པ་ཀི་སི་ཐན་དམག་དོན་ཁྲིམས་ཁང་གིས་འཇིགས་སྐུལ་རིང་ལུགས་པ་དགུ་ལ་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས་འདུག
ཁ་སང་པ་ཀི་སི་ཐན་གསང་བའི་དམག་དོན་ཁྲིམས་ཁང་གིས་འཇིགས་སྐུལ་རིང་ལུགས་དང་འབྲེལ་བའི་བྱ་སྤྱོད་ལས་འགུལ་སྤེལ་ནས་བཙོན་འཇུག་བྱས་ཡོད་པའི་བཙོན་པ་ ༩ ལ་སྲོག་ཁྲིམས་དང་། བཙོན་པ་གཅིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་འདུག
པ་ཀི་སི་ཐན་གསར་འགྱུར་བརྒྱུད་ལམ་སྐྱ་རེངས་ཐོག་སྤྱི་ཁྱབ་དམག་སྤྱི་ར་ཧེལ་ཤཱ་རེབ་ (Raheel Sharif) ལགས་ཀྱིས། གཞུང་གིས་སྲོག་ཁྲིམས་གཅོད་རྒྱུའི་འཇིགས་སྐུལ་རིང་ལུགས་པ་དེ་དག་ནི་སཱོ་ཝ་ཌི་མངའ་ཁུལ་མཱ་ལཱ་ཁཱན་ཌི་དམག་ཁུལ་ཁང་གི་དམག་སྤྱི་སཱ་ཎོ་ལཱ་ (Sanaullah) དང་མདའ་དཔོན་ཨཱ་མེ་ཌི་ (Tauseef Ahmed) གཙོས། པེ་ཤཱ་ཝར་(Peshawar) གྱི་དམག་མིའི་སློབ་གྲྭར་འཇབ་རྒོལ་བྱས་ནས་སློབ་མ་ ༡༣༤ དམར་གསོད་གཏོང་མཁན་ཡིན་འདུག ཅེས་བརྗོད་འདུག
ཟླ་སྔོན་མའི་ནང་པ་ཀི་སི་ཐན་དམག་དོན་ཁྲིམས་ཁང་གིས། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ནང་པེ་ཤཱ་ཝར་(Peshawar) གྱི་དམག་མིའི་སློབ་གྲྭར་འཇབ་རྒོལ་བྱས་ནས་སློབ་མ་ ༡༣༤ དམར་གསོད་གཏོང་མཁན་གྱི་འཇིགས་སྐུལ་རིང་ལུགས་པ་དྲུག་ལ་སྲོག་ཁྲིམས་དང་། ཉེ་ལམ་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་བྷ་ལུ་ཆི་སི་ཐན་མངའ་སྡེའི་མཐའ་སྲུང་དམག་སྒར་ཞིག་ལ་གཏོར་རྒོལ་བཏང་སྟེ། དམག་སྤྱི་གཅིག་ཚུད་པའི་དམག་མི་ ༢༧ བསད་ཡོད་པ་མ་ཟད། ཁེ་བྷར་མངའ་སྡེའི་ (Khyber Pakhtunkhwa) དམག་དཔུང་གི་དམག་རྒྱག་རླངས་འཁོར་ཁག་ཅིག་ལ་འབར་མདེལ་གཡུགས་ནས་དམག་མི་ ༣༨ ལྷག་བསད་ཡོད་པ་མ་ཟད། དམག་རྒྱག་རླངས་འཁོར་ ༤ ལྷག་ལ་གཏོར་རྒོལ་བཏང་ཡོད་སྟབས། ཟླ་ཤས་རིང་པ་ཀི་སི་ཐན་དམག་སྤྱི་ཁང་དང་གསང་བའི་ལས་ཁུངས་ཀྱིས། ཨབ་གྷན་གསང་བའི་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་འཇིགས་སྐུལ་རིང་ལུགས་པ་ཁག་ཅིག་རྩད་གཅོད་ཐུབ་སྟེ། དྲག་སྤྱོད་པ་ ༥ ལ་ཚེ་བཙོན་དང་ ༦ ལ་སྲོག་ཁྲིམས་བཅད་ཡོད་པ་རེད།
དེ་རིང་པ་ཀི་སི་ཐན་ཁྲིམས་འཛིན་བློན་ཆེན་གྱིས། འདི་ལོའི་ཟླ་དང་པོ་ནས་བཟུང་དམག་དོན་ཁྲིམས་ཁང་གིས་གྱོད་དོན་ ༡༠༠ ལྷག་རྩིས་ལེན་བྱས་ཡོད་ཀྱང་། ད་བར་ནག་ཉེས་ཕོག་མཁན་སུ་ཡིན་མིན་དང་ནག་ཉེས་ཅི་བསགས་ཞིབ་ཚགས་འདོན་སྤེལ་བྱ་རྒྱུར་དཀའ་ངལ་ཕྲད་ཡོད་སྟབས། ཟླ་ ༨ པའི་ནང་པ་ཀི་སི་ཐན་ཆེས་མཐོའི་ཁྲིམས་ཁང་གིས་དམག་དོན་ཁྲིམས་ཁང་ཁྲིམས་མཐུན་ཡིན་པ་མ་ཟད། ནག་ཉེས་གསོག་མཁན་གྱི་ཆབ་འབངས་ཡོངས་ལ་ཉེས་པ་གཅོག་རྒྱུའི་ཆོག་མཆན་གནང་ཡོད་པར་བརྟེན། ད་ཐེངས་དྲག་སྤྱོད་པ་ ༩ ལ་སྲོག་ཁྲིམས་གཅོད་རྒྱུའི་ཁྲིམས་ཐག་བཅད་པ་རེད། དེ་བཞིན། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༢ ནང་དམག་དོན་ཁྲིམས་ཁང་གི་དུས་ཡུན་རྫོགས་ཀྱི་ཡོད་སྟབས། གཞུང་གིས་དུས་ཡུན་དེ་མ་རྫོགས་གོང་ཁྲིམས་འཛིན་ལམ་ལུགས་ཡོངས་རྫོགས་བཅོས་བསྒྱུར་གཏང་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག
པ་ཀི་སི་ཐན་གནད་དོན་ཆེད་མཁས་པ་ཨཱ་བྷེ་ཛི་མོ་ཧན་ལགས་ཀྱིས། འཇིགས་སྐུལ་རིང་ལུགས་པས་དཀྱིལ་ཤར་ཡུལ་གྲུ་དང་ཨབ་གྷན། པ་ཀི་སི་ཐན་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་དྲག་སྤྱོད་ཀྱི་བྱ་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་ཡོད་སྟབས། ད་ལྟ་པ་ཀི་སི་ཐན་དམག་དོན་ཁྲིམས་ཁང་ཙམ་མིན་པར་རྒྱལ་སྤྱིའི་ཁྲིམས་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་བཅས་ནས་རང་འགན་རང་ཁུར་གྱིས། སི་རེ་ཡ་དང་ཨི་རག་གི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) དང་ཐཱ་ལི་བྷན་ཚོགས་པའི་བྱ་སྤྱོད་དག་ལ་རྟོག་ཞིབ་ནན་མོ་བྱས་ཏེ། ཆོས་ལུགས་ཁ་ལ་འཁྱེར་ནས་རྒྱལ་སྤྱིའི་བདེ་འཇགས་ལ་གནོད་གཞིའི་ལས་འགུལ་རྩོམ་མཁན་དག་རྩ་མེད་བཟོ་ཐུབ་པ་དགོས། ཞེས་བརྗོད་འདུག
གསར་འགོད་པ། དོན་གྲུབ།