེད་ཀའམ། ཡང་ན་ས་ཡ་དྲུག་ཡོད་མེད་གང་ལྟར་ཡང་ཁོ་རང་ཚོའི་བསམ་བློའི་འཁྱེར་ཕྱོགས་དང་ཕྱག་ལས་གནང་སྟངས། དགོངས་པ་བཞེས་སྟངས་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་ཧང་སང་བ། བསམ་ཡུལ་ལས་འདས་པ་དེ་འདྲ་བྱེད་ཀྱི་ཡོད་པས་ང་ཚོས་ཕར་ཞུ་དགོས་པ་མི་འདུག ཡིན་ནའང་། མགོ་བདེ་པོ་འཁྲབ་མཁན་དེ་འདྲ་ཡང་ཁ་ཤས་ཡོད་སྲིད་པ་རེད། བོད་མི་མང་ཆེ་བས་རྒྱལ་བ་རིན་པོ་ཆེར་འབྲེལ་བ་བཙུགས་ཏེ། དངོས་གནས་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་སྤྱི་བའི་རྩ་དོན་ཐོག་ལ་ཚེ་སྲོག་ཡན་ཆད་ནས་བློས་གཏོང་གི་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། ད་ལྟ་བཙན་བྱོལ་ནང་མི་གྲངས་འབུམ་གཅིག་དང་ཁྲི་ལྔ་ཙམ་འདིར་བཞུགས་ཡོད་པ་རེད། ང་ཚོར་འདིར་རུག་རུག་བྱས་ནས་ཡག་པོ་ཞིག་བསྡད་མ་ཐུབ་པ་ཡིན་ན། ང་ཚོ་དཀའ་ངལ་ཆེན་པོ་ཞིག་ནང་ལྷུང་གི་རེད། མི་རབས་རྗེས་མ་མང་པོ་ཞིག་གིས་ཕྱིར་བལྟས་བྱེད་སྐབས། མི་རབས་འདིས་མ་འཇོན་པའི་གནས་སྟངས་ཤིག་ཆགས་ཀྱི་རེད། ཅེས་སོགས་གསུངས་སོང་།
ད་དངོས་གནས་སྐབས་ ༡༥ སྲིད་སྐྱོང་འོས་ཤོས་ཁོང་ཚོགས་གཙོ་རང་རེད་འདུག
དངོས་གནས་ཚོགས་གཙོ་མཆོག་ནི་བྱ་བ་སྣ་མང་ནས་མཉམ་མྱོང་སྣ་མང་ལྡན་པ་ཞིག་རེད། ཞོར་དུ་བོད་ཀྱི་དུས་བབ་ཚང་ལ་ཐུགས་རྗེ་ཆེ་ཞུའོ།།