ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྩིས་ཁྲའི་སྐྱོན་གནད་ ༦༠ གཙང་མ་བཟོས་ཡོད་པ་དང་། མུ་མཐུད་མཇུག་སྐྱོང་དགོས་པའི་སྐྱོན་གནད་ ༨ ལྷག་ཡོད་འདུག
དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་ ༡༠ པའི་ལས་ཉིན་ ༩ པར། སྤྱི་འཐུས་ལྷན་ཚོགས་ནས་ཆེད་འཛུགས་གནང་བའི་ཞིབ་འཇུག་ཚོགས་ཆུང་གིས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་གྱི་སྤྱི་ཡོངས་ཀྱི་རྩིས་ཁྲའི་ཐོག་འདྲི་རྩད་ཞིབ་འཇུག་གནང་བ་བརྒྱུད། ཚོགས་ཆུང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱིས་གྲུབ་དོན་སྙན་ཐོ་ཤོག་གྲངས་ ༢༦ ཡོད་པ་ཞིག་སྙན་སྒྲོན་ཞུས་པ་དང་འབྲེལ། སྤྱི་འཐུས་ཁག་ཅིག་ནས་སྙན་ཐོའི་ཐོག་དགོངས་ཚུལ་བརྗོད་པ་དང་བགྲོ་གླེང་བཅས་གནང་སོང་ལ། ནོར་གླིང་གི་རྩིས་ཁྲའི་མཇུག་སྐྱོང་སྐྱོན་གནད་ ༦༨ ཀྱི་ནང་ནས་ ༦༠ འགྲིག་པར་བྱས་ཡོད་པ་དང་། མཇུག་སྐྱོང་དགོས་པའི་སྐྱོན་གནད་ ༨ ལྷག་ཡོད་པ་དེ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པས་མཇུག་སྐྱོང་གནང་དགོས་པའི་ཐད་གྲོས་ཆོད་འཇོག་རྒྱུ་ཡིན་འདུག
ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོའི་ནང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ནས་བཏོན་པའི་མཇུག་སྐྱོང་སྐྱོན་གནད་ ༦༨ ཀྱི་ནང་ནས་འགྲེམས་སྟོན་དང་ཟུར་རྩིས། ཟོག་ལྷག་གི་མ་གནས་དངུལ་སོགས་ཀྱི་སྐྱོན་གནད་ཁག་ཅིག་ལ་དཔང་རྟགས་ཡིག་ཆ་མིག་སྟོན་གནང་རྒྱུ་ཡོད་པ་དང་འབྲེལ་ཡོད་ལས་བྱེད་ནས་འགྲེལ་བཤད་ཁ་གསལ་གནང་བ། ཡང་ན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་དང་འབྲེལ་ཡོད་ཁག་གཅིག་གིས་རྩིས་བསུབ་བཀའ་འཁྲོལ་གནང་བར་འགན་འཛིན་ལྷན་ཚོགས་ཀྱིས་རྒྱབ་གཉེར་གནང་བ་ལྟར་འགྲིག་པར་གནང་བ་ཕུད། མུ་མཐུད་མཇུག་སྐྱོང་དགོས་པ་ ༨ ཀྱི་ནང་། ཡོང་བསྡད་བསྡོམས་སྒོར་འབུམ་ ༢༢ ( ༢༢.༦༦.༡༦༤།༠༠)ཡོད་པ་ནས་ཡོང་རེ་བྲལ་བ་རྣམས་འགན་འཛིན་ལྷན་ཚོགས་ནས་ལུགས་མཐུན་རྩིས་བསུབ་བཀའ་འཁྲོལ་ཞུས་ནས་གཙང་བཟོ་དགོས་པ་དང་། སྤྲོད་བསྡད་སྒོར་འབུམ་༩ ལྷག་( ༩.༢༩.༣༦༧།༦༨) ཡོད་པ་འགན་ལྷན་ལ་སྙན་གསེང་ཞུས་ཏེ་རྩིས་གཙང་བཟོ་དགོས་པ། གཞན་ཡང་། ནོར་གླིང་སྤྱི་ཁྱབ་འགན་འཛིན་ཟུར་པ་སྒྲོལ་མ་སྐྱབས་ལགས་ཀྱིས་ལས་བཅར་ཞུས་མེད་ཀྱང་ལོ་གཅིག་གི་གླ་ཕོགས་སྤྲད་པ་དེར་མཇུག་སྐྱོང་ཞིབ་འཇུག་དགོས་པ་དང་། ནོར་གླིང་དང་བསོད་ནམས་ཆོས་འཛོམས་ཡེ་ཤེས་ཀྱི་ཚོང་ལས་སྡེ་ཚན་(Humming Bird Ltd)བར་བཞག་པའི་ཆོད་དོན་ལག་བསྟར་འཐུས་ཚང་དགོས་པ་དང་། དཔལ་འབྱོར་ལས་ཁུངས་ལ་གཙང་ཁེ་བརྒྱ་ཆ་ ༡༥ འབབ་ལས་འབུལ་བསྡད་སྒོར་འབུམ་ ༥ ལྷག་(༥.༥༠.༠༧༧།༦༥) ཡོད་པ་འཕྲལ་མར་གཙང་བཟོ་དགོས་པ། གཞན། སྨན་བཅོས་མཐུན་རྐྱེན་གནང་ཕྱོགས་དང་སྤྱི་ལ་ཁྱབ་པའི་གསོལ་ཕོགས་སྤར་ཕྱོགས། གཞུང་དོན་ཕྱོགས་སྐྱོད་ཀྱི་ཟུར་ཕོགས། དངུལ་རྐྱང་ཉར་ཚད་བཅས་ཀྱི་སྒྲིག་གཞིར་བསྐྱར་ཞིབ་ཀྱིས་གསལ་པོ་དང་ཁ་སྣོན་དགོས་པ་སོགས་བཀོད་འདུག
ཞིབ་འཇུག་གནང་བ་བརྒྱུད་ནོར་གླིང་གི་འཛིན་སྐྱོང་སྟངས་འཛིན་དང་མ་འོངས་ཕྱག་བསྟར་དགོས་པའི་གལ་ཆེའི་ལམ་སྟོན་རྒྱབ་གཉེར་ཁག་བཅུ་གནང་བ་ནི། ༡ ༽ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འཛིན་སྐྱོང་དང་དཔལ་འབྱོར་སྟངས་འཛིན་ཚགས་ཚུད་ཡོང་དང་འབྱུང་མིན་དེ་གའི་འགན་འཛིན་ལྷན་ཚོགས་ནས་ཞིབ་འཇུག་སྟངས་འཛིན་བསྟུན་མར་གནང་དང་མི་གནང་ལ་རག་ལས་པས། རྒྱ་གར་གཞུང་གི་དེབ་སྐྱེལ་ཁྲིམས་སྒྲིག་དགོངས་དོན་ལོ་རེར་འགན་འཛིན་ལྷན་ཚོགས་ཐེངས་གཉིས་ལ་ངེས་པར་འཚོགས་ཏེ། འཛིན་སྐྱོང་གི་ལས་དོན་སྤྱི་དང་རྩིས་ཀྱི་གནས་སྟངས། མ་འོངས་བྱ་འཆར་སོགས་ལ་སྟངས་འཛིན་ལམ་སྟོན་གནང་དགོས་འདུག་པ་མ་ཟད། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་འདི་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ཚན་དུ་བཙུགས་གནང་བ་ཞིག་ཡིན་སྟབས། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཚང་མས་སྔར་ལྷག་ཐུགས་འགན་ཆེ་བཞེས་དགོས་གལ།
༢ ༽ ཕྱི་ལོ་ ༢༠༠༣ ལོ་ནས་གཏན་འབེབས་ཟིན་པའི་ནོར་གླིང་གི་སྒྲིག་གཞིའི་འབྲུ་དོན་དང་འགལ་ཏེ་ལས་དོན་བྱས་དང་བྱེད་བཞིན་པའི་དབང་གིས་རྩིས་དང་འབྲེལ་བའི་སྐྱོན་གནད་མང་དག་ཅིག་རྩིས་ཞིབ་ནས་རྩིས་སྙན་ནང་བཏོན་ཡོད་སྟབས། སྒྲིག་གཞིར་ཁ་གསལ་ཡོད་བཞིན་དུ་དམིགས་བསལ་བཏང་བ་ནི་རང་གིས་བཟོས་པའི་སྒྲིག་གཞིར་རང་གིས་རྩིས་མེད་བཏང་བ་འགྲིག་མིན་ལ་སོང་། སླད་མར་སྒྲིག་གཞིར་དུས་བསྟུན་བསྐྱར་བཅོས་གནང་དགོས་རིགས་འདི་མུར་མ་བཞག་པར་འགན་འཛིན་ལྷན་ཚོགས་ལ་སྙན་གསེང་བཀའ་འཁྲོལ་ཞུས་ཏེ་ལུགས་མཐུན་བསྐྱར་བཅོས་གནང་གལ།
༣ ༽ འགན་འཛིན་ལྷན་ཚོགས་ནས་ནོར་གླིང་ཁྱབ་ཁོངས་སྡེ་ཚན་དང་བཅས་པའི་ལོ་རེའི་ཕྱོགས་བསྡོམས་སྔོན་རྩིས་བཀའ་འཁྲོལ་གནང་ཐུབ་ཙམ་མིན་པར་རྩིས་འགོ་རེ་རེ་བཞིན་ཞིབ་ཕྲ་གསལ་བའི་སྔོན་རྩིས་བཀའ་འཁྲོལ་དང་བསྐྱར་བཅོས་སྔོན་རྩིས། བར་བརྒལ་བཀའ་འཁྲོལ། ག་བསྒྱུར་བཅོས་ཀྱི་ལམ་ནས་མ་དངུལ་སྟངས་འཛིན་ཐུབ་པ་དགོས་གལ་ཤིན་ཏུ་ཆེ།
༤ ༽ ནོར་གླིང་དུ་ལས་བྱེད་ཆེ་ཕྲ་ཁྱོན་བསྡོམས་ ༤༠༠ ཡས་མས་འདུག་པར་ལོ་རེའི་ཕོགས་དང་ཁེ་ཕན་གཞན་བསྡོམས་སྒོར་འབུམ་ ༤༧༥ ཙམ་བྱེད་ཀྱི་འདུག་པར། ལས་བྱེད་དེ་ཙམ་དགོས་མིན་ལས་འབོར་ཉམས་ཞིབ་ཀྱིས་འཛིན་སྐྱོང་དང་། སྡེ་ཚན་སོ་སོར་ལས་བྱེད་ཀྱི་ས་མིག་གྲངས་འབོར་དང་གནས་རིམ་གཏན་འབེབས་སོགས་སྟངས་འཛིན་ངེས་གནང་དགོས་རྒྱུ།
༥ ༽ ནོར་གླིང་གི་སྒྲིག་གཞིའི་ནང་གསོལ་ཕོགས་སྤར་ཆ་གནང་ཕྱོགས་ཐད་ཅུང་ཙམ་གསལ་གྱི་འདུག་ཀྱང་། ད་ལྟ་འཛིན་སྐྱོང་ལས་བྱེད་ཁག་ཅིག་དང་ལས་མི་གཞན་ཚོའི་དབར་གསོལ་ཕོགས་ཀྱི་བར་ཁྱད་ཤིན་ཏུ་ཆེན་པོ་ཡོད་པ་དང་། ལྷག་པར་ལས་བྱེད་སྤྱི་ལ་ཁྱབ་པའི་ཕོགས་རིམ་ཚད་གཞི་གཏན་འབེབས་མེད་པ། ཕོགས་སྤར་སྐབས་སྤྱི་སྲོལ་བཞིན་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་འཛུགས་སྲོལ་མེད་པ་སོགས་ད་ལྟའི་སྒྲིག་གཞིར་དགོས་ངེས་བསྐྱར་བཅོས་གནང་དགོས་འདུག་ན། སླད་མར་ལས་བྱེད་སྤྱི་ལ་ཁྱབ་པའི་ཕོགས་གཞུང་གཏན་འབེབས་དང་འབྲེལ་ནོར་གླིང་གི་མ་དངུལ་ལ་གཞིར་བཞག་སྟེ་ཕོགས་སྤར་གནང་ཕྱོགས་ཀྱང་འགན་འཛིན་ལྷན་ཚོགས་ནས་བཀའ་འཁྲོལ་ཞུ་རྒྱུའི་ལམ་སྲོལ་གསར་གཏོད་ངེས་གནང་དགོས་རྒྱུ།
༦ ༽ ཞིབ་འཇུག་ཞུ་རྒྱུའི་ལོ་འཁོར་གཉིས་ཀྱི་རྩིས་ཁྲའི་ནང་ཡོང་བསྡད་ཕྱིར་བཞེས་མི་ཐུབ་པ་དང་། ཚོང་བཅོལ་རྙིང་སོང་གི་དངུལ་འབབ་བསྡུ་བཞེས་མི་ཐུབ་པ། སྤྲོད་བསྡད་རྙིང་སོང་གིས་སྤྲོད་ཁུངས་མེད་པ་ཁག་ཅིག་རྒྱ་གར་ཆེས་མཐོའི་རྩིས་ཞིབ་པའི་ལམ་སྟོན་ལྟར་རྩིས་བསུབ་བཏང་སྐོར་གསལ་བཞིན་འདུག་པ་དེ་ཡང་ནོར་གླིང་གི་ངེས་སྟོན་པ་དང་། སྤྱི་ཁྱབ་འགན་འཛིན། འགན་འཛིན་གཞོན་པ། རྩིས་དཔོན་བཅས་ཐུན་མོང་གིས་རྩིས་བསུབ་བཏང་བ་ལས་འགན་འཛིན་ལྷན་ཚོགས་ནས་བཀའ་འཁྲོལ་ཞུ་སྲོལ་རྩ་བ་ནས་མི་འདུག སྤྱིར་བཏང་རྩིས་ཁྲའི་ནང་ལོ་ལྟར་རྩིས་བསུབ་བསྟུད་མར་ཐོན་ཚེ་ཐོག་མ་ཉིད་ནས་རྩིས་ཀྱི་སྟངས་འཛིན་ནན་པོ་མེད་པ་མངོན། དེ་བཞིན་དེ་གའི་རྩིས་ཁྲའི་ནང་སྤྲོད་བསྡད་རྩིས་གཙང་བཟོ་སྐབས་རྩིས་བསུབ་བྲིས་འདུག་ཀྱང་བྱུང་ནང་རྩིས་འཁུར་ཞུས་འདུག སླད་མར་རྩིས་ཀྱི་འགྲོ་སྟངས་ལྟར་ཡོང་བསྡད་རྩིས་བསུབ་དང་སྤྲོད་བསྡད་ག་བསྒྱུར་བྱེད་དགོས་པར་སོང་། སྤྲོད་བསྡད་ལ་རྩིས་བསུབ་ཀྱི་ཚབ་ཏུ་ག་བསྒྱུར་བྲིས་དགོས་པ་དང་། ལྷག་པར་ཡོང་བསྡད་ཡོང་རེ་བྲལ་བ་རྩིས་བསུབ་དང་། སྤྲོད་བསྡད་སྤྲོད་ཁུངས་མེད་པ་ག་བསྒྱུར་ཇི་དགོས་དེ་གར་རྒྱུན་དུ་ཕྱག་ལས་གནང་མཁན་རང་ནས་རྩིས་བསུབ་དང་ག་བསྒྱུར་བཏང་ཚེ་རྩིས་ཀྱི་འགྲོ་སྟངས་དང་ཡོངས་སུ་འགལ་བར་སོང་། གནད་དོན་དེ་རིགས་འགན་འཛིན་ལྷན་ཚོགས་ལ་སྙན་གསེང་གིས་ལུགས་མཐུན་བཀའ་འཁྲོལ་ཞུས་ཏེ་རྩིས་གཙང་བཟོ་དགོས།
༧ ༽ ཞིབ་འཇུག་གི་ལོ་དུས་རྩིས་ལོ་གཉིས་ཀྱི་ནང་ནོར་གླིང་དུ་ཕྱི་རྒྱལ་དང་བླངས་པ་ཁག་ཅིག་ཡོད་པ་རྣམས་ལ་ལམ་གྲོན་དང་། གསོལ་ཕོགས་སོགས་གཞན་མཐུན་རྐྱེན་ཁག་ཅིག་སྦྱོར་སྤྲོད་གནང་འདུག་པ་ནི་དང་བླངས་པའི་མཚན་ཉིད་དང་མི་མཚུངས་པ་དེ་འདྲ་བྱུང་འདུག ལྷག་པར་ཕྱི་རྒྱལ་དང་བླངས་པ་དེ་དག་ལ་རྒྱ་གར་ནང་ལས་ཀ་བྱེད་ཆོག་པའི་ཆོག་མཆན་མེད་པ་མ་ཟད། གསོལ་ཕོགས་ནས་འབབ་གྲོན་ཡང་གཅོག་འཐེན་གནང་མི་འདུག དེ་བཞིན་དང་བླངས་པ་རེ་གཉིས་ཀྱི་གསོལ་ཕོགས་འབབ་གྲོན་ཡང་ལས་ཁུངས་རང་ཉིད་ནས་བཏང་བའང་བྱུང་འདུག དེར་བརྟེན་དང་བླངས་ཞབས་ཞུ་མིང་དོན་མཚུངས་པ་དགོས་རྒྱུའི་ཐོག རྒྱ་གར་ནང་ལས་ཀ་བྱེད་ཆོག་པའི་ལུགས་མཐུན་ཆོག་མཆན་མེད་པ་ཚོར་གསོལ་ཕོགས་གནང་ཐལ་མེད་པ་དང་། ལུགས་མཐུན་གསོལ་ཕོགས་སྤྲད་དགོས་རྒྱུར་ཡང་འབབ་ཁྲལ་གཅོག་འཐེན་ངེས་གནང་གིས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་དང་མཐུན་པ་ངེས་གནང་དགོས་རྒྱུ། ལྷ་རབ་བྱུང་ན་དང་བླངས་པ་ཉར་ཕྱོགས་དང་འབྲེལ་བའི་འགན་འཛིན་ལྷན་ཚོགས་ནས་རྩ་འཛིན་ལམ་སྟོན་ཞིག་གཏན་འབེབས་ངེས་གནང་དགོས་རྒྱུ།
༨ ༽ རྩིས་ཁྲའི་ནང་སྦིལ་འཛིན་ཚད་ལྡན་མེད་པ་དཔེར་ན་གནམ་བསྐྱོད་སོགས་ཕྱོགས་བསྐྱོད་ཀྱི་ཀྲི་སི་དང་། གནམ་གྲུའི་ཞབས་སྟེགས་ཕྱག་ཁྱེར་ (Boarding Pass) མེད་ནའང་། སྡེ་ཚན་རྩིས་པ་དང་། རྩིས་དཔོན། དབང་ལྡན་འགན་འཛིན་བཅས་ནས་རྩིས་འགྲོ་བཏང་བའི་སྐྱོན་གནད་རྩིས་ཞིབ་སྙན་ཐོའི་ནང་ཞིབ་བཀོད་འདུག ད་ཐེངས་ལན་གཅིག་སྐྱོན་གནད་དེ་རིགས་ཆ་ཚང་གོང་འཁོད་གཞིན་འགན་ལྷན་གྱི་བཀའ་འཁྲོལ་རྒྱབ་གཉེར་ལྟར་འགྲིག་པར་བཏང་ཡོད་ཀྱང་། མ་འོངས་པར་ཐོག་མ་ཉིད་ནས་རྩིས་པ་དང་དབང་ལྡན་འགན་འཛིན་བཅས་ནས་སོང་ཁྲར་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་རྩིས་འགྲོ་བཏང་དགོས་པ་ལས། དེ་མིན་རྒྱབ་རྟེན་སྦིལ་འཛིན་དང་དགོས་ངེས་ཡིག་ཆ་མེད་པར་རྩིས་འགྲོ་གཏོང་རྒྱུའི་རིགས་རྩ་བ་ཉིད་ནས་མི་ཡོང་བ་དམ་དོན་དགོས་རྒྱུ།
༩ ༽ ནོར་གླིང་ཁྱབ་ཁོངས་ཆོས་ནོར་མགྲོན་ཁང་དང་ནོར་གླིང་མགྲོན་ཁང་གཉིས་ཀྱི་ཡོང་འབབ་འཐེན་ཚེ། ནོར་གླིང་སྤྱིའི་གཏོང་ཡོང་གནས་སྟངས་ཁ་མ་འདུམ་པ་སོགས་གནས་སྟངས་ཛ་དྲག་ཡིན་པ་དེ་སྔ་རྩིས་ཞིབ་སྙན་ཐོ་རིམ་པའི་ནང་སྙན་བཀོད་གནང་འདུག དེ་བཞིན་ཕྱི་རྒྱལ་དུ་འགྲེམས་སྟོན་སྐབས་ཅ་དངོས་མང་པོ་ཚོང་བཅོལ་དུ་བཞག་དགོས་གྱུར་ཏེ་རྒྱུན་རིང་ཕྱིན་པའི་རྗེས་སུ་ཅ་དངོས་ཐོག་ནས་དངུལ་འབབ་ཡོང་བསྡད་ཁག་ཅིག་བདའ་འདེད་མ་ཐུབ་པར་རྩིས་བསུབ་བཏང་དགོས་བྱུང་བ་སོགས་ནོར་གླིང་ལ་གྱོང་གུན་ཕོགས་པའང་གང་འཚམས་འདུག དེར་བརྟེན་ནོར་གླིང་གི་མགྲོན་ཁང་གཉིས་ཕུད་པའི་ཚོང་ལས་སྡེ་ཚན་གཞན་ཁག་གི་གནས་སྟངས་ཡར་རྒྱས་བཏང་སྟེ་མ་འོངས་པར་རང་ཁ་རང་གསོ་ཐུབ་པ་གནང་གལ།
༡༠ ༽ ནོར་གླིང་གི་ཚོང་ལས་སྡེ་ཚན་ནང་ལོ་ལྟར་ལོ་མཇུག་སྐབས་ཟོག་ལྷག་སྒོར་འབུམ་ ༢༣༠ ཡས་མས་བྱེད་ཀྱི་ཡོད་པ་དེས་དེ་གའི་བསྒྱུར་དཀའི་ཁ་དབང་ (Total Current Assets) བསྡོམས་འབོར་གྱི་བརྒྱ་ཆ་ ༦༠ ཙམ་བྱེད་ཀྱི་འདུག་པ་ནི་དེ་གའི་ཁ་བསྐོར་མ་རྩ་ (Working Capital) ཤུགས་ཆེ་ཟོག་ལྷག་ནང་ཐིམ་འདུག་པ་མ་ཟད། ཟོག་ལྷག་ཀྱང་ལོ་མང་ཕྱིན་ཚེ་བེད་མེད་དུ་འགྱུར་ཉེན་ལ་བརྟེན། མ་འོངས་དེ་གའི་ཟོག་ལྷག་གནས་སྟངས་ལ་གཞིར་བཞག་སྟེ་ལོ་རེའི་དངོས་ཟོག་མཁོ་སྒྲུབ་གནང་ཕྱོགས་སོགས་ལ་འཛིན་སྐྱོང་ནས་སྟངས་འཛིན་ནན་པོ་དགོས་པ་བཅས་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྙན་ཐོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ནོར་བུ་གླིང་ག་དང་འབྲེལ་བའི་ཐོག་ནས་ཚོགས་ཆུང་གི་ཚོགས་གཙོ་དང་དྲུང་ཆེ་ནས་གསལ་བཤད་ཞིབ་ཅིང་ཕྲ་བ་གནང་སོང་ལ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ནས་མ་འོངས་པའི་བྱེད་ཕྱོགས་ཀྱི་ཐོག་ལམ་སྟོན་དོན་ཚན་ ༡༠ ཅན་ཞིག་གནང་བ་དེར། ནོར་གླིང་གི་ངེས་སྟོན་པའི་གཙོས་འབྲེལ་ཡོད་ལས་བྱེད་མཉམ་དུ་བཀའ་སྡུར་གནང་སྟེ། བྱེད་སྟངས་བྱེད་ལུགས་ག་འདྲ་གནང་དགོས་ཀྱི་ཡོད་མེད་མུ་མཐུད་ལག་བསྟར་འབད་བརྩོན་བྱེད་པའི་འགན་དེ་འགན་འཛིན་ལྷན་ཚོགས་ལ་ཡོད་པ་རེད། དེ་སྔ་ཡི་འགྲོ་སྟངས་འགྲོ་ལུགས་དེ་ཡང་དམིགས་བསལ་མ་འདྲ་བ་ཞིག་ཡོད་པ་དང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཡོད་པ་ཚོགས་གཙོ་ནས་གསུངས་སོང་བས་ཕལ་ཆེར་མ་མཁྱེན་མཁན་ཡོད་པ་མ་རེད་བསམ་གྱི་འདུག ཡིན་ནའང་། ཕྱིན་ཆད་ཕྱག་ལས་གནང་སྟངས་ཀྱི་ཐོག་ལ་ཏན་ཏན་ཚགས་ཚུད་དུ་གཏོང་ངེས་ཞིག་ཡོད་པ་ཡིན་ན་གཏང་དགོས་པའི་ཐོག་ནས་འགན་འཛིན་ལྷན་ཚོགས་ཀྱི་ངོས་ནས་འབད་བརྩོན་གནང་གི་ཡིན། དེ་སྔ་ནོར་བུ་གླིང་གས་ག་འདྲ་བྱས་ཡོད་མེད་དང་སྤྱི་ཚོགས་ལ་ག་ཚོད་ཐུགས་ཕན་གསོས་ཡོད་མེད། རྩིས་ཁྲའི་ཐོག་གནས་ཚུལ་བྱུང་བ་དེར་སྲིད་སྐྱོང་དང་བཀའ་ཤག་གིས་འགན་འཁུར་བའི་ཐོག་ནས་གྲོས་ཚོགས་ལ་མཐུན་འགྱུར་སྦྱར་དགོས་ཀྱི་ཡོད་པ་དང་། གལ་ཆེན་པོ་ཡིན་པའི་འགྲོ་སྟངས་འགྲོ་ལུགས་དེ་ཚོ་སྔོན་མར་སྙན་གསེང་ཞུས་ཡོད་ལ། ད་ལན་ཡིན་ནའང་ཞུ་ཡི་ཡིན། ཞེས་གསུངས་སོང་།
མཇུག་ཏུ་གསར་འགོད་པས་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་སུ་ཞིབ་འཇུག་གནང་བའི་བརྒྱུད་རིམ་ཁྲོད་སྐུ་ངལ་གང་བྱུང་དང་། ནོར་གླིང་གི་རྩིས་ཁྲའི་ཐད་ནས་སྐྱོན་གནད་ཆེ་ཤོས་གང་ནས་བྱུང་གི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ནོར་གླིང་གི་རྩིས་ཁྲའི་ཐད་ཞིབ་འཇུག་ཚོགས་ཆུང་བཙུགས་དགོས་གསུངས་པ་ལྟར་བཙུགས་པ་དང་། ཚོགས་ཆུང་ནང་ང་དང་འཇམ་དབྱངས་བཟོད་པ་ལགས། རྨོག་རུ་བསྟན་པ་ལགས་བཅས་ང་ཚོ་གསུམ་ཡོད་པ་རེད། ང་ཚོ་གསུམ་གྱི་ལས་ཀ་གཙོ་བོ་དེ་ལོ་གཉིས་ཀྱི་རྩིས་སྙན་མཇུག་སྐྱོང་དགོས་པ་ ༦༨ ལ་མཇུག་སྐྱོང་བྱས་ཏེ་མཐའ་མའི་ཐག་གཅོད་བྱ་རྒྱུ་དེ་རེད། སྤྱིར་བཏང་ནོར་བུ་གླིང་ག་དེ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་པ་གང་ཞིག་ལ་ཟུར་སྐྱོང་སྡེ་ཚན་ལྟ་བུ་ཞིག་ཡིན་པས། ཐག་གཅོད་ཤུགས་ཆེ་བ་དེ་འགན་འཛིན་ལྷན་ཚོགས་ཀྱིས་གནང་དགོས་ཀྱི་ཡོད་པ་རེད། སྐྱོན་གནད་ ༦༨ ཀྱི་ནང་ནས་ཁག་ཅིག་སྔོན་མ་ཡིག་ཆ་ཡག་པོ་ཕུལ་མ་ཐུབ་པ་དེར་ད་རེས་ཕུལ་ནས་གཙང་མ་ཆགས་པ་དང་། ཡང་ཁག་ཅིག་ནོར་གླིང་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་ལྟར་འགྲོ་དགོས་ཀྱི་ཡོད་སྟབས། ཐག་གཅོད་ཀྱི་ནང་རྩིས་ཞིབ་ཚང་མ་རྒྱ་གར་གྱིས་རྩིས་ཞིབ་ཟིན་པ་དང་གཙང་མ་ཡིན་པའི་རྒྱུ་མཚན་ལ་བརྟེན། ང་ཚོས་དེ་གཞིར་བཟུང་གིས་སྐྱོན་གནད་ ༦༨ ནས་ ༦༠ གཙང་མ་ཆགས་པ་དང་། ད་ལྟ་སྐྱོན་གནད་ ༨ ལྷག་བསྡད་ཡོད་པ་དེའང་ཁོ་རང་ཚོས་དཀའ་ལས་བརྒྱབ་པ་ཡིན་ན་གཙང་མ་ཆགས་མ་ཐུབ་གང་ཡང་ཡོད་པ་མ་རེད། ཅེས་དང་།
དཀའ་ངལ་ལ་ཆ་བཞག་ན། ཞིབ་འཇུག་བྱེད་དུས་ནོར་བུ་གླིང་གར་འགྲོ་དགོས་ཀྱི་ཡོད་ཀྱང་། ང་ཚོ་མར་འགྲོ་ཐུབ་ཡོད་པ་མ་རེད། མར་འགྲོ་ཐུབ་ཡོད་མེད་ལ་མ་ལྟོས་པར་ང་ཚོས་འདིར་དངོས་སུ་ལས་ཀ་བྱེད་སྐབས་ནོར་གླིང་སྤྱི་ཁྱབ་འགན་འཛིན་དང་རྩིས་དཔོན། བདེ་དོན་འགན་འཛིན་བཅས་ཐེངས་ཁ་ཤས་ལ་ཡར་ཡོང་བ་སོགས་ཀྱི་ཐོག་ནས་དཔེ་མི་སྲིད་པའི་ཡག་པོ་བྱུང་སོང་། གལ་ཆེ་བ་དེ་ཚར་བ་ནི་ཚར་བ་རེད། མ་འོངས་པ་དེ་གལ་ཆེ་བ་རེད། ནོར་གླིང་གི་རྩིས་ཀྱི་འགྲོ་སྟངས་དང་བྱུང་སོང་ལྷག་གསུམ་གྱི་འགྲོ་སོང་ཚང་མའི་བཀའ་འཁྲོལ་འགན་འཛིན་ལྷན་ཚོགས་ནས་ཞུ་ཡི་འདུག་སྟེ། ཞིབ་ཚགས་པོ་ཞེ་དྲགས་ཞུ་ཡི་མི་འདུག་པས་དེ་ཚོ་ཚང་མ་ཞུ་དགོས་པར་རྒྱབ་གཉེར་སྙན་ཐོ་དོན་ཚན་བཅུ་ཡོད་ལ། དེའི་ནང་ཁ་གསལ་ཡོད་པ་རེད། འགན་འཛིན་ལྷན་ཚོགས་ནས་མ་འོངས་པར་སྟངས་འཛིན་ཆེ་ཙམ་གནང་དགོས་པ་དེ་དཔེ་གལ་ཆེན་པོ་ཆགས་འདུག ཅེས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།