སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ངས་འཇོན་ན་མ་འཇོན་ན། ཨེ་འཇོན་མི་འཇོན་བལྟ་རྒྱུར་མི་མང་གིས་ང་ལ་གོ་སྐབས་ཤིག་སྤྲད་པ་ཡིན་ན་འགྲིག་གི་འདུག ཕར་ཕྱོགས་ལ་ལས་ཀ་བྱེད་དགོས་པའི་གོ་སྐབས་ཤིག་དགོས་ཀྱི་རེད་མ་གཏོགས། ང་ཚོ་འདི་ལྟར་བསྡད་ན་འགྲིག་གི་མི་འདུག ཅེས་བརྗོད་བྱུང་།
དྲི་བ། སྲིད་སྐྱོང་འོས་མིའི་གསར་འགོད་གསལ་བསྒྲགས་སྐབས་སྐུ་ཉིད་ཀྱིས་དབུས་གཙང་གི་རྟེན་འབྲེལ་མི་འཕྱུག་པའི་ཆེད་དུ་སྲིད་སྐྱོང་ལ་ལངས་པ་ཡིན་ཞེས་བརྗོད་ཡོད་སྟབས། སྲིད་སྐྱོང་འོས་མི་ཟེར་དུས་ངེས་པར་དུ་ཆོལ་ཁ་གསུམ་ནས་རེ་རེ་ལང་དགོས་པ་ཞིག་ཏུ་མཐོང་གི་འདུག་གམ།
ལན། དེ་འདྲ་གང་ཡང་མཐོང་གི་མི་འདུག ཡིན་ཡང་སྔོན་མ་ཆོལ་ཁ་སོ་སོ་ནས་སྲིད་སྐྱོང་འོས་མི་རེ་བཏོན་པ་འདྲ་ཞིག་མཐོང་སོང་། འོས་བླུག་རྒྱུ་དེ་མི་མང་གིས་འདོད་པ་བཞིན་ལྡུག་གི་ཡོད་སྟབས། དེར་ཆོལ་གསུམ་ཆིག་སྒྲིལ་གྱི་གྲུབ་འབྲས་འཐོན་ཐུབ་མཁན་ཞིག་དགོས་པ་རེད། ངས་དབུས་གཙང་ཆོལ་ཁ་ལབ་པ་དེ་འཐེན་འཁྱེར་གྱི་སྐད་ཆ་གང་ཡང་མ་རེད། དབུས་གཙང་མི་འབོར་ཆེན་པོ་ཡིན་སྟབས་དབུས་གཙང་གི་མི་ཞིག་དབུས་གཙང་གིས་བཏོན་པའམ། ཡང་ན་མདོ་སྟོད་དང་མདོ་སྨད། དེ་བཞིན་ཚོགས་པ་སུས་བཏོན་པ་ཡིན་ནའང་། མི་འབོར་གྱི་ཆ་ནས་དབུས་གཙང་གི་མི་ཞིག་འཐོན་དགོས་པ་ཞིག་མཐོང་གི་འདུག་ཀྱང་། དེ་འདྲ་ཐོན་མེད་སྟབས་ཚོར་སྣང་ཁྱད་མཚར་ཞིག་བྱུང་བ་རེད། དེ་རྩེད་མོ་དང་མཉམ་དུ་ལབ་པ་ཡིན། ང་ལངས་པ་དེ་ཆོལ་གསུམ་ཆིག་སྒྲིལ་གྱི་དོན་དག་བསྒྲུབ་པའི་གོ་སྐབས་ཤིག་གི་ཐོག་ནས་ལངས་པ་ཡིན་ལ། སྲིད་སྐྱོང་གི་འོས་མི་སུ་ཡིན་ནའང་ལས་འགན་བསྒྲུབ་ཐུབ་མཁན་ཞིག་ལ་གཞི་བཞག་པ་རེད་མ་གཏོགས་ཆོལ་ཁའི་འཐེན་འཁྱེར་གང་ཡང་མ་རེད།
དྲི་བ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུས་གཙང་ཆོལ་ཁ་དང་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཀྱིས་སྲིད་སྐྱོང་འོས་མིར་མཚན་འདོན་གནང་བ་དེར་སྐུ་ཉིད་ལ་དགོངས་ཚུལ་ག་རེ་ཡོད།
ལན། དབུས་གཙང་ཚོགས་པ་ཆེན་པོ་ཞེ་དྲགས་ཡིན་སྟབས། ཆོལ་ཁ་གསུམ་གྱི་འོས་མི་བཏོན་པ་ཡིན་ནའང་དེ་མ་འགྲིག་པ་གང་ཡང་ཡོད་མ་རེད། ཡིན་ཡང་སྐབས་དང་དུས་ལ་བསྟུན་ནས་ཚོགས་གཙོ་འོས་མིར་བཏོན་པ་ཡིན་ན་འགྲིག་གི་འདུག ཁྱད་པར་གང་ཡང་ཡོད་མ་རེད། སྤྱིར་བཏང་ང་ཚོ་བོད་མི་སྤྱི་ཡོངས་ཀྱི་ཕྱག་ལས་གནང་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པ་རེད། འོས་མི་འདོན་མཁན་ཁོ་རང་ཚོའི་ཚོར་སྣང་ལ་གྲུབ་འབྲས་འཐོན་ཐུབ་པའི་རེ་བའི་ཐོག་ནས་བཏོན་པ་ཡིན་ན་འགྲིག་གི་འདུག དེ་བརྒྱ་ཆའི་བརྒྱ་ཡག་པོ་རེད། དེ་ལ་སྐྱོན་བརྗོད་གང་ཡང་མེད།
དྲི་བ། སྐུ་ཉིད་ལ་སྲིད་སྐྱོང་འོས་མི་གཞན་ལས་ལྷག་པའི་འཇོན་ཐང་དང་དམིགས་བསལ་ནུས་པ་འདོན་རྒྱུ་ག་རེ་ཡོད།
ལན། དང་པོ་ང་ལ་འཇོན་ཐང་ཡོད་པའི་ཚོར་སྣང་གང་ཡང་མེད། ཡིན་ཡང་བོད་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་བྱེད་དགོས་པའི་གནས་ཚུལ་མང་པོ་ཞིག་མཐོང་གི་འདུག དེའི་སྒང་ལ་གཞིས་ཆགས་སྲ་བརྟན་གནས་དགོས་པ་དང་། ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་གཏོང་དགོས་པ། སྔོན་མ་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཡིན་པའི་སྐབས་དང་སྲིད་སྐྱོང་བློ་བཟང་སེང་གེ་སྲིད་སྐྱོང་ལ་འཁོད་པའི་སྔ་རྗེས། དེ་བཞིན་རྒྱ་རི་སྒྲོལ་མར་ངས་རྒྱབ་སྐྱོར་ཤུགས་ཆེན་པོ་ཞུས་དགོས་པའི་རྒྱུ་མཚན་དེ། ང་ཚོའི་གཞིས་ཆགས་སྲ་བརྟན་གནས་ཐུབ་པའི་གོ་སྐབས་ལེགས་པོ་ཞིག་དགོས་ཀྱི་འདུག གཞིས་ཆགས་སྲ་བརྟན་མ་གནས་པ་ཡིན་ན། ང་ཚོ་བོད་པའི་རྩ་དོན་དེ་བརྒྱ་ཆའི་བརྒྱ་ལབ་ཐུབ་ཀྱི་མེད་ཀྱང་དེ་ཅ་ཟིང་པོ་ཞིག་ཆགས་འགྲོ་ས་རེད་དྲན་ནས། ངས་དོགས་པ་ཞིག་དང་ཉེན་ཁ་ཞིག་གི་སྒང་ལ་འབད་བརྩོན་ཤུགས་ཆེན་པོ་བྱ་རྒྱུ་ཡིན། སྲ་བརྟན་གལ་ཆེན་པོ་ཡིན་པ་ཚང་མས་བཤད་ཀྱི་ཡོད་ཀྱང་། དེ་ག་འདྲ་དང་ག་རེ་བྱས་ནས་སྲ་བརྟན་གནས་དགོས་མིན་དང་། སྲ་བརྟན་གནས་ཐུབ་པར་ག་རེ་བྱེད་དགོས་ཀྱི་འདུག་ཟེར་བ་དེ་སུས་ཀྱང་བཤད་མེད་སྟབས། ངས་འཇོན་ན་མ་འཇོན་ན། ཨེ་འཇོན་མི་འཇོན་བལྟ་རྒྱུར་མི་མང་གིས་ངོས་ལེན་བྱས་ནས་ང་ལ་གོ་སྐབས་ཤིག་སྤྲད་པ་ཡིན་ན་འགྲིག་གི་འདུག ཕར་ཕྱོགས་ལ་ལས་ཀ་བྱེད་དགོས་པའི་གོ་སྐབས་ཤིག་དགོས་ཀྱི་རེད་མ་གཏོགས། ང་ཚོ་འདི་ལྟར་བསྡད་ན་འགྲིག་གི་མི་འདུག ངས་བོད་པ་ཞིག་གི་འགན་ཁུར་ནས་འདི་ལྟར་ལབ་པ་ཡིན།
དམིགས་བསལ་གྱི་ནུས་པ་འདོན་རྒྱུ་འདུག་དཱ། ད་ལྟའི་བར་དུ་ནུས་པ་གང་ཡང་བཏོན་མེད་པ་གསལ་པོ་རེད། ནུས་པ་མ་བཏོན་པར་བརྟེན་ང་ཚོ་ད་ལྟའི་གནས་སྟངས་འདིར་ལྷག་པ་རེད། དངོས་གནས་ནུས་པ་འདོན་ཐུབ་ས་རེད་ལ། ཐུབ་དགོས་ཀྱི་འདུག་དཱ། ག་འདྲ་བྱས་ནས་འདོན་གྱི་ཡིན་ཟེར་ན། མི་མང་གི་བསམ་བློའི་ནང་ག་རེ་འདུག་ཅེ་ན། སྲིད་སྐྱོང་དང་བཀའ་བློན་ཁྲི་པ་ཡིན་ན་ཡིན་གཅིག་མིན་གཉིས་སློབ་དཔོན་ཆེན་མོ་དང་འབུམ་རམས་པ་ཡིན་དགོས་པ་ཞིག་ལ་དོ་སྣང་བྱེད་ཀྱི་འདུག ངས་དེ་མ་རེད་ཟེར་གྱི་ཡོད། ཁ་སང་དེ་རིང་ལས་ཁུངས་ནང་གི་ལས་བྱེད་ལ་མཐོ་སློབ་ཀྱི་ལག་འཁྱེར་དགོས་ཀྱི་ཡོད་ཀྱང་། ཆབ་སྲིད་ཀྱི་མི་སྣ་ཞིག་ལ་སྤྱིར་བཏང་གི་སློབ་སྦྱོང་དགོས་རྒྱུ་གལ་ཆེན་པོ་རེད། ཡིན་ཡང་སྤྱིར་འཛམ་གླིང་སྒང་ལ་ཆབ་སྲིད་པར་སློབ་སྦྱོང་འདི་དགོས་ཟེར་ནས་ཏག་ཏག་ཅིག་ཁྱོན་ནས་མེད་སྟབས། དེ་ལ་ཆབ་སྲིད་ཀྱི་ལྟ་བ་དང་སློབ་སྤྱོང་། དེ་བཞིན་མཐོང་སྣང་ཡང་ལབ་ཀྱི་རེད། དེ་སོ་སོའི་བསམ་བློ་གཏོང་སྟངས་ཤིག་ལོགས་སུ་ཡོད་པ་རེད། དེ་ལ་དབང་སྒྱུར་བྱེད་པའི་ནུས་པ་ཆ་ཚང་ཞིག་ཡོད་པ་རེད། དེ་ཞེ་དྲགས་འབྲི་སྡོད་པ་དང་ཀློག་སྡོད་པའི་གནས་ཚུལ་ཤིག་ཆགས་ཀྱི་ཡོད་པ་མ་རེད། གནས་སྟངས་ལ་བལྟས་ནས་ང་ཚོས་གོམ་པ་རྒྱག་པའི་ནུས་པ་ཞིག་དགོས་པ་རེད། དེ་མི་ཚང་མར་ཡོད་པ་མ་ཟད་ང་ལའང་ཡོད་པ་རེད།
དྲི་བ། སྐུ་ཉིད་ཀྱིས་བཀའ་ཤག་སྐབས་ ༡༤ པའི་འཛིན་སྐྱོང་ཐད་འཐུས་ཤོར་དང་ནོར་འཁྲུལ་ག་རེ་བྱུང་ཡོད་པར་ངོས་འཛིན་ཞུ་ཡི་ཡོད།
ལན། འཛིན་སྐྱོང་སྔོན་མ་ནས་འགྲིག་བསྡད་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་སྲིད་བྱུས་ཞེས་པ་དེ་རྒྱ་རི་སྒྲོལ་མ་སོགས་ཀྱིས་གཞིས་ཆགས་ཁག་ལ་འཁྱེར་ཡོང་ཡོད་པ་དེ་ཡག་པོ་འདུག ཡིན་ན་ཡང་། ཕྱི་ལོ་༢༠༡༤ ལོའི་སྲིད་བྱུས་དེ་བཤད་བསྡད་པ་རེད་མ་གཏོགས་དངོས་སུ་ལག་ལེན་བསྟར་བའི་འགན་ཁུར་ཡོད་པ་མ་རེད། རྒྱ་གར་གཞུང་གིས་ང་ཚོར་ཚོང་ལས་གཉེར་བའི་ཐོབ་ཐང་སྤྲད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལའང་འགན་ཁུར་མེད་པ་མི་ཚང་མས་མཐོང་བསྡད་ཡོད་པ་རེད། ད་ལྟའི་འཛིན་སྐྱོང་འདི་མཉམ་ལས་ཡིན་པས་ཡག་པོ་རེད་ཟེར་རྒྱུ་མ་གཏོགས་སྲིད་སྐྱོང་བློ་བཟང་སེང་གེས་གྲུབ་འབྲས་ཁྱོན་ནས་ཐོན་ཡོད་པ་མ་རེད། དེ་ངས་ག་རེ་ལ་གཞི་བཞག་ནས་བཤད་ཀྱི་ཡོད་ཟེར་ན། ཁོ་རང་དང་པོ་སྲིད་སྐྱོང་མ་ཐོབ་སྔོན་ལ་ཆིག་སྒྲིལ་དང་འཆར་གཞི། སྒྲིག་ཁྲིམས། (unity, planning, discipline) གསུང་བསྡད་པ་དེ་རྗེས་སུ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་ཞེས་པར་བསྒྱུར་བཅོས་བཏང་བ་རེད། སྤྱིར་བཏང་ཁྱེད་རང་ཚོ་གསར་འགྱུར་བརྒྱུད་ལམ་ཁག་ཡག་པོ་མ་རེད་ངས་ལབ་ཐུབ་ཀྱི་མེད། ཡིན་ཡང་དངོས་གནས་བྱས་ན་ང་ཚོའི་བརྒྱུད་ལམ་ཁག་སྐྱོ་དྲགས་པ་རེད་མ་གཏོགས་ཆིག་སྒྲིལ་དང་འཆར་གཞི། སྒྲིག་ཁྲིམས་ཟེར་བ་དེ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་ཞེས་པར་བསྒྱུར་བཅོས་བཏང་བའི་ཉིན་མོ་དེ་ཧ་ལས་པའི་གལ་ཆེན་པོ་རེད་ལ་དོན་དག་ཆེན་པོ་ཞེ་དྲགས་རེད། ཡིན་ཡང་ང་ཚོའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་དེ་འཇུས་ཡོད་པ་མ་རེད། དེ་མ་འཇུས་པ་ཡིན་ནམ་ཡང་ན་འཇུ་མ་ཐུབ་པ་གང་ཡིན་ངས་མི་ཤེས། ཁོ་རང་གིས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་ཁྱད་ལས་པ་མང་པོ་སྐྱེད་སྲིང་བྱ་རྒྱུ་དང་། ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་ཞེས་གསུང་གི་ཡོད་པ་རེད། རང་ཁ་རང་གསོ་ཟེར་བ་དེ་ཚིག་དང་དོན་གཉིས་མཐུན་གྱི་ཡོད་པ་མ་རེད། ཉན་མཁན་གྱིས་རང་ཁ་རང་གསོ་ཟེར་ནས་འོས་བླུགས་ཏེ། ཁོ་རང་ལ་འོས་ཐོབ་ཡོད་ཀྱང་། རྒྱལ་ཁབ་ཆུང་ཆུང་དག་གིས་རང་ཁ་རང་གསོ་ཐུབ་ཀྱི་མེད་པ་གསལ་བོ་རེད། ང་ཚོ་སྐྱབས་བཅོལ་བའི་གཞུང་ཞིག་རེད། རང་ཁ་རང་གསོ་བྱས་ན་ཡག་པོ་ཞེ་དྲགས་རེད། ཡིན་ན་ཡང་ཕྱོགས་མང་པོ་ཞིག་ནས་ལྟ་དགོས་ཀྱི་འདུག ཤེས་ཡོན་དེ་རང་ཁ་རང་གསོ་བྱས་ན་ཡག་པོ་ཞེ་དྲགས་རེད། དེ་ལ་ང་ཚོས་ “རྒྱ་མཚོའི་ཆུ་ཐིགས་” ཟེར་བའི་ལས་འགུལ་ཡག་པོ་ཞེ་དྲགས་ཤིག་བརྩམས་ཀྱང་། ཁོང་གིས་དེར་ཁས་ལེན་བྱས་མ་སོང་། ཁོ་རང་གིས་ཕྱི་རྒྱལ་ནས་དངུལ་སྒོར་འཁྱེར་ཡོང་ཡོད་མདོག་མདོག་བྱས་ནས་ངས་འཁྱེར་ཡོང་ཡོད་དཱ་ཟེར་གྱི་ཡོད་པ་རེད། ང་ཚོས་ཀྱང་ཁོས་འཇོན་འདུག་དཱ་ཟེར་གྱི་ཡོད་པ་རེད། དེ་རང་ཁ་རང་གསོའི་ཚིག་དང་དོན་གཉིས་ལོགས་ཀ་རེད་བཱ། སྤྱིར་བཏང་བཤད་མཁན་གྱིས་བཤད་ཕོད་པ་ཞིག་མ་རེད་བཱ། ང་ཚོ་ཉན་མཁན་གྱིས་དངུལ་སྒོར་འཁྱེར་ཡོང་འདུག་ཟེར་རྒྱུ་གལ་ཆེན་པོ་མ་རེད། ཡིན་ཡང་ང་ཚོ་བོད་པའི་བསམ་བློ་དེ་ཁྱད་མཚར་ཞིག་འདུག སྤྱིར་བཏང་བོད་པ་ཟེར་བ་དེ་དངུལ་ལ་དགའ་བོ་ཡོད་པ་རེད་ཟེར་གྱི་འདུག
དྲི་བ། ཁྱེད་རང་གིས་བོད་རྒྱ་འབྲེལ་མོལ་གྱི་ལྡེ་མིག་ང་ཚོའི་ལག་ན་ཡོད་སྐོར་བརྗོད་ཡོད་སྟབས། གལ་སྲིད་སྐུ་ཉིད་ལ་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་པ་ཡིན་ན། འབྲེལ་མོལ་བསྐྱར་མཐུད་ཡོང་བར་ཐབས་ཤེས་གསར་པ་ག་རེ་ཡོད།
ལན། ང་ཚོ་བོད་པར་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་ཤེས་ཡོན་དང་དཔལ་འབྱོར། བསམ་བློ་ཡར་རྒྱས་ཞེ་དྲགས་ཕྱིན་ཡོད་ཀྱང་། ཐབ་ཚང་ཞིག་གི་ནང་ཅ་དངོས་ཆ་ཚང་ཡོད་པས་འགྲིག་གི་མ་རེད། ད་བཟོ་མཁན་ཞིག་དགོས་བསྡད་ཡོད་པ་རེད། དེར་རྒྱ་མི་ཚོས་ལྟ་ཤེས་ན་ཡག་པོ་རེད་ཟེར་གྱི་ཡོད། ང་ཚོས་འགན་ཡག་པོ་འཁུར་ཐུབ་པ་བྱུང་ན་རྒྱ་ནག་གིས་ལྡེ་མིག་དེ་ང་ཚོར་ཡང་བསྐྱར་སྤྲོད་དགོས་ཀྱི་རེད། སྤྲད་པ་ཡིན་ན་ཁོ་རང་ཚོར་ཁེ་བཟང་ཆེན་པོ་རག་གི་རེད། དབུ་མའི་ལམ་གྱི་ཐོག་ལ་ཁོ་རང་ཚོས་སྤྲད་པ་དང་ང་ཚོས་ལེན་ཐུབ་པ་བྱུང་ན། ཁོ་རང་ཚོར་ཁེ་བཟང་ཆེན་པོ་རག་ཡོད་པ་མ་ཟད། འཛམ་བུ་གླིང་གི་ཆེ་མཐོང་ཡང་ཐོབ་ཀྱི་རེད། དེ་ནས་ཁོ་རང་ཚོའི་རྒྱལ་ཁབ་ཞི་བདེ་ཞེ་དྲགས་ཆགས་ཡོང་གི་རེད། ཡིན་ན་ཡང་ཁོ་ཚོས་ཧ་མ་གོ་བ་རེད་ལ་ང་ཚོས་ལེན་མ་ཤེས་པ་རེད། གཉི་གར་ནོར་འཁྲུལ་ཤོར་བ་རེད། བོད་རྒྱ་གྲོས་མོལ་དེ་ཁོ་ཚོས་ང་ཚོར་སྐད་ཆ་བཤད་རྒྱུ་མ་གཏོགས་ང་ཚོས་ཁོ་ཚོར་སྐད་ཆ་ཤོད་ལབ་ཀྱི་ཡོད་པ་མ་རེད། དེ་ཁོ་རང་ཚོར་ཁེ་ཕན་ཡོད་པ་རེད་མ་གཏོགས་ང་ཚོར་ཁེ་ཕན་ཡོད་པ་མ་རེད། ང་ཚོས་འགན་འཁུར་ནས་སྒོར་མོ་གཅིག་གི་ཚབ་ཏུ་སྒོར་ཟུར་བརྒྱད་འཁྱེར་ཤོག་ཟེར་གྱི་ཡོད་པ་རེད། དེ་ཁོ་ཚོར་ཁེ་ཕན་ཡོད་པ་ལས་ང་ཚོར་ཁེ་ཕན་ཡོད་མ་རེད། དེ་གསལ་བོ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་ཞལ་བཞུགས་སྐབས་བོད་རྒྱ་འབྲེལ་མོལ་ཡོང་བ་ཡིན་ན་འཛམ་གླིང་གི་བོད་པ་ཚང་མས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་བརྩི་ཡི་རེད། ཞི་བདེ་ལྷིང་འཇགས་ཀྱིས་ཐོག་ནས་དོན་དག་འགྲུབ་ཀྱི་རེད། དེ་བཞིན་འཛམ་གླིང་གིས་ཆེ་མཐོང་རག་གི་རེད། དེ་མེད་པའི་ཉིན་མོ་ནས་བོད་པའི་རྩ་དོན་ནི་ལོ་སྟོང་ཕྲག་མང་པོ་ཕྱིན་ཡང་རང་འགུལ་གྱིས་འདོར་གྱི་མ་རེད། གལ་སྲིད་འདོར་གྱི་རེད་བསམ་ཡོད་ན་དེ་ཁོ་རང་ཚོ་ནོར་བ་རེད། ད་ལྟའི་རྒྱ་ནག་གི་དཔོན་རིགས་ཚོས་དབུ་མའི་ལམ་ལ་ཁས་ལེན་མེད་ཟེར་བ་དེ་རྒྱ་ནག་ཁོ་རང་ཚོའི་རེ་བ་ཞིག་རེད། ༧སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་ལོ་བགྲེས་པོ་རེད། བོད་པ་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཁ་འཐོར་དུ་འགྲོ་བཞིན་འདུག བཙན་བྱོལ་བོད་མིའི་སྒྲིག་འཛུགས་རང་བཞིན་གྱི་སྒོ་རྒྱག་དགོས་ཀྱི་རེད་བསམ་པ་དེ་རྒྱ་ནག་ཁོ་རང་ཚོ་ལྐུག་པ་རེད་དཱ། ཁོའི་རེ་བ་དེ་སྟོང་ཟད་དུ་འགྲོ་ཡི་རེད་དཱ། ང་ཚོ་ཡར་རྒྱས་ཞེ་དྲགས་ཕྱིན་ཚར་བ་རེད། ཁ་ལག་འདྲ་བོ་ཡིན་ན་ཐབ་ཚང་ནང་ཅ་དངོས་ཆ་ཚང་གྲ་སྒྲིག་བྱས་ཚར་བ་རེད། ཁ་ལག་བྲོ་བ་ཆེན་པོ་བཟོ་མཁན་ཞིག་དགོས་ཀྱི་ཡོད་པ་རེད། དེ་ངས་བཟོ་ཡི་ཡིན་ལབ་ཀྱི་ཡོད།
དྲི་བ། གལ་སྲིད་སྐུ་ཉིད་སྲིད་སྐྱོང་འཐོབ་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་ལས་དོན་སྔར་ལས་ཡར་རྒྱས་དང་ཚགས་ཚུད་གཏོང་བར་འཆར་གཞི་ག་རེ་ཡོད།
ལན། ཚགས་ཚུད་པོ་ཡོང་བར་ལྷན་ཁང་ཁག་ལ་བཀའ་བློན་དགོས་པ་རེད། བཀའ་བློན་ནང་བཞིན་གྱི་དྲུང་ཆེ་དང་། དེའི་འོག་ལ་ལས་ཀ་བྱེད་མཁན་ཚང་མ་དགོས་པ་རེད། དེ་ཚགས་ཚུད་པོ་ཡོང་སྟངས་ནི་ང་ཚོས་ཁོ་ཚོར་ལབ་ཤེས་མ་ཤེས་དང་མཐུན་རྐྱེན་བསྐྲུན་ཐུབ་མི་ཐུབ། མི་འདེམས་ཤེས་མི་ཤེས་ལ་རག་ལས་ཡོད་པ་རེད། ད་ལྟ་ངས་བཀའ་བློན་མི་བདུན་དེ་བདམས་ཚར་ཡིན། ཁྱེད་རང་གིས་དྲ་རྒྱ་མང་པོའི་ནང་ནས་མཐོང་གི་རེད། ངས་ནང་གི་ལས་ཀ་ཙམ་མ་གཏོགས་བསྒྲུབ་དགོས་ཀྱི་མེད། གང་ཡིན་ཞེ་ན། ངས་ཕྱི་ལོགས་ཀྱི་ལྷན་ཁང་སོ་སོར་འགན་ཆ་ཚང་སྤྲད་ཡོད། ད་ནི་ནང་ལ་ཚང་མ་ཚང་དང་། འགྲིག་མ་འགྲིག་པའི་ཐོག་ནས་ཡག་པོ་ཆགས་ཐུབ་དགོས་ཡོད་པ་རེད། དེ་བཞིན་ངས་སྔོན་མ་ལབ་པ་ལྟར། ངས་རྒྱལ་རབས་ལོ་རྒྱུས་བཤད་ཀྱི་མེད། ངས་རྒྱལ་རབས་ལོ་རྒྱུས་བཟོ་ཡི་ཡོད། གང་ལྟར་ངས་རྒྱལ་རབས་ལོ་རྒྱུས་འདི་ལྟར་བཟོ་ཡི་ཡིན།
དྲི་བ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་སྐྱོང་བརྩོན་ལེན་གནང་བཞིན་ཡོད་པའི་སྐབས་འདིར། སྐུ་ཉིད་ལ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་སྟངས་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཐད་རྒྱུས་མངའ་ཅི་ཙམ་ཡོད།
ལན། རྒྱ་ནག་གི་ཆབ་སྲིད་ཐད་ང་རང་ཚོས་བྱུས་གཏོགས་བྱེད་དགོས་མ་རེད། ང་ཚོས་སྒྲུབ་དགོས་པ་དེ་ང་རང་ཚོས་གལ་ཆེན་པོའི་སྒོ་ནས་སྒྲུབ་དགོས་པ་རེད། ཆབ་སྲིད་ཟེར་བ་དེ་རང་བཞིན་གྱིས་འགྱུར་བ་འགྲོ་བསྡད་ཡོད་པ་རེད། ཆབ་སྲིད་ཟེར་བ་དེ་བྲག་རི་ནང་བཞིན་འགུལ་རྒྱུ་མེད་པ་མ་རེད། བྲག་རི་ཡིན་ན་འགུལ་རྒྱུ་ཡོད་པ་མ་རེད། ང་རང་ཚོའི་གནས་སྟངས་ཐོག་ཁོ་རང་ཚོས་འགྱུར་བ་གཏོང་དགོས་པ་རེད་མ་གཏོགས། འདི་རེད་དང་དེ་མ་རེད་ཟེར་ནས་ལབ་རྒྱུ་གང་ཡང་ཡོད་མ་རེད། ང་ཚོས་སྒྲུབ་དགོས་པ་དེ་སྒྲུབ་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད།
རྒྱ་ནག་གི་ཆབ་སྲིད་པ་རེ་འགས་རང་སྣང་གང་དྲན་བྱེད་ཆོག་གི་རེད། དབུ་མའི་ལམ་ལ་སྐད་ཆ་བཤད་ཀྱི་ཡིན་ཟེར་དུས། ཁོ་ཚོ་ཁ་ཤས་ཀྱིས་འགྲིག་གི་འདུག་ཟེར་ནས་ཉིན་ལྔ་དྲུག་ནང་ཐག་བཅད་ནས་ང་ཚོར་གོ་སྐབས་གནང་གི་རེད། རྒྱ་གར་ལྟ་བུ་ཡིན་ན་དམངས་གཙོའི་རྒྱལ་ཁབ་དང་ཚོགས་པ་མང་པོ་ཡོད་སྟབས་གཅིག་གིས་གཅིག་ལ་ཁས་མི་ལེན་པའི་དཀའ་རྙོག་མང་པོ་འབྱུང་གི་རེད། རྒྱ་ནག་ལ་དེ་འདྲའི་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཁོ་ཚོས་དབུ་མའི་ལམ་ཁས་ལེན་གྱི་མིན་ཟེར་བ་དེ་སྐར་མ་ལྔ་དྲུག་རིང་བསམ་བློ་བཏང་ནས་སྐད་ཆ་བཤད་པ་ཞིག་རེད། གྲོས་ཚོགས་ནང་ནས་གྲོས་ཆོད་བཞག་སྟེ་ཐག་བཅད་པ་ཞིག་མ་རེད། དེ་ལ་བསམ་བློ་ཞེ་དྲགས་གཏོང་དགོས་ཡོད་པ་མ་རེད། དེ་རྒྱ་ནག་གི་མི་ཁ་ཤས་ཀྱི་ལག་ཏུ་ཡོད་པ་རེད།
དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་གཙོས་ཚོགས་པ་ཁག་གི་ནང་ལས་བྱེད་རྒྱུན་གནས་མ་ཐུབ་པའི་དཀའ་ངལ་ཞིག་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དཔེར་ན་བོད་མིའི་སྒྲིག་འཛུགས་ལ་ཆ་བཞག་ན། ལོ་གཅིག་ནང་ལས་ཞུགས་བྱེད་མཁན་ ༡༠༠ ཡོད་ན་དགོངས་པ་ཞུ་མཁན་བརྒྱ་ཆའི་ ༤༧ ཙམ་ཟིན་གྱི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ག་རེ་རེད། མ་འོངས་པར་དཀའ་ངལ་འདིའི་རིགས་སེལ་ཐབས་ལ་ག་རེ་གནང་དགོས་ཀྱི་འདུག
ལན། ང་ཚོ་སྲ་བརྟན་གནས་རྒྱུ་གལ་ཆེན་པོ་རེད། རྒྱ་གར་ནང་ང་ཚོ་སྲ་བརྟན་གནས་ཐུབ་ཡོད་ན་མི་དེ་ཚོ་རྒྱ་གར་ནས་ཐོན་ཏེ་འགྲོ་ཡི་མ་རེད། ལས་བྱེད་དགོངས་པ་ཞུས་ནས་འགྲོ་མཁན་མང་ཆེ་བ་ཕྱི་རྒྱལ་ལ་འགྲོ་བའི་གོ་སྐབས་ལ་བརྟེན་ནས་འགྲོ་བ་རེད་མ་གཏོགས་། ལས་བྱེད་ནས་ཐོན་ཏེ་རྒྱ་གར་ནང་ཚོང་རྒྱག་པ་དང་ཞིང་ལས་གཉེར་ནས་སྡོད་མཁན་གཅིག་ཀྱང་མི་འདུག་ཟེར་ན་འགྲིག་གི་རེད། ཚང་མ་ཕྱི་རྒྱལ་ལ་འགྲོ་བའི་གོ་སྐབས་ཤིག་གི་ཐོག་འགྲོ་བཞིན་ཡོད་སྟབས། གལ་ཏེ་ང་ཚོ་རྒྱ་གར་ནང་གནས་ཐུབ་པར་འབད་བརྩོན་ཤུགས་ཆེན་བྱས་ཡོད་ན་དཀའ་ངལ་དེ་རིགས་འཕྲད་ཀྱི་མ་རེད།
དྲིབ། ད་ལྟ་ཇོ་ནང་ཆོས་བརྒྱུད་ཀྱི་དཀའ་རྙོག་བྱུང་བའི་སྐབས་འདིར་མང་ཚོགས་ཀྱིས་སྤྱི་འཐུས་ར་བའི་ནང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་ཀྱི་མི་འདུག་གསུང་མཁན་མང་པོ་ཡོད་སྟབས། སྐུ་ཉིད་ལ་དེའི་སྟེང་དགོངས་ཚུལ་ག་རེ་ཡོད།
ལན། སྤྱིར་བཏང་སྤྱི་འཐུས་དགོས་མིན་དེ་ངས་ཐག་གཅོད་ཐུབ་ཀྱི་མ་རེད། ཇོ་ནང་གི་རྩོད་གཞི་དེ་ཁོ་ཚོར་རག་ལས་ཡོད་པ་ཤིག་དང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་འགྲིག་གི་འདུག ཁྱེད་རང་ཚོས་བརྩད་དགོས་པ་རེད་ཅེས་གསུངས་འདུག དེ་གཞིར་བཞག་ནས་གྲོས་ཚོགས་ཀྱིས་འགན་འཁུར་བའི་ཐོག་ནས་ཐག་གཅོད་བྱེད་དགོས་པ་རེད། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་འགྲིག་གི་འདུག་གསུངས་ཡོད་པ་དེ། གྲོས་ཚོགས་ཀྱིས་ཐག་བཅད་མེད་དུས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དད་པ་མི་འདུག་ཟེར་ན་འགྲིག་གི་མ་རེད་བཱ། ཕྱོགས་གཅིག་ནས་བལྟས་ན་བཀའ་མ་རྩིས་པ་ཞིག་དང་ཁྱད་མཚར་ཞིག་འདུག་གཱ། དེར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་དཱ། ང་ཚོས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གསུངས་པ་དེར་སྐྱབས་སུ་མཆི་ཞེས་ལབ་ཀྱི་འདུག་གཱ། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་གསུང་བཤད་གལ་ཆེན་པོ་མང་པོ་ཡོད་པ་རེད། དེར་ང་ཚོས་འགན་འཁུར་བའི་ཐོག་ནས་བསམ་བློ་གཏོང་དགོས་པ་རེད། ཁོང་གིས་ཆབ་སྲིད་ཀྱི་འགན་འཁུར་མེད་ཀྱང་བོད་པ་ཞིག་ཡིན་པའི་ཆ་ནས་འགན་ཁུར་ནས་གསུང་གི་ཡོད་པ་རེད། དེ་ཚོ་བསླབ་བྱར་བརྩིས་ནས་བདག་པོ་བརྒྱག་དགོས་ཀྱང་རྒྱག་གི་མི་འདུག་གཱ། དེའི་སྐོར་ལ་ཁྱེད་རང་གིས་ང་ལ་གོ་སྐབས་ཤིག་སྤྲོད་དང་ངས་ཕྱིས་སུ་ཞུ་ཡི་ཡིན།
ད་ལྟ་ཁྱེད་རང་ལ་ག་རེ་ཞུ་འདོད་ཡོད་ནའང་བརྗོད་ན་འགྲིག་གི་རེད།
གཅིག་དེ་ཇོ་ནང་འབྲེལ་བའི་ཐོག་རེད། ཁ་སང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཤར་ཨེ་ཤ་ཡའི་ཆོས་ཚོགས་ལ་གསུང་ཆོས་གནང་སྐབས། ཁོང་གིས་གསལ་བོ་བྱས་ནས་གསུང་འདུག སྤྱིར་བཏང་འཛམ་གླིང་གི་ཁྲིམས་དེ་མིའི་རིགས་ཀྱི་ཕྱིའི་སྤྱོད་པར་བལྟས་ནས་བཟོས་འདུག ཡིད་དང་ངག་དེ་འདྲར་བལྟས་ནས་བཟོས་ན་ཡག་པོ་ཞེ་དྲགས་ཡོང་ས་རེད་བཱ། གནས་སྐབས་ང་རང་ཟེར་ནས་ཡོང་གི་ཡོད་ཀྱང་རྗེས་སུ་མི་དེ་ཡག་པོ་ཡོང་གི་རེད་བསམ་ནས་ཁོང་གིས་དེ་ལྟར་གསུངས་འདུག
གཉིས་པ་དེ་༧སྐྱབས་མགོན་རིན་པོ་ཆེ་དང་འབྲེལ་བ་ཡོད། དེ་ངས་ལབ་ཆོག་གི་ཡོད་མེད་དང་འགྲིག་མིན་གནས་ཚུལ་ལོགས་ཀ་རེད། ཡིན་ཡང་ངས་མི་ལབ་རང་ལབ་ཅིག་ཆགས་བསྡད་འདུག དུས་འཁོར་དབང་ཆེན་ག་རེ་བྱས་ནས་ཕྱིར་འཐེན་བྱས་པ་རེད་ཟེར་བ་དེ་རེད། མི་ཚང་མས་ག་རེ་ཡིན་ན་ཞེས་མང་པོ་བཤད་བཞིན་པའི་སྐབས་འདིར། ༧སྐྱབས་མགོན་རིན་པོ་ཆེ་ཁོང་གིས་གསུང་པ་རེད་ཟེར་དུས། ཡང་སྐྱབས་སུ་མཆི་ཞེས་ལབ་ཀྱི་ཡོད་པ་རེད། ཡིན་ནའང་དེ་འདྲ་རེད་མི་འདུག་དཱ། ད་ལྟ་ལབ་བསྡད་པ་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྒྱས་པོ་ཞེ་དྲགས་འདུག སྐུ་ངལ་ཆེན་པོ་ཡོད་སྟབས་དུས་འཁོར་དབང་ཆེན་ཕྱིར་འཐེན་བྱས་པ་རེད་ཟེར་ནས་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག འོན་ཀྱང་དེའི་རྗེས་སུ་ལྷོ་ཕྱོགས་ཀྱི་གསུང་ཆོས་ཉི་མ་ལྔའི་ཇེ་རིང་ལ་བཏང་པ་དང་ཧོན་སུར་ལ་ཕེབས་པའི་ལས་འཆར་གསར་བ་བཟོས་འདུག ཁོང་གི་མཛད་འཕྲིན་རྒྱས་པོ་དང་སྐུ་ངལ་ཡོད་ན་དེ་དག་ག་རེ་རེད། དེར་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག་གཱ། དུས་འཁོར་དབང་ཆེན་དེ་བཀའ་ཤག་གིས་གོ་སྒྲིག་བྱས་འདུག བྱེད་དགོས་ཀྱི་འདུག དེ་རེད་ཡག་པོ་རེད། ཡིན་ཡང་དུས་ཚོད་དེ་འདྲའི་ཐོག་ལ་ག་རེ་བྱས་ནས་གོ་སྒྲིག་བྱས་པ་རེད། སྔོན་འགྲོའི་འོས་ཤོག་དང་དངོས་གཞིའི་བར་ལ་གོ་སྒྲིག་བྱས་ན་ཁེ་ཕན་སུ་ལ་རག་གི་རེད། ག་རེ་འབྱུང་གི་རེད། སྤྱིར་བཏང་ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ཐོས་པ་དང་བསླབ་བྱ་མང་པོ་ཐོབ་པ་ཡག་པོ་ཞེ་དྲགས་འདུག ཡིན་ཡང་མི་སྒེར་ལ་ཁེ་ཕན་ག་རེ་འདུག ངས་མཚེར་སྣང་དང་ཞེད་སྣང་མེད་པར་དྲང་པོར་བཤད་ཀྱི་ཡོད། ངས་བོད་རིགས་མི་མང་གི་ཆེད་དུ་མདུན་ལ་ཡོང་ནས་བཤད་ཀྱི་ཡོད། དེ་ང་བཀྲ་ཤིས་སྟོབས་རྒྱལ་སྒེར་གྱི་དཀའ་ངལ་ཁྱོན་ནས་མིན་དཱ། ཁེ་ཕན་དེ་སུ་ལ་ཡོང་གི་རེད་ཅེ་ན་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཡོང་གི་ཡོད་པ་གསལ་བོ་རེད། སྐབས་དེར་སྐུ་སྲུང་མི་སྣ་མང་པོ་ཞིག་ཡོད་དུས། ང་ཚོའི་བོད་པ་ཚོ་ཟང་ངི་ཟིང་ངི་ལ་དགའ་བོ་ཞེ་དྲགས་ཡོད་སྟབས། ངས་བཤད་ཚོད་ཐིག་གི་མེད་ཀྱང་སྐབས་དེར་༧གོང་ས་མཆོག་གིས་ཡག་པོ་ཞེ་དྲགས་བྱས་སོང་ཞེས་གསུང་པ་ཡིན་ན། བོད་པ་ཚང་མ་སྨྱོ་འགྲོ་གིན་རེད་བཱ། ད་ལྟ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྲིད་སྐྱོང་བློ་བཟང་སེང་གེར་ཐུགས་མཉེས་པོ་དང་ཡག་པོ་གནང་གི་ཡོད་པ་རེད་གསུང་གི་འདུག དེ་ཡག་པོ་རེད། ཡིན་ན་ཡང་གལ་སྲིད་ང་སྲིད་སྐྱོང་འཐོབ་པ་ཡིན་ན་༧གོང་ས་མཆོག་གིས་ང་སྡུག་ཆགས་འདུག་གསུང་གི་མ་རེད། མི་མང་གིས་བསྐོས་པའི་མི་དེར་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ག་དུས་ཡིན་ནའང་སྡུག་ཆགས་འདུག་གསུང་གི་མ་རེད། ༧རྒྱབ་བ་རིན་པོ་ཆེ་མཆོག་གིས་ང་ལ་ཐུགས་མཉེས་པོ་གནང་རྒྱུ་ཡིན་པ་གསལ་བོ་རེད། ༧རྒྱལ་བ་རིན་པོ་ཆེ་ཁོང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་ལས་གནང་མཁན་ཞིག་ཡིན་སྟབས་ག་རེ་ཡིན་ནའང་ཁོང་གིས་ཐུགས་མཉེས་པོ་གནང་གི་རེད།
འདི་ལོའི་དུས་འཁོར་དབང་ཆེན་དེས་མི་ག་ཚོད་ཀྱི་བསམ་བློའི་ནང་སྡུག་སྣང་དང་མཚེར་སྣང་བྱུང་ཡོད་པ་རེད། བོད་ནང་གི་མི་ཚོས་༧སྐྱབས་མགོན་རིན་པོ་ཆེར་མཇལ་ནས་དུས་འཁོར་དབང་ཆེན་འཐོབ་ན་ག་དུས་ཤི་ན་ཤི་ཟེར་ནས། མི་ཚེ་གཅིག་ལ་གོ་སྐབས་གཅིག་འཚོལ་མཁན་མང་པོ་ཡོད་པ་རེད། དེ་བཞིན་ཕྱི་རྒྱལ་དུ་ཡོད་མཁན་ཚོས་གྲ་སྒྲིག་བྱས་ནས་དགུན་ཁའི་གུང་སེང་སྐབས་༧སྐྱབས་མགོན་རིན་པོ་ཆེར་མཇལ་ནས་དུས་འཁོར་དབང་ཆེན་ཞུས། དེ་ནས་ཕ་མ་སྤུན་མཆེད་ལ་ཐུག་འཕྲད་ཡོང་ཆེད་དཀའ་ལས་བརྒྱབ་སྟེ་ཡོང་མཁན་མང་པོ་ཡོད་པ་རེད། དེ་བཞིན་རྒྱ་གར་ནང་ལ་ཚོང་ལས་གཉེར་མཁན་ཁ་ཤས་ཀྱིས་ཁང་པ་གླས་ཏེ་ཧིན་སྒོར་དུང་ཕྱུར་མང་པོ་རྡོར་རྗེ་གདན་ལ་བཏང་ཡོད་པ་རེད། དེ་བཞིན་བོད་གཞུང་དང་ཚོགས་པ་ཁག་མང་པོས་རྒྱུ་ནོར་བཏང་ཡོད་སྟབས། ཚང་མར་དཀའ་ངལ་གྱི་ཚོར་སྣང་ཡོད་ཀྱང་། ཁོང་གིས་ངས་ལོ་རྗེས་མར་གནང་གི་ཡིན་གསུངས་པ་དེ་དགོངས་པ་བཞེས་པ་ཡིན་ན། དུས་འཁོར་དབང་ཆེན་སྐབས་ལ་མིས་ག་རེ་གནང་གི་རེད། དེར་སྐྱོན་ཆེན་པོ་ག་རེ་འདུག གནད་འགག་ཆེན་པོ་ཞེ་དྲགས་ཞིག་ཡོད་ན་མ་གཏོགས་ཁོང་སྒེར་གྱིས་དེ་འདྲ་ཁྱོན་ནས་གསུང་གི་མ་རེད་དཱ་དེ་གསལ་བོ་རེད། དེ་ལ་གནད་འགག་ཆེན་པོ་ཞེ་དྲགས་ཞིག་ཡོད་པ་རེད་དཱ། ཆབ་སྲིད་ཀྱི་སྡིངས་ཆ་དེ་འདྲ་ཞིག་ཡོང་རྒྱུ་རེད་བསམ་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྤྱན་བཙུམ་ནས་ད་ག་རེ་ཡིན་ན་ཡིན། འདི་དང་དེ་གནད་འགག་ཆེ་བ་འདུག་ཅེས་བཀའ་གནང་བ་ཞིག་རེད་མ་གཏོགས། སྣང་མེད་དུ་བཀའ་གནངས་པ་ཞིག་ཁྱོན་ནས་མིན་པ་མི་མང་གིས་བསམ་བློ་གཏོང་དགོས་པ་ཞིག་རེད།
དེ་མིན་མི་གཞན་པས་གནོན་ཤུགས་དང་རྒྱུ་ནོར་བཏང་པ་ཡིན་ན། དེ་སུས་གཏང་ཐུབ་ས་རེད། སྤྱིར་བཏང་ཆོལ་ཁ་རེ་ནས་སྤྱི་འཐུས་ཁ་ཤས་རེ་ཡོད་ཀྱང་དེ་སུ་ཡིན་སྲིད་དམ། སྲིད་སྐྱོང་ལ་ལངས་མཁན་ང་ཚོ་མི་ ༥ རེད། དེའི་ནང་ནས་ཀླུ་མཁར་བྱམས་ངེད་གཉིས་ག་པར་ག་པར་དེ་འདྲའི་མིང་གི་ནང་ལ་འཐོན་གྱི་མ་རེད། སྤྱིར་བཏང་ངེད་གཉིས་སྲིད་སྐྱོང་ཐོབ་མི་ཐོབ་གནས་ཚུལ་ལོགས་ཀ་རེད། ད་ལྟ་དེ་འདྲ་བསྒྱུར་བཅོས་གཏོང་པའི་ནུས་པ་གང་ཡང་ཡོད་པ་མ་རེད། ཕལ་ཆེར་བཀྲ་ཤིས་དབང་འདུས་ལའང་ཡོད་པ་མ་རེད། དེར་བརྟེན་སྲིད་སྐྱོང་དང་ཚོགས་གཙོ་གཉིས་མ་གཏོགས་འགྲོ་ས་ཡོད་པ་མ་རེད། ཁ་གང་ལ་གཡར་བ་དང་ལམ་གང་དུ་བསྐྱོགས་ཀྱང་བླ་ཆེན་རྣམ་པ་ཚོས་གསུངས་པ་རེད་ཅེས་བརྩི་བཀུར་བྱེད་དགོས་ཡོད་པ་རེད། དཔེར་ན། རྒྱ་ནག་གིས་རྒྱ་གར་ལ་འགལ་རྫས་གཡུག་གི་ཡོད་པ་དེའི་ཕྱེད་ཀ་པ་ཀི་སི་ཐན་ལ་གཡུག་འཇུག་གི་ཡོད་པ་དང་ཕྱེད་ཀ་རྒྱ་ནག་ཁོ་རང་ཚོས་གཡུག་གི་ཡོད་པ་རེད། གང་ལྟར་རྒྱ་ནག་གིས་རྒྱ་གར་ལ་འགལ་རྫས་གཡུག་གི་ཡོད་པ་ནང་བཞིན་༧སྐྱབས་མགོན་རིན་པོ་ཆེ་ལ་ཆབ་སྲིད་ཀྱི་རྩེད་མོ་རྩེ་བའི་ཉེན་ཁ་ཆེན་པོ་དང་དེ་ལས་ལྷག་པའི་སྡུག་ཆགས་ཤིག་ཡོད་པ་མ་རེད་དཱ།
དེ་ནས་སྐུ་སྒེར་ཡིག་ཚང་ལབ་ཀྱི་ཡོད། སྐུ་སྒེར་ཡིག་ཚང་ལ་ཧ་ལས་དགོས་པ་གང་ཡང་ཡོད་པ་མ་རེད། ང་ཚོས་དད་པ་བྱེད་ས་དང་རྩ་ཆེན་པོར་བརྩི་ས་དེ་༧་རྒྱལ་བ་རིན་པོ་ཆེ་མཆོག་རེད་མ་གཏོགས་སྐུ་སྒེར་ཡིག་ཚང་ནང་ལ་ང་དང་ང་འདྲ་བའི་མི་དང་། དེ་བཞིན་ལྷ་ཡོད་ས་ན་འདྲེ་ཡོད་ཟེར་བ་མ་གཏོགས་ཧ་ལས་དགོས་པ་གང་ཡང་མི་འདུག ༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ཁོང་ཚོས་ག་དུས་བཀའ་འདྲི་ཞུ་དགོས་མིན་དང་། ག་དུས་ཞུས་ན་ག་རེ་གསུང་གི་ཡོད་མེད་སོགས་ཁོ་ཚོས་གསལ་བོར་ཧ་གོ་གི་ཡོད་པ་རེད། དུས་ཡུན་རིང་པོར་ལས་ཀ་བྱེད་མཁན་དེ་ཚོ་ཡག་པོ་མི་འདུག དུས་ཐོག་ལ་བརྗེ་པོ་རྒྱག་དགོས་པ་དེ་ཚོ་བརྗེ་པོ་རྒྱག་པའི་འགན་སུ་ལ་ཡོད་ནའང་བརྗེ་པོ་རྒྱག་དགོས་པ་རེད། ལོ་བཅོ་ལྔ་ཉི་ཤུར་སྡོད་ས་གཅིག་ལ་བསྡད་པ་དེ་ཚོར་མི་མང་གིས་བསམ་བློ་གཏོང་དགོས་ཀྱི་འདུག ༧རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱབས་སུ་མཆི་རེད་མ་གཏོགས་སྐུ་སྒེར་ཡིག་ཚང་གི་མི་རྣམས་ལ་སྐྱབས་སུ་མཆི་དགོས་པ་མ་རེད། ཁོ་ཚོར་གོ་སྐབས་རག་མ་རག་ཅིག་མ་གཏོགས་ང་དང་ང་འདྲ་བོ་རྐྱང་རྐྱང་རེད།
དེ་བཞིན་དུས་འཁོར་དབང་ཆེན་སྐོར་ལ་བཀའ་ཤག་དང་སྐུ་སྒེར་ཡིག་ཚང་སུ་ཡིན་ཡང་ཁ་གསལ་བོ་ཞིག་བཤད་དགོས་ཀྱི་འདུག་མ་གཏོགས་དེ་བརྡབ་གསིག་ཆེན་པོ་ཞིག་རེད། མི་མང་ཚང་མའི་ཚོར་སྣང་སྡུག་ཆགས་རེད་འདུག་དཱ། གལ་སྲིད་ཆབ་སྲིད་ཀྱི་སྡིངས་ཆ་ལེན་གྱི་ཡོད་ན་དེ་མ་ལེན་རོགས། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་ཆོས་ཀྱི་གོ་སྐབས་བླངས་ཏེ་རྩེད་མོ་རྩེ་བ་ཡིན་ན་དེ་སྡུག་ཆགས་ཞེ་དྲགས་རེད་ཅེས་ངས་མི་མང་གི་ཚབ་བྱས་ནས་བཤད་ཀྱི་ཡོད་མ་གཏོགས་ང་སྒེར་གྱི་དཀའ་ངལ་གང་ཡང་མིན་ལ། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་ངེད་ཚོའི་བར་ལ་དཀའ་རྙོག་གང་ཡང་མེད། དེ་བཞིན་སྐུ་སྒེར་དྲུང་ཆེ་སུ་ཡིན་མིན་ཡང་ངས་ངོ་ཤེས་ཀྱི་མེད། ༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དད་པ་བྱེད་བཞིན་ཡོད་པ་དེ་གསལ་བོ་ཡིན། བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་ལ་མ་བསྡད་སྔོན་ནས་ངས་མི་མང་གིས་འགན་ཁུར་ཏེ་ལབ་བཞིན་ཡོད། དེར་མི་མང་གིས་དགོངས་པ་བཞེས་རོགས་གནོངས། མི་མང་གིས་བཀྲ་ཤིས་སྟོབས་རྒྱལ་གྱིས་ཁ་རྒྱག་པ་བཤད་སོང་ཞེས་མ་ལབ་རོགས། ངས་བདེན་པ་བཤད་ཀྱི་ཡོད།
དེ་བཞིན་ངས་ཁ་སང་སྤྱི་འཐུས་མང་པོ་བརྗེ་བོ་རྒྱག་དགོས་ཀྱི་འདུག་ཅེས་ལབ་པ་དེར་ང་ལ་འགྲེལ་བཤད་རྒྱག་པའི་གོ་སྐབས་ཤིག་སྤྲོད་རོགས་གནོངས། ངས་སྤྱི་འཐུས་འགྲིག་མ་སོང་ཟེར་དུས་མི་མང་གིས་ག་རེ་འགྲིག་མི་འདུག་ཅེས་བཤད་བསྡད་ཀྱི་འདུག ཕྱི་ལོ་ ༢༠༡༡ ལོར་སྤེལ་ཀོབ་ལ་ཚོགས་ཆེན་ཞིག་ཚོགས་པ་རེད། ཚོགས་ཆེན་སྟེང་མི་མང་ཡོངས་ཀྱི་བསམ་བློའི་ནུས་པ་མདུན་དུ་སྤུང་སྟེ་གཞིས་ཆགས་སྲ་བརྟན་དང་མི་འབོར་ཡར་རྒྱས། དཔལ་འབྱོར་ཡར་རྒྱས། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་གཏན་ལ་ཕབ་ཡོད་ཀྱང་། ད་ལྟ་བར་གྲོས་འཆར་དེའི་སྒང་ལ་སྐད་ཆ་བཤད་མཁན་གཅིག་ཀྱང་བྱུང་མ་སོང་། གཞིས་ཆགས་སྲ་བརྟན་ག་འདྲ་བྱེད་དགོས་རེད་ཅེ་ན་ཕྱོགས་མང་པོ་ཞིག་ནས་ལས་དོན་གང་ཙམ་ཞིག་བསྒྲུབ་དགོས་ཀྱི་ཡོད་པ་རེད།
ངས་ལབ་པའི་གཞིས་ཆགས་སྲ་བརྟན་ཆགས་དགོས་འདུག་ཟེར་བ་དེ། ཕྱི་རྒྱལ་ལ་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་དགོས་ཀྱི་འདུག ཕྱི་རྒྱལ་ལ་ཕར་འགྲོ་ཚུར་ཡོང་གི་གོ་སྐབས་འཚོལ་བ་ཡིན་ན་ཧ་ལས་པའི་ཡག་པོ་འབྱུང་གི་རེད། དེ་བཞིན་མི་འབོར་ཡར་རྒྱས་ཀྱང་དེའི་སྒང་ནས་འགྲོ་ཡི་རེད། ནང་གི་པཱ་ལགས་ཀྱི་ལོ་གཅིག་གཉིས་ལ་ཕར་ཕྱོགས་ནས་དཀའ་ལས་བརྒྱབ་སྟེ་འབུམ་ཉི་ཤུ་སུམ་ཅུ་གསོག་ཐུབ་པ་ཡིན་ན། ནང་གི་ཨ་མར་ཕྲུ་གུ་ག་ཚོད་སྐྱེས་སྐྱེས་རེད། ད་ལྟའི་ཆར་ཕྲུ་གུ་གཅིག་གཉིས་མ་གཏོགས་སྐྱེས་ཐུབ་ཀྱི་མེད་པ་དེ། ཕྲུ་གུ་གཉིས་ཡག་པོ་ཆགས་རྒྱུར་དཀའ་ལས་མང་པོ་རྒྱག་དགོས་སྟབས་མ་སྐྱེས་པ་རེད་མ་གཏོགས། ནང་པའི་ཆོས་ལ་མ་བརྩིས་པ་དང་ང་ཚོར་མི་འབོར་དགོས་ཀྱི་མེད་པ་གང་ཡང་མ་རེད།
དེ་ལྟར་བྱས་པ་ཡིན་ན་རང་བཞིན་གྱིས་གཞིས་ཆགས་སྲ་བརྟན་གནས་པ་དང་མི་འབོར་འཕེལ་རྒྱས། ཤེས་ཡོན་ཡར་རྒྱས་ཡོང་གི་རེད། དཔལ་འབྱོར་ཡོད་ན་ཤེས་ཡོན་ཡར་རྒྱས་གཏོང་བའི་ཟུར་སྦྱོང་སྤྲོད་རྒྱུ་དང་ཁྱིམ་དུ་དགེ་རྒན་བསྟེན་རྒྱུ་སོགས་ལས་དོན་མང་པོ་ཞིག་བསྒྲུབ་ཐུབ་ཀྱི་རེད། དེ་འདྲ་ཡིན་སྟབས་ངས་ཁོ་ཚོས་འགན་ཁུར་གྱི་མི་འདུག་ཅེས་བཤད་ཀྱི་ཡོད། ཚོགས་ཆེན་དེར་ཧིན་སྒོར་དུང་ཕྱུར་མང་པོ་འགྲོ་སོང་བཏང་སྟེ། འཛམ་གླིང་ཡུལ་གྲུ་གང་སའི་མི་མང་བསྐོངས་ཏེ་ཉིན་བཅུ་ཅོ་ལྔའི་རིང་སྐེ་ལ་ཐག་པ་བཏགས་ནས་རྒྱབ་ཁུག་དཀར་བོ་ཞིག་ཁུར་ནས་ཚོགས་པ་རེད། ཚོགས་འདུའི་གྲོས་གཞི་དེ་ཁོ་ཚོས་རྩེད་མོ་རྩེད་ནས་སྣང་མེད་དུ་བཞག་སོང་། ཁོ་ཚོས་དགོས་འདུན་ཞིག་གི་ཆེད་དུ་གོ་སྐབས་བླངས་པ་རེད་མ་གཏོགས། བོད་སྤྱི་བའི་རྩ་དོན་ལ་ཕན་པའི་ལས་དོན་གང་ཡང་བསྒྲུབས་ཡོད་པ་མ་རེད། དེར་བརྟེན་སྤྱི་འཐུས་དེ་དག་བརྗེ་བོ་རྒྱག་དགོས་ཀྱི་འདུག་ལབ་པ་ཡིན། དེ་རིང་ཡིན་ནའང་ངས་སྤྱི་འཐུས་བརྗེ་བོ་རྒྱག་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། ཆོལ་ཁ་གསུམ་ནས་སྤྱི་འཐུས་བཞི་རེ་དགོས་པ་ལས་རྙིང་པ་ཡག་པོ་གཉིས་དང་གསར་པ་གཉིས། དེ་ནས་ཐེངས་གཅིག་ལ་བསྡད་པའི་སྤྱི་འཐུས་གཉིས་རེ་འཇོག་གི་ཡིན་ལ། དེ་མིན་གཞན་སུ་ཡག་པོ་ཡོད་མེད་ངས་གང་འཚམ་ཐག་གཅོད་ཐུབ་ཀྱང་བརྒྱ་ཆའི་བརྒྱ་ཐག་གཅོད་རྒྱུ་ཁག་པོ་ཡིན་སྟབས། དེར་མི་མང་གིས་རྒྱབ་སྐྱོར་གནང་རོགས་ཞུ། ང་ཚོས་ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཆེན་པོ་གཏོང་དགོས་ཀྱི་འདུག་མ་གཏོགས་དེ་སྣང་མེད་དང་ངའི་དགའ་ས་ཉེ་སར་འགྲོ་བསྡད་ན་དེ་ཏག་ཏག་ཅིག་བསྡད་མི་འདུག་ཅེས་ཞུ་རྒྱུ་ཡིན།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
ཁོང་གི་སྐད་ཆ་ལ་ག་རེ་རེད་ལབ་དགོས་པ་ཤེས་ཀྱི་མི་འདུག
རྒྱ་ནག་གི་ཆབ་སྲིད་ཐད་ང་རང་ཚོས་བྱུས་གཏོཊ་བྱེད་དགོས་མ་རེད ་མ་རེད་ཟེར་ནས་ག་རེ་བཤད་ཀྱི་ཡོག་རེད།རང་དབང་རྩོད་ལེན་སུ་ལ་བྱེད་ཀྱི་ཡོད།ཡང་ཁ་ལག་ཞིམ་པོ་ཞིག་བཟོས་ཐུབ་མིན་ཀྱི་སྐད་ཆ་མ་ཤོད།ཁ་ལག་བཟོ་ཐུབ་ཀྱི་ཡོད་དམ།སྐུ་མཁྱེན་།དེ་ལས་ང་ཚོས་བོད་པ་ཚང་མ་ལ་དྭགས་བྱང་ཐང་ཁྲིད་མ་འགྲོ་ན་འགྲིག་གི་འདུག