རྒྱ་གཞུང་ཉེན་རྟོག་པས་ཡུལ་མིའི་ས་ཆ་བཙན་འཕྲོག་བྱས་པ་མ་ཟད་གང་བྱུང་གཅར་རྡུང་བཏང་སྟེ་མི་མང་པོ་འཛིན་བཟུང་བྱས་ཡོད་འདུག
ཀོང་ཏུང་ལའོ་ཧྥིན་གྲོང་ཁྱེར་གྱི་ཅའེ་ཧྲི་གྲོང་རྡལ་ཧྲོང་ལིན་གྲོང་སྡེ་རུ་རྒྱ་གཞུང་གིས་རྡུལ་ཕྲན་གློག་ཁང་ཞིག་གསར་དུ་རྒྱག་བཞིན་པ་དེར་ཡུལ་མི་ཚོས་ངོ་རྒོལ་བྱས་པར་བརྟེན། ཟླ་འདིའི་ཚེས་ ༡༢ ཉིན་གྱི་མཚན་གུང་པེ་ཅིན་གྱི་ཆུ་ཚོད་ ༣ ཡས་མས་སུ། གྲོང་སྡེ་དེའི་ནང་ཉེན་རྟོག་པ་ ༢༠༠༠ ལྷག་གིས་ལག་ཏུ་མེ་མདའ་དང་གློག་དབྱུག་བཟུང་ཡོད་པ་མ་ཟད། དམག་ཁྱི་ཁྲིད་ཡོང་སྟེ་ཡུལ་མི་ཚོར་གང་བྱུང་གཅར་རྡུང་དང་དྲག་གནོན་བྱས་ཏེ་མི་མང་པོ་འཛིན་བཟུང་བྱས་ཡོད་འདུག
ཁ་སང་པའོ་ཞོན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༠༣ ལོ་ནས་ཀྲུང་གུང་རྡུལ་ཕྲན་ལྷན་ཚོགས་ཀྱིས་ས་གནས་དེར་ལའོ་ཧྥིན་རྡུལ་ཕྲན་གློག་ཁང་ཟེར་བ་འཛུགས་གཏན་ཁེལ་ཡོད་པ་མ་ཟད། ཀྲུང་གུང་རྡུལ་ཕྲན་ལྷན་ཚོགས་དང་ས་གནས་སྲིད་གཞུང་གཉིས་ངན་འབྲེལ་བྱས་ཏེ། དྲག་ཆས་ཉེན་རྟོག་པས་ཐེངས་མང་པོར་ཞིང་པའི་ས་ཆ་བཙན་འཕྲོག་གིས་ཁྱོན་རྨོའུ་ ༡༥༠༠ ལྷག་ལ་གུན་གསབ་ཅི་ཡང་སྤྲད་མེད་སྟབས། ཧྲོང་ལིན་གྱི་ཡུལ་མི་ ༣༠༠༠ ལྷག་གིས་ཐེངས་མང་པོར་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན། ས་གནས་སྲིད་གཞུང་གིས་སྤྱི་ལེ་གྲུ་བཞི་མ་གཅིག་ལ་རྒྱ་སྒོར་ ༡༢ ཡིས་གུན་གསབ་སྤྲོད་རྒྱུ་བྱས་ཏེ་ཁ་བཀག་ཡོད་ཀྱང་། ལོ་འདིའི་ཕྱི་ཟླ་ ༨ པ་ནས་བཟུང་ཧྲོང་ལིན་ཡུལ་མི་ཚོས་རྡུལ་ཕྲན་གློང་ཁང་གི་ལས་གཞིར་ཡང་བསྐྱར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྟབས། ཕྱི་ཚེས་ ༡༢ ཀྱི་མཚན་གུང་ཆུ་ཚོད་ ༣ ཡས་མས་ནས་ཕྱི་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ བར་ཡུལ་མི་ཚོར་གཅར་རྡུང་དྲག་པོ་བཏང་ཡོད་པ་མ་ཟད། གནས་ཚུལ་ཕྱིར་མི་ཁྱབ་པའི་ཆེད་དུ་ས་གནས་དེའི་དྲ་རྒྱའི་འབྲེལ་ལམ་བཀག་འགོག་བྱས་ཡོད་འདུག
ཡུལ་མི་ཆོ་ཁི་ལེ་ (Qiao Keli) ཟེར་བ་ཞིག་གིས་འཕྲིན་ཐུང་ཞིག་བཏང་བའི་ནང་། ལའོ་ཧྥིན་སྲིད་གཞུང་གི་མགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་བྱས་ཏེ་ཧྲོང་ལིན་མང་ཚོགས་ཀྱི་ས་ཞིང་དང་དངུལ་སྒོར་ཡོད་ཚད་ལྐོག་ཟ་བྱས་པ་མ་ཟད། དེ་རིང་མི་ ༢༠༠༠ ལྷག་གིས་སྡེ་བའི་མཐའ་སྐོར་ནས་ཡུལ་མི་གཅིག་ཀྱང་ཕྱིར་འགྲོ་མ་བཅུག་པར་ཕོ་མོ་རྒན་གཞོན་མེད་པར་གང་བྱུང་གཅར་རྡུང་བཏང་སོང་། ཡིན་ནའང་། དྲ་ལམ་བཀག་པར་བརྟེན་ཕྱི་ཕྱོགས་ན་ཡོད་པའི་ཧྲོང་ལིན་གྱི་ཡུལ་མི་ཚོས་ཁྱིམ་མིའི་བདེ་འཇགས་ཐད་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་སྐོར་བཀོད་འདུག
དྲ་མིང་ཁན་ཐའོ་ (Kan Tou ) ཟེར་བ་ཞིག་གིས་མཚན་མོ་དེར་ཁྱོན་ཉེས་མེད་ཡུལ་མི་ ༡༠ གྲངས་ཤིག་འཛིན་བཟུང་བྱས་པ་དང་། ཕྱི་ཉིན་ཡུལ་མི་ཚོ་ཅའེ་ཧྲི་གྲོང་རྡུལ་སྲིད་གཞུང་དུ་སོང་ནས་འགྲེལ་བཤད་ཅིག་དགོས་པའི་རེ་མདུན་ཞུ་སྐབས་ཡང་བསྐྱར་མི་ ༡༠ ལྷག་འཛིན་བཟུང་བྱས་སོང་སྐོར་བརྗོད་འདུག་ལ། ཡང་ཡུལ་མི་ཞིག་གིས་ཉེན་རྟོག་པས་ཁྱོན་མི་གྲངས་ ༡༠༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་དེའི་ནང་ནས་གཅིག་འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།