ཆབ་སྲིད་ཀྱི་ལངས་ཕྱོགས་རང་བཙན་དང་དབུ་མ་གང་ཡིན་རུང་དེ་ལ་ངེས་ཤེས་རྙེད་པའི་ཐོག་ནས་ལངས་ཕྱོགས་འཛིན་པ་ལས། ཕན་ཚུན་གུས་བརྩི་མེད་པར་དོན་མེད་བསྙོན་འཛུགས་མ་གནང་རོགས་ཟེར།
ཁ་སང་ཕྱི་དྲོའི་ཆུ་ཚོད་ ༣ སྟེང་དྷ་ས་མེག་གྷན་སྤྲོ་འཛོམས་ཁང་(Club House)དུ། མང་གཙོ་གོང་སྤེལ་ན་གཞོན་དང་བླངས་ཚོགས་པའི་གོ་སྒྲིག་འོག བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་ཆོལ་གསུམ་འོས་མིའི་བགྲོ་གླེང་ཞིག་ཚོགས་སོང་བ་དང་། བགྲོ་གླེང་ཐོག་སྤྱི་འཐུས་ལས་ཐོག་དང་གསར་པ་བཅས་ཁྱོན་ཆོལ་ཁ་གསུམ་གྱི་འོས་མི་ ༡༡ གིས་དུས་ཡུན་སྐར་མ་ ༤ རེར་བརྗོད་གཞི་རང་འདེམས་ཀྱི་གཏམ་བཤད་ཐུང་ཐུང་རེ་གནང་སོང་བ་དང་འབྲེལ། མི་མང་གི་དྲི་བར་ལན་འདེབས་གནང་སོང་།
བགྲོ་གླེང་གི་ཐོག་མར་དང་བླངས་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། སྔོན་འགྲོའི་ཆོལ་གསུམ་འོས་མིའི་བགྲོ་གླེང་གོ་སྒྲིག་གནང་བའི་དགོས་དམིགས་སྐོར་ལ་ཁོང་གིས། དང་བླངས་ཚོགས་པ་འདི་འཛུགས་དགོས་པའི་རྒྱུ་མཚན་གཙོ་བོ་སྔར་རྗེས་ཀྱི་འོས་བསྡུའི་སྐབས་གང་ཡིན་ཡང་རང་རེའི་སྤྱི་ཚོགས་ནང་སྤྱིར་བཏང་འོས་བསྡུའི་དཀའ་ངལ་མང་པོ་ཞེ་དྲགས་ཡོང་གི་ཡོད་ནའང་། མི་མང་གི་གོ་རྟོགས་ད་དུང་ཞན་པོ་ཡོད་སྟབས། སྤྱི་ཚོགས་ནང་མང་གཙོའི་འོས་བསྡུའི་གོ་རྟོགས་སྤེལ་བ་དང་། ལྷག་པར་ན་གཞོན་ཚོར་སོ་སོའི་ཤེས་ཡོན་དང་འཇོན་ཐང་སོགས་གང་ཅིའི་ཐད་ནས་ཡར་རྒྱས་གོང་འཕེལ་ཡོང་ཐབས་སུ་ཞབས་ཞུ་གང་ཐུབ་བསྒྲུབ་པའི་ཆེད་དུ་བཙུགས་པ་རེད། སྔར་རྗེས་ཀྱི་བཀའ་སྤྱིའི་འོས་བསྡུའི་སྐབས་གང་ཡིན་ཡང་ང་ཚོས་སྤྱི་འཐུས་འོས་འདེམ་ལ་དམིགས་བསལ་འབད་བརྩོན་གནང་གི་ཡོད་ཅིང་། སྤྱི་འཐུས་འོས་བསྡུ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན། ང་ཚོའི་ད་ལྟའི་གྲོས་ཚོགས་ཀྱི་དམངས་གཙོའི་ལམ་ལུགས་འདིའི་ནང་སྲིད་སྐྱོང་དང་བཀའ་བློན་རྣམས་པས་ཕྱག་ལས་ག་རེ་གནང་གི་ཡོད་པ་དེའི་མཐའ་མའི་སྲིད་བྱུས་དེ་གྲོས་ཚོགས་ནས་བཟོ་ཡི་ཡོད་སྟབས། གྲོས་ཚོགས་ནང་ལོགས་སུ་འོས་འདེམ་ཐེངས་གསུམ་བཞིར་སླེབ་པ་ཡིན་ནའང་གང་ཡག་ཡག་ཅིག་འདེམ་ཐུབ་པའི་ཆེད་དུ་ང་ཚོས་སྤྱི་འཐུས་འོས་བསྡུ་རང་ལ་དཀའ་ལས་རྒྱག་གི་ཡོད། ལས་འགན་འདི་ང་ཚོ་དང་བླངས་པ་མི་ ༣༠ ལྷག་གིས་སོ་སོ་རང་ངོས་ནས་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་ཐོག་འགན་ཁུར་ནས་སྒྲུབ་ཀྱི་ཡོད། དེ་རིང་གི་འོས་མིའི་བགྲོ་གླེང་ཚོགས་འདུར་མཚོན་ནའང་། ང་ཚོས་ས་གནས་འོས་བསྡུ་ལས་ཁུངས་ལ་སྙན་སེང་ཞུས་ནས་འོས་མི་རེ་རེ་བཞིན་ཁྱབ་བསྒྲགས་ནང་བཀོད་ཡོད། ཅེས་བརྗོད་སོང་།
ཁོང་གིས་ཆོལ་གསུམ་འོས་མིའི་བགྲོ་གླེང་དང་འབྲེལ་འབོད་སྐུལ་དོན་ཚན་གསུམ་གནང་པའི་ནང་། ༡ ༽ ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང་། གྲོས་ཚོགས་ནང་ཁུལ་གྱི་ཕྱོགས་རིས་མེད་པའི་ཐོག་ནས་དུས་རྟག་ཏུ་བོད་པའི་རྩ་དོན་གཙོ་བོར་བཟུང་ནས་ལས་དོན་གནང་རོགས། ༢ ༽ ཆབ་སྲིད་ལངས་ཕྱོགས་རང་བཙན་དང་དབུ་མའི་ལམ་གང་ཡིན་རུང་ངེས་ཤེས་རྙེད་པའི་ཐོག་ནས་ལངས་ཕྱོགས་འཛིན་པ་ལས། ཕན་ཚུན་གུས་བརྩི་མེད་པར་དོན་མེད་བསྙོན་འཛུགས་རིགས་མ་གནང་རོགས། ༣ ༽ བོད་པའི་དམངས་གཙོ་གོང་འཕེལ་གྱི་ལས་དོན་ནང་མཉམ་ཞུགས་དང་ཡར་རྒྱས་གཏོང་རྒྱུའི་ལས་དོན་གནང་རོགས། ཞེས་བརྗོད་སོང་།
མདོ་སྟོད་སྤྱི་འཐུས་འོས་མི་དབུས་ཆུ་བཞི་སྒང་དྲུག་གི་དྲུང་གཞོན་ངག་དབང་ཐར་པ་ལགས་ཀྱིས། ང་སྤྱི་འཐུས་ལ་ལངས་དགོས་པའི་དམིགས་ཡུལ་གསུམ་ཡོད། དང་པོ་དེ་ང་རང་སྤྱི་འཐུས་ལ་ལངས་དགོས་པའི་དུས་ཚོད་ལ་སླེབས་ཡོད་བསམ་པའི་ཚོར་བ་ཞིག་ཡོད། ད་ལྟའི་བར་ང་རང་ལོ་ ༦ ལྷག་ཅིག་གི་སྔོན་ནས་བཟུང་གོམ་པ་རིམ་འཛེགས་བྱས་ནས་ཡོང་བའི་མི་སྣ་ཞིག་ཆགས་བསྡད་ཡོད་ལ། དང་པོ་ང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་དྷ་རམ་ས་ལ་ས་གནས་འཐུས་ཚོགས་ཀྱི་འཐུས་མི་དང་ཚོགས་གཙོ། དེ་རྗེས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་གཞོན་པ་བཅས་གོམ་པ་རིམ་འཛེགས་བྱས་ནས་ཡོང་པའི་མི་སྣ་ཞིག་ཡིན་སྟབས། སོ་སོའི་ངོས་ནས་ལང་ཐུབ་པའི་གདེང་ཚོད་ཡོད་ལ་སྤོབས་པ་ཡོད། སྤྱིར་བཏང་སྤྱི་འཐུས་ལ་ལངས་དགོས་པ་དེ་ཚོགས་སྡེ་ཁག་གི་ལས་གྲོགས་མང་པོ་ཞིག་གིས་ཁྱེད་རང་སྤྱི་འཐུས་ལ་ལང་དགོས་ཀྱི་རེད། ལང་ཐུབ་ཀྱི་རེད། ལང་པ་ཡིན་ན་ཡག་པོ་འདུག མི་མང་ལ་ཕན་ཐོགས་ཀྱི་འདུག་ཟེར་ནས་འབོད་སྐུལ་གནང་མཁན་མང་པོ་ཡོད་སྟབས། ང་མདོ་སྟོད་སྤྱི་འཐུས་འོས་མིར་ལངས་ཀྱི་ཡོད། མ་འོངས་པར་ཡིན་ནའང་ལས་དོན་བསྒྲུབ་ཐུབ་པའི་གདེང་ཚོད་ཡོད་ཅེས་ཞུ་ཡི་ཡོད། གཉིས་པ་དེ་ད་ལྟ་གྲོས་ཚོགས་ནང་ལ་ལྟ་ཡོང་དུས་ཏོག་ཙམ་འཕོ་འགྱུར་ཕྱིན་པ་ཡིན་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག ག་རེ་བྱས་ནས་ལབ་ཡིན་ཟེར་ན། ད་ལྟ་མི་མང་པོ་ཞིག་རྙིང་པ་ཆགས་བསྡད་ཡོད་པས། དེའི་ནང་ལ་ཕྱེད་ཀ་གསར་པ་དང་ཕྱེད་ཀ་རྙིང་པ་བསླེབ་པ་ཡིན་ན། ང་རང་ཚོ་གསར་པ་དེ་ཚོར་རྙིང་པ་ཚོ་བློ་གཏད་ས་ཡོད་པ་རེད། རྙིང་པ་དེ་ཚོ་ཡིན་ནའང་ང་རང་ཚོ་གསར་པ་ཚོར་ཏོག་ཙམ་དེང་དུས་ཀྱི་ཤེས་བྱ་ཡོད་པར་བརྟེན་ཕན་ཐོགས་ཡོད་རེད་བསམ་གྱི་ཡོད། དེར་བརྟེན་ང་རང་སྤྱི་འཐུས་ལ་ལངས་ཀྱི་ཡོད། གསུམ་པ་དེ་ང་རང་འདྲ་བོ་ཡིན་ན་ད་ལྟའི་བར་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད་ལས་ཀ་ག་རེ་བྱས་པ་ཡིན་ནའང་། སོ་སོ་སྔོན་ལ་རྒྱུགས་ནས་ལས་ཀ་བྱས་བསྡད་པའི་མི་སྣ་ཞིག་ཆགས་བསྡད་ཡོད། གལ་སྲིད་སྤྱི་འཐུས་ལ་བསླེབ་པ་ཡིན་ན། ས་ལ་བབས་པའི་ལས་ཀ་ཞིག་བྱེད་དགོས་པ་རེད་བསམ་གྱི་འདུག་ལ། ས་ལ་བབས་ནས་ལས་ཀ་བྱེད་ཐུབ་མཁན་གྱི་མི་སྣ་ཞིག་ཆགས་བསྡད་ཡོད། དེར་བརྟེན་ད་ལྟ་ང་རང་ཚོ་འདྲ་བོ་ཡིན་པ་ཡིན་ན། ལུང་པ་མེད་པའི་མི་ཞིག་ཡིན་བསམ་པའི་ཚོར་བ་དེ་བསླེབ་དགོས་ཀྱི་འདུག་བསམ་གྱི་ཡོད། ཡར་མར་ཕྱོགས་ཚང་མར་སྙོབ་ཐུབ་མཁན་གྱི་མི་སྣ་དེ་འདྲ་ང་ཚོ་སྤྱི་འཐུས་གྲོས་ཚོགས་ནང་ལ་ཡར་གཏོང་དགོས་ཀྱི་རེད་བསམ་གྱི་ཡོད། ཁག་ཅིག་གིས་ལུང་ཚན་རེད། དགའ་མི་དགའ་བའི་ཕྱོགས་ཞེན་དེ་འདྲ་བྱས་ནས་མར་འཐེན་འདུག་མཁན་དེ་འདྲ་ཡོང་གི་ཡོད་ཀྱང་། ང་རང་ཚོ་མི་མང་ལ་ཕན་ཐོགས་མཁན་དང་མི་མང་གི་ཆེད་དུ་ལས་ཀ་བྱེད་ཐུབ་མཁན་དེ་འདྲ་མང་པོ་ཡར་གཏང་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད་བསམ་གྱི་ཡོད། ད་ལྟའི་བར་དུ་ཁག་ཅིག་ཡོད་པ་རེད། སྤྱི་འཐུས་ཡིན་ན་རེད་རྐུབ་སྟེགས་སྒང་ལ་ཡར་བསླེབས་བསྡད་མཁན་ནང་། མི་མང་གི་རེ་སྐུལ་ག་རེ་ཞུས་པ་ཡིན་ནའང་མ་བརྗེད་པ་བྱས་ནས་ཇ་དང་འབྲས་སིལ་སྒུག་ནས་རྐུབ་སྟེགས་གཅིག་པུ་སྲུང་མཁན་གྱི་མི་སྣ་ཞིག་ཆགས་སོང་ཡིན་ན་འགྲིག་གི་ཡོད་མ་རེད་བསམ་གྱི་ཡོད། དེར་བརྟེན་ང་སྤྱི་འཐུས་ལ་ལངས་ཀྱི་ཡོད། ཅེས་བརྗོད་སོང་།
དབུས་གཙང་སྤྱི་འཐུས་ལས་ཐོག་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ང་སྤྱི་འཐུས་བྱས་ནས་སྐབས་གསུམ་པ་ཚར་འགྲོ་གི་ཡོད་ལ། སྐབས་བཞི་པ་དེ་ད་ལྟ་སླེབ་ཡོང་གི་ཡོད་པ་རེད། དེར་བརྟེན་ད་ལྟ་མང་ཚོགས་ཀྱི་ཐོག་ནས་སྒྲིག་འཛུགས་ཁག་རེད། ཆོལ་ཁ་རེད། ལུང་ཚན་རེད། དེ་བཞིན་ན་གཞོན་དྭང་བླངས་རེད། དེ་ཚང་མས་འོས་མི་མང་པོ་ཞིག་བཀྲམ་འདུག དེ་ཚོ་ཚང་མའི་ནང་ང་ལ་རྒྱབ་སྐྱོར་གནང་འདུག དེར་བརྟེན་གོ་སྐབས་འདི་བརྒྱུད་ནས་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུག་རྗེ་ཆེ་ཞུ་བ་དང་། ངའི་སེམས་ནང་ལ་ག་རེ་བསམ་གྱི་འདུག་ཟེར་ན། མི་མང་ཚོས་དེང་སང་སྤྱི་འཐུས་ཀྱི་ཕྱག་ལས་གནང་ཕྱོགས་ཐོག་ཐུགས་སྣང་ཆེན་པོ་ཡོད་སྟབས། ལས་ཀ་བྱེད་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་འདུག་བསམ་པའི་ཚོར་བ་ཞིག་རང་བཞིན་གྱིས་བྱུང་། དེ་བཞིན་ད་ལྟའི་བར་སོ་སོར་ཆ་བཞག་པ་ཡིན་ནའང་། ལོ་ ༡༤ དང་ཟླ་བ་ཁ་ཤས་ཤིག་འགྲོ་བཞིན་ཡོད་ལ། དུས་ཡུན་དེའི་ནང་སྤྱི་འཐུས་བྱས་པའི་རིང་གྲོས་ཚོགས་ནང་ནས་ལས་འགན་ག་རེ་བསྐོས་པ་ཡིན་ནའང་མིན་ཞེས་མྱོང་མེད་ལ། ལོ་ ༡༤ ནང་གྲོས་ཚོགས་ཀྱི་ཉིན་མ་གཅིག་ལའང་དགོངས་པ་ཞུས་མ་མྱོང་། གྲོས་ཚོགས་འཆར་ཅན་གྱིས་ག་ཚོད་ཕེབས་ཐུབ་ཀྱི་ཡོད་ན་མེད་ནའང་ཉིན་མ་གཅིག་ལའང་དགོངས་པ་ཞུས་མ་མྱོང་། དེ་ངའི་འགན་འཁུར་ཕྱོགས་ཀྱི་ཐོག་ནས་གཅིག་ཡིན། དེ་བཞིན་གྱིས་ཕྱི་རྒྱལ་ཁག་ལ་ཕྱོགས་སྐྱོད་དུ་ཕྱིན་པ་ཡིན་ནའང་སྤྱི་འཐུས་ཀྱི་ལས་ཀ་དེ་རྩ་ཆེན་པོར་བརྩི་ནས་ཕར་གྱི་ནང་སྡོད་པ་དང་། མར་མི་མང་ནང་སྐད་ཆ་བཤད་པའི་སྐབས་ལའང་གཙོ་བོ་གནད་འགག་རང་ལ་གཞི་བཞག་སྟེ་འཛིན་སྐྱོང་བཀའ་ཤག་ལ་དོགས་འདྲི་ཞུ་བ་དང་། བཀའ་ཤག་གི་ཕྱག་ལས་གནང་སྟངས་ཐོག་འགྲིག་དང་མ་འགྲིག་ཟེར་བའི་དོགས་པ་ཡོད་པ་དེ་ཚོ་དོགས་སེལ་བྱེད་པ་དང་། དེ་ཡང་སྐྱོན་བརྗོད་ཀྱི་ངོ་བོའི་ཐོག་ནས་མ་ཡིན་པར་ལས་ཀའི་ངོ་བོའི་ཐོག་ནས་དེ་འདྲ་ཞུས་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་ལ་ཐུགས་ཕན་གསོ་ཡི་རེད་ལ། སྤྱི་འཐུས་ཡིན་ནའང་ལས་འགན་ཞིག་འགྲུབ་ཀྱི་ཡོད་སྟབས། ལས་འགན་དེ་འདྲའི་ཐོག་ལ་འཐུས་ཤོར་མེད། སྤྱི་དོན་རང་བསམ་ཏེ་ལས་ཀ་བྱས་པར་བརྟེན་མི་མང་གི་ཐོག་ནས་ཀྱང་འདི་ཚོ་ཚང་མ་མཁྱེན་འདུག་བསམ་པའི་ཚོར་བ་བྱུང་སོང་ལ། ད་དུང་ཡིན་ནའང་ཡང་བསྐྱར་ང་བསླེབ་པ་ཡིན་ན། ངས་མུ་མཐུད་སྤྱི་སྨན་གྱི་ཕྱག་ལས་ཚད་ལྡན་ཞིག་ཞུ་བར་འབད་བརྩོན་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།
དབུས་གཙང་སྤྱི་འཐུས་ལས་ཐོག་ཤར་གླིང་ཟླ་སྒྲོན་ལགས་ཀྱིས། ང་ཚོའི་དམངས་གཙོའི་སྒྲིག་འཛུགས་དེ་ད་ལྟའི་བར་ལོ་ ༥༥ ཆགས་ཡོད་པ་དང་། མང་ཚོགས་ནང་ལ་གཞུང་དང་འབངས་མི་སེར་གཉིས་ཀྱི་འབྲེལ་བ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ང་ཚོ་བོད་པའི་གཏམ་དཔེར་བློན་དང་འབངས་ཀྱིས་མ་བཀུར་ན་རྒྱལ་པོ་ཆེན་པོ་ཇི་ལྟར་གནས་ལབ་པ་ནང་བཞིན། མི་མང་གིས་ང་ཚོ་ལྟ་ཕྱོགས་ཡིན་ན་རེད་བརྩི་དགོས་པ་རེད་ལབ་ཀྱི་མེད་དེ། གནད་འགག་ཅིག་ལ་མ་བཞག་ན་ང་ཚོ་སྤྱི་འཐུས་ཀྱི་རྐུབ་བཀྱག་སྒང་ལ་བཞུགས་མཁན་ཡིན་ན་རེད། བཀའ་བློན་ཡིན་ན་རེད། དེ་ཚོ་ག་འདྲ་བྱས་ནས་བསླེབས་དགོས་པ་རེད། ང་ཚོའི་བོད་པའི་གཏམ་དཔེར་ཡོན་ཏན་ལེན་རྒྱུ་ཞེ་དྲགས་འདུག ང་ཚོའི་མང་ཚོགས་ནང་ལ་མང་དེ་གལ་ཆེན་པོ་ཞེ་དྲགས་རེད། ང་ཚོ་གཞིས་ཆགས་ཁག་ལ་འགྲོ་དུས། ཤར་གླིང་ཟླ་སྒྲོན་ལ་སྐྱབས་སུ་མཆི། ཁྱེད་རང་གཞོན་སྐྱེས་ཤིག་གིས་ལས་ཀ་ཡག་པོ་བྱེད་ཀྱི་འདུག་ལབ་མཁན་མང་པོ་འདུག དེ་དུས་ངས་མ་རེད་དཱ་ཨ་མ་ལགས། ངས་ཁྱེད་རང་ལ་སྐྱབས་སུ་མཆི་ཞུ་དགོས་པ་རེད། ང་དེ་རིང་སྒྲིག་འཛུགས་འདིའི་འགན་འཁུར་ཐུབ་མཁན་དང་། མི་མང་གི་བདེ་སྡུག་ལ་ལྟ་ཐུབ་པའི་ནུས་སྟོབས་གོང་འཕེལ་དེ་མི་མང་གི་འོས་ཀྱིས་གནང་བ་རེད། དེར་བརྟེན་ང་ཚོའི་དམངས་གཙོའི་ནང་སྐུ་དབང་ཆེ་ཤོས་མི་མང་ལ་ཡོད་པ་ང་ཚོའི་སེམས་ལ་འཇོག་དགོས་ཀྱི་འདུག ཁ་ཤས་ཀྱིས་འོས་འཕེན་ཚར་བ་དང་མཛད་བཀྱག་ལ་འགྲོ་ཐབས་ཙམ་ལབ་པ་དེར་མི་མང་གིས་སྣང་མེད་བྱས་པ་ཡིན་ན། ཐབས་སྐྱོ་བོ་རེད་བསམ་གྱི་འདུག མི་མང་གྲུང་པོ་དང་ཡོན་ཏན་ལྡན་པ། གསར་འགྱུར་བརྒྱུད་ལམ་ཁག་གི་ལག་ཆ་དེ་ཚོ་བེད་སྤྱོད་གཏང་སྟེ། གལ་སྲིད་འགན་འཁུར་མཁན་ཚོ་ནོར་གྱི་ཡོད་ན་ནོར་གྱི་འདུག་ཅེས་གསུང་ཐུབ་པའི་ནུས་སྟོབས་ཤིག་བསླེབ་པ་ཡིན་ན། ཏན་ཏན་ང་ཚོའི་དམངས་གཙོ་ཡང་དག་འདིས་མི་མང་ལ་བདེ་སྐྱིད་བསྐྲུན་པ་ཙམ་མ་ཟད། བསམ་དོན་འགྲུབ་ཀྱི་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།
མདོ་སྨད་སྤྱི་འཐུས་འོས་མི་དབང་ལྡན་སྐྱབས་ལགས་ཀྱིས། སྤྱི་འཐུས་ཟེར་ན་སྒྲུབ་དགོས་པའི་འགན་ཞིག་ཡོད་ལ། བྱེད་མི་རུང་བར་སྤང་དགོས་པའི་འགན་ཞིག་ཀྱང་ཡོད་པ་རེད། སྤྱི་འཐུས་ཀྱི་ཁྱད་ཆོས་ཀྱི་སྒང་ནས་དེང་སྐབས་སྦྱར་ཡིག་དེ་འདྲ་མང་པོ་བཀྲམ་ཡོང་སྐབས། སོ་སོས་མང་པོ་ཞེ་དྲགས་བྲིས་ཡོང་གི་འདུག ཡིན་ཡང་ང་རང་གི་མཐོང་ཚུལ་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ལ་རྒྱུས་མངའ་ཡག་པོ་ཡོད་པ་དང་། ཁྲིམས་བཟོ་ལྷན་ཁང་འདིར་རྒྱུས་མངའ་ཡོད་པ་དང་དེའི་ལས་དོན་ག་རེ་ཡིན་པ་ཧ་གོ་དགོས་པ། བཅའ་ཁྲིམས་ཀྱི་རྩ་དོན་དག་ཧ་གོ་དགོས་པ། བོད་ནང་གི་གནས་ཚུལ་ལ་ཁ་ཡོད་ལག་ཡོད་ཀྱིས་རྒྱུས་ཡོད་དགོས་པ། བཙན་བྱོལ་སྤྱི་ཚོགས་ནང་གི་དངོས་ཡོད་གནས་ཚུལ་ལ་རྒྱུས་དགོས་པ་དེ་གལ་ཆེས་ཤོས་རེད། དེ་བཞིན་སྤྱི་འཐུས་ཚོས་སྒྲུབ་དགོས་པའི་ལས་དོན་གྱི་སྟེང་། བོད་དང་བཙན་བྱོལ་ནང་གི་གནས་ཚུལ་དེ་ཚོ་དངོས་གནས་དྲང་གནས་འགྲིག་ཡོད་མེད་དང་ནོར་ཡོད་མེད་སོགས་ཕྱི་གསལ་ནང་གསལ་གྱིས་ཡར་ཞུ་དགོས་སར་ཞུས། བཤད་དགོས་སར་བཤད། མར་འབྲེལ་བ་གནང་དགོས་ས་གནང་ཐུབ་པའི་སྤྱི་འཐུས་དེ་འདྲ་ཞིག་དགོས་ཀྱི་རེད་བསམ་གྱི་ཡོད་ལ། ང་རང་ཡིན་ཡང་དེ་འདྲའི་སྒང་ལ་ལས་ཀ་བསྒྲུབ་པའི་ཆོད་སེམས་ཡོད། དེ་བཞིན་བཙན་བྱོལ་ནང་གི་མང་ཚོགས་ཀྱི་བདེ་སྡུག་ལ་དངོས་ནས་ཁ་ཡོད་ལག་ཡོད་ཀྱིས་ལྟ་ཐུབ་པ་དང་མི་མང་ནང་ལ་ཞུགས་ནས་རྒྱུས་ལོན་བྱ་ཐུབ་པ་ཞིག་དགོས་ཀྱི་རེད་བསམ་གྱི་ཡོད་ལ། ང་རང་ཡིན་ན་ཡང་དེ་བཞིན་བསྒྲུབ་པའི་བསམ་བློ་ག་དུས་ཡིན་ན་ཡོད། རང་ཉིད་ཀྱིས་སྒྲུབ་མི་འོས་པར་སྤང་དགོས་པའི་གནད་དོན་སྐོར་ལ། སྤྱི་འཐུས་ཀྱི་གྲོས་ཚོགས་ར་བའི་ནང་བསྡད་ནས་རང་ཉིད་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་འགྲོ་མ་འགྲོ། གནད་དོན་བྱེ་བྲག་གི་སྒང་ལ་བསམ་བློ་གཏང་སྟེ། ཤོག་ཁག་སྒྲིག་པ་དང་ཕྱོགས་ཞེན་འཛིན་པ་དེའི་རིགས་ཡིན་གཅིག་མིན་གཉིས་སྤང་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་མཐོང་བསྡད་ཡོད། ཅེས་སོགས་བརྗོད་སོང་།
མདོ་སྟོད་སྤྱི་འཐུས་ལས་ཐོག་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། ང་བསྐྱར་དུ་ལངས་པའི་རྒྱུ་མཚན་ག་རེ་ཡིན་ཞེ་ན། དྷ་རམ་ས་ལར་ལོ་ ༡༨ བསྡད་པའི་ཉམས་མྱོང་ཐོག་ནས་བལྟས་པ་ཡིན་ན། དྷ་རམ་ས་ལའི་སྤྱི་ཚོགས་ཀྱི་གནས་སྟངས་དང་ཆབ་སྲིད་ཀྱི་འགྲོ་སྟངས། སྤྱི་ཡོངས་བཙན་བྱོལ་ས་གནས་ག་ས་གང་དུ་འགྲོ་བ་དང་། བོད་ནང་གི་གནས་སྟངས་ཡིན་ཡང་གང་ཙམ་ཤེས་པ་མ་ཟད། དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། གལ་སྲིད་མི་མང་ལ་འདོད་པ་ཡོད་དེ་གྲོས་ཚོགས་ར་བ་འདིའི་ནང་བསླེབ་སོང་བ་ཡིན་ན། སྤྱི་ལ་ཕན་པའི་ལས་ཀ་ཞིག་བསྒྲུབ་ཐུབ་ཀྱི་རེད་བསམ་པའི་གདེང་ཚོད་ཡོད། གྲོས་ཚོགས་ར་བའི་ནང་དུ་མི་ཚང་མས་དྲང་པོ་དང་བདེན་པ་ཟེར་ནས་གཅིག་གྱུར་ཞིག་ཡོང་ཐབས་ཡོད་པ་མ་རེད། ཡིན་ཡང་རང་ཉིད་ཀྱི་ངོས་ནས་དེ་དྲང་མོར་བཤད་ཀྱི་ཡོད་བསམ་པ་དང་ལྷག་བསམ་རྣམ་དག་ཡོད་པའི་ཐོག་ནས་བཤད་བསྡད་ཡོད་བསམ་པར་ཡིད་ཆེས་གཙང་མ་ཡོད་མ་གཏོགས། ངའི་རོགས་པ་དང་འབྲེལ་ཡོད་དེ་ཚོས་དྲང་མོ་མཐོང་གི་ཡོད་མེད་ཟེར་བ་རྦད་དེ་ཁ་ཁ་རེད། དེ་འདྲ་ཡིན་དུས་མི་ཚང་མས་དྲང་མོར་མཐོང་ཐབས་ཡོད་པ་མ་རེད། གང་ལྟར་ང་རང་གི་ངོས་ནས་བརྒྱ་ཆའི་བརྒྱ་ལྷག་བསམ་རྣམ་དག་གིས་དྲང་མོ་དྲང་རྐྱང་བཤད་ཀྱི་ཡོད་བསམ་པའི་ཡིད་ཆེས་ཀྱི་ཐོག་ནས་དེ་ལྟར་བྱས་བསྡད་པ་ཞིག་ཡིན། མ་འོངས་པར་ཡང་དེ་འདྲ་བྱ་བའི་རེ་བ་དང་འདོད་པ་ཡོད། ཅེས་སོགས་བརྗོད་སོང་།
དབུས་གཙང་སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས་ལགས་ཀྱིས། སྤྱིར་བཏང་སྤྱིས་འཐུས་ལབ་པ་དེ་ལས་སླ་པོ་མ་རེད། ལྟ་དུས་ལས་སླ་མདོག་ཁ་བོ་ཡོད་པ་རེད། བྱེད་དགོས་བྱུང་ན་ཅ་ཟིང་པོ་ཡོད་པ་རེད། ལུང་ཚན་ཆོལ་ཁ་ཆོས་ལུགས་ག་རེ་ཡིན་ཡང་། སྤྱི་འཐུས་ནང་བསླེབས་དུས་དཀའ་ལས་ཁག་པོ་རེད་ལས་སླ་པོ་ཡོད་མ་རེད། ང་རང་ཉིད་འདྲ་བོ་ཞིག་ལ་ཆ་བཞག་ན། ང་སྔོན་ཆད་རྒྱ་གར་གཞུང་གི་དགེ་རྒན་ཡིན། དགེ་རྒན་གྱི་ལས་ཀའི་གླ་ཕོགས་ཆེན་པོ་དེ་བཞག་ནས་གཞོན་ནུ་ལྷན་ཚོགས་ནང་འཛུལ་དགོས་པའི་རྒྱུ་མཚན་དེ་སྤྱི་པའི་ལས་ཀ་བྱེད་པའི་ཆེད་དུ་ཡིན། ལས་ཀ་ཧུར་ཐག་བྱས་པ་ཡིན། རྙོག་དྲ་རྩ་བ་ནས་མ་བྱུང་བར་རྩིས་ཆ་ཚང་གཙང་མ་གཙང་རྐྱང་བྱས་ནས་མར་ཐོན་མཁན་ཞིག་ཡིན། དེ་བཞིན་རླུང་འཕྲིན་ཁག་ཅིག་ནང་ལོ་ ༨ ལྷག་རིང་ལས་ཀ་བྱས་ཡིན། ལས་ཀ་གང་ཐུབ་ཐུབ་ཡར་རྒྱས་བཏང་ཡིན། ད་སྤྱི་འཐུས་ལས་ཀར་ཧུར་ཐག་བྱ་དགོས་བསམ་ནས་འདས་པའི་ལོ་ ༥ ནང་ཧ་ལམ་ལས་ཀ་ཡག་པོ་བྱས་ཡོད་བསམ་པའི་སྤོབས་པ་དང་འདོད་འདུན་ཆེན་པོ་ཡོད། དེར་བརྟེན་གླ་ཕོགས་ཆེན་པོ་བསྐྱུར་ནས་སྤྱི་པའི་ལས་ཀ་བྱས་པ་དེ་སོ་སོ་ཕ་མ་ཉམ་ཆུང་གི་ཕྲུ་གུ་ཞིག་ཡིན་པ་དང་། ༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་གི་གོ་སྐབས་ཡག་པོ་རག་པ་རེད། ད་ལས་ཀ་བྱ་དགོས་བསམ་ནས་བསླེབས་པ་ཡིན་མ་གཏོགས། སྤྱི་འཐུས་ཆགས་ན་ང་ཞེ་དྲགས་ཤིག་ཡིན་མདོག་མདོག་བྱས་ནས་བསླེབས་པ་མིན་ལ། དེ་འདྲ་བྱས་ཀྱང་མ་མྱོང་ཞུ་བ་ཡིན། གལ་སྲིད་ང་སྤྱི་འཐུས་ཆགས་པ་ཡིན་ན། ལོ་ ༥ ཉིན་མ་ ༡༨༠༠ ཆ་ཚང་རིང་སྤྱི་པའི་དོན་ལ་ལས་ཀ་བྱ་ཐུབ་པའི་སྤོབས་པ་ཡོད། ཅེས་བརྗོད་སོང་།
དབུས་གཙང་སྤྱི་འཐུས་འོས་མི་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། དེང་སང་བོད་གཞིས་བྱེས་གཉིས་ཀྱི་མི་མང་གིས་སྐབས་ ༡༦ པའི་སྤྱི་འཐུས་འོས་གཞིའི་ཐོག་ལ་དོ་སྣང་ཞེ་དྲགས་བྱེད་ཀྱི་འདུག དེ་ངས་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག སྔོན་མ་ཡིན་ན་སྲིད་སྐྱོང་དང་བཀའ་བློན་ཁྲི་པ་མ་གཏོགས་སྤྱི་འཐུས་ལ་དོ་སྣང་དེ་ཙམ་མེད་པ་འདྲ་བོ་མཐོང་སོང་། གྲོས་ཚོགས་ནང་ཡོད་པའི་སྤྱི་འཐུས་དེ་ཚོ་ཡང་བསྐྱར་འདེམ་པའི་འགྲོ་སྟངས་འདྲ་བོ་ཞིག་ཆགས་འགྲོ་གི་འདུག ཡིན་ཡང་ད་ལོ་འདྲ་བོ་ཡིན་ན་དམིགས་བསལ་གྱིས་འགྱུར་བ་འགྲོ་བཞིན་འདུག མང་པོ་ཞིག་གིས་སྤྱི་འཐུས་འོས་མི་མང་པོ་ཞེ་དྲགས་བསླེབས་ནས་མང་དྲགས་འདུག་མདོག་མདོག་གསུང་གི་ཡོད་ཀྱང་། ངའི་བསམ་པར་ང་ཚོའི་མི་མང་གང་ཙམ་ཕོན་ཆེན་པོ་རེད། ཕོན་ཆེན་པོ་འདིའི་ནང་ལ་ང་ཚོར་གདམ་ག་སླེབ་པ་ཡིན་ན་ཡག་པོ་རེད་བསམ་གྱི་འདུག འོས་མིར་བཞེང་མཁན་དེ་ཚོས་བོད་མི་མང་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཀུན་སློང་གཙང་མ་ཞིག་འཁྱེར་བ་ཡིན་ན། ངས་འགྲིག་གི་འདུག་བསམ་གྱི་ཡོད། དེར་བརྟེན་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོ་ལ་བསྔགས་བརྗོད་བྱེད་དགོས་པ་ཞིག་རེད་བསམ་གྱི་འདུག དེ་ངའི་བསམ་ཚུལ་ཡིན། མང་པོ་ཞིག་གིས་ང་ལ་ཁྱེད་རང་སྤྱི་འཐུས་ཆགས་པ་ཡིན་ན། ག་རེ་བྱ་འཆར་ཡོད་ཅེས་གསུང་གི་འདུག དགོངས་པ་ཡག་པོ་ཞིག་བཞེས་པ་ཡིན་ན། ངས་དམིགས་བསལ་ལམ་ཁ་བཟོ་རྒྱུ་དང་ཆུ་འཐེན་རྒྱུ་ཞེས་བཙན་བྱོལ་སྤྱི་ཚོགས་ནང་ལ་བཤད་ཐབས་ཡོད་པ་མ་རེད། ཡིན་ནའང་ངས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཞུ་རྒྱུ་བྱུང་། ངས་ག་རེ་བྱས་པ་ཡིན་ནའང་དྲང་པོ་དྲང་བཞག་བྱ་རྒྱུ་དང་དངོས་ཡོད་གནས་ཚུལ་དེ་ཡར་འཁྱེར་ནས་ཕྱི་གསལ་ནང་གསལ་བྱེད་པའི་གཤིས་སྤྱོད་དེ་ཡོད་ལ། དེ་རང་གི་ཐོག་ངས་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།
དབུས་གཙང་སྤྱི་འཐུས་ལས་ཐོག་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། ང་ཚོ་སྤྱི་འཐུས་ལ་བཞེང་སྡོད་མཁན་ཚོ་མི་མང་གི་ལས་ཀ་བྱེད་པའི་ཆེད་དུ་གཡོག་པོར་འདེམ་གྱི་ཡོད་པ་ལས་དཔོན་པོར་འདེམ་གྱི་ཡོད་མ་རེད། དམངས་གཙོའི་ལམ་ནས་ཕར་བསླེབས་ཚར་རྗེས། ངས་དོན་ཚན་གསུམ་ཞུ་ཡི་ཡོད། དང་པོ་དེ་འཛེམ་ཟོན་ཅན་གྱི་དམངས་གཙོ་དེ་ཕན་ཐོགས་ཡོད་པ་མ་རེད། གཉིས་པ་བཟོད་བསྲན་ཅན་གྱི་དམངས་གཙོ་དེ་ཕན་ཐོགས་ཡོད་པ་མ་རེད། གསུམ་པ་སྤྲེལ་ལད་ཅན་གྱི་དམངས་གཙོ་དེ་ཕན་ཐོགས་ཡོད་པ་མ་རེད། དེ་འདྲ་མིན་པའི་ཐོག་ནས་དམངས་གཙོ་ལོངས་སུ་སྤྱོད་དགོས་པ་རེད། ཅེས་ངས་དམངས་གཙོའི་ཁྱད་ཆོས་འཛིན་པའི་ཐོག་ནས་ཞབས་ཞུ་ཞུས་པ་ཡིན་ལ། དམ་བཅའ་ཡང་དེ་རང་ཡིན། ཞེས་བརྗོད་སོང་།
མདོ་སྟོད་སྤྱི་འཐུས་འོས་མི་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། བོད་ཀྱི་འཐབ་རྩོད་འདི་མི་སྒེར་ཞིག་དང་དབུ་ཁྲིད་སྒེར་ཞིག་གི་གནས་སྟངས་ལྟ་བུ་ཡིན་ན། དེ་མེད་པའི་སྐབས་སུ་མེད་པ་ཆགས་ཀྱི་རེད། ཡིན་ནའང་དེ་འདྲ་མ་རེད་བཱ། བོད་ཀྱི་གནས་སྟངས་འདི་དངོས་གནས་དྲང་གནས་བོད་ནང་ལོགས་སུ་ཡོད་པའི་གཞིས་ལུས་བོད་མི་ས་ཡ་དྲུག་གི་གནས་སྟངས་ཤིག་ཡིན་སྟབས། ང་ཚོས་མུ་མཐུད་འཐབ་རྩོད་འདིའི་མཇུག་ག་འདྲ་སྐྱོང་དགོས་པར་བསམ་བློ་གཏོང་དགོས་པ་རེད། ད་ལྟའི་བོད་ཀྱི་འཐབ་རྩོད་ནང་འཛམ་བུ་གླིང་དུ་བོད་ཕྱི་ནང་གཉིས་ཀྱི་དཔའ་ངར་ལྡན་ཞིང་སྙིང་སྟོབས་ཆེ་བའི་ན་གཞོན་ཚོའི་ལས་འགུལ་གཙོ་བོ་ཆགས་འདུག ང་ཚོས་འཐབ་རྩོད་ཀྱི་ནུས་པར་ཤུགས་བརྒྱབ་པ་ཡིན་ན། ནུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་འདུག་བསམ་གྱི་ཡོད། དེར་བརྟེན་ང་སྤྱི་འཐུས་ལ་ལངས་པའི་ཐོག་ནས་སྤྱི་འཐུས་ཀྱི་གྲོས་ཚོགས་ར་བའི་ནང་ལས་ཀ་བྱས་པ་ཙམ་མ་ཡིན་པར། སྤྱིར་བཏང་མི་མང་ནང་ལོགས་ལ་དབུ་ཁྲིད་ཡག་པོ་ཞིག་སླེབ་དགོས་པ་དེ་གལ་ཆེན་པོ་རེད། ཚང་མ་མཉམ་རུབ་དང་བློ་ཁོག་ཆེན་པོའི་སྒོ་ནས་མ་འོངས་པར་བོད་རང་བཙན་འཐོབ་ཀྱི་རེད། ང་ཚོ་ཕྱིར་བོད་ལ་ལོག་ཐུབ་ཀྱི་རེད་བསམ་པའི་འཆར་སྣང་ཤུགས་ཆེན་པོ་ཞིག་མེད་པ་ཡིན་ན། ང་ཚོའི་འཐབ་རྩོད་འདི་དཀའ་ལས་ཁག་པོ་ཆགས་ཀྱི་རེད་བསམ་གྱི་འདུག་པས། ང་སྤྱི་འཐུས་ལ་ལངས་པ་ཡིན་ཟེར།
དབུས་གཙང་སྤྱི་འཐུས་འོས་མི་ལུང་རིགས་བསོད་ནམས་ལགས་ཀྱིས། ང་ལ་རེ་བ་བཞི་དང་དམིགས་ཡུལ་གཅིག་ཡོད་པའི་སྒང་ནས་སྤྱི་འཐུས་ལ་ལངས་ཡོད། ༡ ༽ ང་རང་ལོ་ ༡༤ ཙམ་རིང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་བོད་དགེ་བྱས་པ་ཡིན་སྟབས། བོད་མི་རིགས་ཀྱི་སྐད་དང་ཡི་གེའི་ལེགས་ཆ་དངོས་གནས་དྲང་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཡོང་བར་འབད་བརྩོན་བྱས་དང་བྱེད་མུས་ཡིན། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་འདིའི་ནང་ལ་རིམ་པར་བརྟག་དཔྱད་བྱས་ན། ང་ཚོའི་སྒང་ལ་སྡོད་མཁན་དང་བར་ལ་སྡོད་མཁན། མཐའ་མར་སྡོད་མཁན་དེའི་འདྲའི་བརྒྱུད་རིམ་མང་པོའི་ནང་ལ་ང་ཚོའི་སྐད་ཡིག་ལ་བརྟེན་པའི་བསམ་བློའི་ཆུ་ཚད་དང་སྐད་ཡིག་གི་ཆོས་ཉིད་ཀྱི་ལྟ་ཚུལ་དེ་ཧ་ཅང་ཆུང་ཆུང་ཡིན་སྟབས། རིགས་གཅིག་དང་པོ་ནས་སྐྱག་རྫུན་བཤད་མཁན་འདྲ་ཆགས་བསྡད་འདུག དེའི་རིགས་ལ་ངས་སྐྱག་རྫུན་མ་བཤད་རོགས་ཞུས་ནས་འབད་བརྩོན་བྱ་རྒྱུ་ཡིན། ༢ ༽ ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་རིགས་དེ་ཚོ་ཆེས་མཐའི་བོད་རིགས་ལ་འགྱུར་བའི་ཉེན་ཁ་ཆེན་པོ་འདུག ཆེས་མཐའི་བོད་རིགས་ཟེར་བ་དེ་རང་བྱུང་ཁོར་ཡུག་དགོས་པ་མ་རེད། སྐད་དང་ཡི་གེའི་ལེགས་བྱང་དགོས་ཀྱི་ཡོད་པ་མ་རེད། རང་མི་རིགས་ཀྱི་ལ་རྒྱ་དགོས་ཀྱི་ཡོད་པ་མ་རེད། མཁོ་སྒྲུབ་བྱེད་པ་དེ་དཔལ་འབྱོར་ཁོ་ན་རེད། འདི་ང་ཚོ་ཆེས་མཐའི་མི་རིགས་ལ་འགྱུར་བའི་ཉེན་ཁ་ཚབས་ཆེན་རེད། ༣ ༽ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ལ་ལས་འགན་དང་ཐོབ་ཐང་གཉིས་ལས་ཐོབ་ཐང་རྩོད་མཁན་མ་གཏོགས་ལས་འགན་རྩོད་མཁན་གཅིག་ཀྱང་མི་འདུག གལ་སྲིད་ང་རང་སྤྱི་འཐུས་ལ་ལང་ཐུབ་པ་ཡིན་ན། ལས་འགན་གཙོ་ཆེར་བཟུང་ནས་ཐོབ་ཐང་ཞོར་དུ་ཡོང་བའི་རེ་བ་རྒྱག་གི་ཡིན། ༤ ༽ ང་ཚོའི་ཆབ་སྲིད་ཚོགས་པ་ཁག་ནང་བསམ་བློའི་རང་དབང་མ་མཐུན་པའི་ཐོག་ནས་ཕན་ཚུན་མཐུན་འགྲིག་བྱ་རྒྱུ་དེ་ཉུང་ཉུང་རེད། དེ་མཐུན་འགྲིག་ཚུལ་ལྡན་ཡོང་བར་ཕྱོགས་གང་ཐད་ནས་འབད་བརྩོན་བྱ་རྒྱུ་ཡིན། དམིགས་ཡུལ་གྱིས་བོད་མི་སྐྱོ་བོ་ཚོའི་ཆེད་དུ་ཧུར་བརྩོན་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།
མདོ་སྟོད་སྤྱི་འཐུས་ལས་ཐོག་ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཀྱིས། ང་རང་སྤྱི་འཐུས་བྱས་ཏེ་ལོ་ ༤ ལྷག་ཕྱིན་པའི་རིང་ག་རེ་བྱས་པ་ཡིན་ཞེས་ལབ་པ་ཡིན་ན། སྤྱི་འཐུས་རྒྱུན་ལས་ལོ་བཞི་པ་དེ་ཡིན་ལ། ཞོགས་པ་ཆུ་ཚོད་ ༩ ནས་དགོང་དྲོ་ཆུ་ཚོད་ ༥ བར་དུ་ལས་ཁུངས་ལ་སོང་ནས་ལས་ཀ་བྱས་ནས་བསྡད་པ་དང་། སྐབས་དེར་སྤྱི་འཐུས་རང་ལ་འཁྲི་བའི་ལས་འགན་བདེན་པའི་མེ་ལྕེའི་སྐོར་སྐྱོད་དང་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་ཆེན་མོ་སྤེལ་ཡོད་པ་དང་། དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སོགས་ཞིབ་འཇུག་གི་ཚོགས་ཆུང་ག་བར་བཞག་པ་ཡིན་ནའང་། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མཆོང་རྐྱང་བྱས་ནས་ལས་ཀ་བྱས་པ་ཡིན་ལ། གྲུབ་འབྲས་ཡང་གང་ལ་གང་འཚམ་ཐོན་སོང་ཞུ་བ་ཡིན། དེ་དང་མཉམ་དུ་སྤྱི་འཐུས་ཀྱི་ལས་ཀ་བྱས་པ་ཙམ་མིན་པར་གྲོས་ཚོགས་ཚོགས་པའི་སྐབས་སུ་བཅའ་ཁྲིམས་རིན་པོ་ཆེ་དང་། སྒྲིག་གཞི་ཁག་ལ་བསྐྱར་བཅོས་གཏོང་དགོས་ཀྱི་ཡོད་སྟབས། དེ་ཚོ་མགོ་འཚོས་དགོས་པ་རེད། མགོ་འཚོས་ནས་ལས་ཀ་བྱེད་དགོས་པ་རེད། མགོ་མ་འཚོས་ནས་ཧམ་བཅོས་བྱས་པ་ཡིན་ན། ཁྲིམས་དང་སྒྲིག་གཞི་ཟེར་བ་དེ་གཏན་འབེབས་བྱས་ཚར་དུས། བསྐྱར་དུ་ཨ་ལོག་བརྒྱབ་ན་ཉེན་ཁ་ཡོད་པ་རེད་ལ། མི་མང་ལ་བརྡབ་གསིག་ཡོང་གི་རེད། ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་དེ་ཚོ་མགོ་འཚོས་པའི་ཐོག་ནས་ལས་ཀ་བྱས་པ་ཡིན། དེ་དང་མཉམ་དུ་སྤྱི་འཐུས་ལ་ག་རེ་དགོས་པ་རེད་ཟེར་ན། སྤྱི་ཚོགས་མགོ་འཚོས་དགོས་པ་རེད། ཐ་ན་མི་གཅིག་ཡིན་ནའང་མིང་ག་རེ་རེད་འདུག ག་འདྲ་བསྡད་འདུག ལས་ཀ་ག་རེ་བྱེད་ཀྱི་འདུག་སོགས་ཞིབ་ཚགས་ཀྱིས་ཚང་མ་མགོ་འཚོས་དགོས་པ་རེད། དེ་ལས་རླབས་ཆེ་བ་བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ག་འདྲ་གཏོང་དགོས་ཀྱི་འདུག དེ་ཚོ་ཚང་མ་མགོ་འཚོས་ནས་ལས་ཀ་བྱས་པ་ཡིན་ན། དཔེ་མི་སྲིད་པའི་ལས་ཀ་མང་པོ་བྱ་རྒྱུ་ཡོད་པ་རེད། ང་རང་ཡིན་ན་ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་རིར་བོད་དོན་ཞུ་གཏུག་དང་ཚོགས་འདུ་དེ་འདྲར་ཕྱིན་པ་ཡིན་ལ། གང་ཡོང་ཅི་ཡོང་དང་གང་ཐུབ་ཅི་ཐུབ་བྱས་པ་ཡིན་ལ། མ་འོངས་པ་ལའང་བྱ་རྒྱུ་ཡིན། གང་ཐུབ་ཐུབ་དང་གང་ཡོང་ཡོང་བྱ་རྒྱུ་ཡིན། དེ་སྔོན་ཞུས་པ་ལྟར་ང་གཞན་སྲོལ་རྗེས་འབྲང་རྩ་བ་ཉིད་ནས་བྱ་རྒྱུ་མིན། ཞེས་བརྗོད་སོང་།
གསར་འགོད་པ། པདྨ་རྒྱལ།
ཚོགས་པ་ཆོ་མེད་ཅིག་གིས་རྡ་སའི་གད་སྙིགས་དག་བསྡུས་ཡོང་འདུག ངོ་མས་གད་མོ་ཤོར་གི་ད་ཡིན་ན་་་་ཧ་ཧ་ཧ
དབུས་གཙང་སྤྱི་འཐུས་འོས་མི་ལུང་རིགས་བསོད་ནམས་ལགས་ཀྱི་རེ་བ་བཞི་ནི་བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་གནས་ཡོང་ཐབས་དང་མི་རིགས་ཀྱི་ལེགས་བྱང་དང་སྐད་ཡིག་ཉམས་པར་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་རང་གི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཞིར་བཟུང་སྟེ་དགོས་དོན་ཕིགས་སྨྲ་ལྡན་པའི་སྙིང་སྟོབས་ཤིག་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ལགས་ན་བྱེས་འབྱོར་བོད་མི་ཡོངས་དང་ལྷག་པར་དུ་དབུས་གཙང་མི་དམངས་ནས་དགོངས་བཞེས་ཡོང་བའི་ཆེད་མཆན་བཏབ་པ་ཡིན།