སྐབས་ ༡༦ པའི་མདོ་སྟོད་སྤྱི་འཐུས་འོས་མི་བློ་བཟང་གྲགས་པ་ལགས་སུ་འོས་མི་གསར་པའི་ཆེད་དམིགས་བཅར་འདྲི་བྱེད་སྐབས། དབུ་མ་དང་རང་བཙན་རྩོད་མཁན་སུ་ཡིན་ནའང་སོ་སོས་ཡིད་ཆེས་བྱེད་སའི་ལྟ་བ་ལངས་ཕྱོགས་ལ་བོད་ཀྱི་གནད་དོན་སེལ་ཐུབ་པའི་ཕན་ནུས་ཡོད་མེད་ལ་དཔྱོད་ཤེས་དགོས་པ་ལས། སེམས་ལ་གང་དྲན་གྱིས་བཤད་པ་ཡིན་ན་ཕན་ཐོགས་མེད་སྐོར་བརྗོད་སོང་།
དྲི་བ། ཐོག་མར་ཁྱེད་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་སོགས་འདས་པའི་ལོ་རྒྱུས་མདོར་བསྡུས་ཤིག་ཤོད་དང་།
ལན། ང་རང་བོད་ནས་སྐྱེས་ཤིང་། བོད་ནང་སློབ་སྦྱོང་གི་གོ་སྐབས་ཐོབ་སྟེ་འབྲིང་རིམ་བར་དུ་གཙོ་བོ་བོད་ཡིག་དང་རྒྱ་ཡིག་གཉིས་ལ་སློབ་སྦྱོང་བྱས་པ་ཡིན། ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་དུ་བསླེབས་ཏེ་འཛིན་རིམ་བཅུ་པ་བར་སུ་ཇ་བོད་ཁྱིམ་དུ་གཙོ་བོ་བོད་ཡིག་དང་དབྱིན་ཡིག་ཐོག་སློབ་སྦྱོང་བྱས་པ་དང་། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་གྷོ་པལ་པུར་དུ་ཕྱིན་པ་ཡིན། འཛིན་རིམ་བཅུ་གཉིས་མཐར་ཕྱིན་རྗེས་སོ་སོར་དང་ཐོག་ནས་དམིགས་ཡུལ་ཡོད་པ་ནང་བཞིན་གྱིས་བྷང་ལོར་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཁྲིམས་ལུགས་རིག་པའི་མཐོ་སློབ་(National Law school of India University)དང་(Mysore JSS Law School)ཏུ་ཁྲིམས་ལུགས་རིག་པའི་ཐོག་སློབ་སྦྱོང་བྱས་ཏེ། ཕྱི་ལོ་ ༢༠༡༣ ལོར་ཁྲིམས་ལུགས་རབ་འབྱམས་པ་(LL.B)ཐོན་པ་དང་། དེ་ནས་ཡང་བྷང་ལོར་ཡོད་པའི་(Christ Law School)སློབ་ཆེན་ནང་འཛུལ་ཞུགས་ཀྱིས་ཁྲིམས་ལུགས་གཙུག་ལག་རབ་འབྱམས་པ༼ LL.M༽ཐོན་པ་ཡིན། ངའི་སློབ་སྦྱོང་གི་བརྒྱུད་རིམ་དེ་འདྲ་ཞིག་རེད། དེ་ནས་ངའི་འདས་པའི་ལོ་རྒྱུས་ནང་ལོགས་སུ་ཕྱི་ལོ་ ༢༠༡༣ ལོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ལྟར། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བ་ཚོའི་འདོད་པ་གཞིར་བཟུང་སྟེ། ༼བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ༽ཞེས་པའི་ཚོགས་པ་གསར་པ་ཞིག་བཙུགས་ཡོད་པ་དང་། འོས་འདེམས་བྱས་པ་བརྒྱུད་ཕྱི་ལོ་ ༢༠༡༣ ལོར་ང་དྲུང་ཆེར་བདམས་པ་དང་། ཕྱི་ལོ་ ༢༠༡༤ ལོར་ཚོགས་གཙོར་འོས་འདེམས་བྱུང་སྟེ་ལས་འཁུར་ཞུ་མུས་ཡིན་ལ། རྒྱལ་སྤྱིའི་བོད་རྒྱ་སྨྱུག་ཚོགས་(Tibetan-Chinese Pen Association)ཀྱི་ཚོགས་མི་ཡིན། ད་ལྟའི་ཆར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དུ་རྒྱ་ཡིག་དང་རྒྱ་སྐད་ཀྱི་ཐོག་ནས་གསར་འགོད་པ་རྒན་པའི་ལས་ཀ་བྱེད་བཞིན་ཡོད།
དྲི་བ། ང་ཚོའི་སྤྱི་ཚོགས་ནང་སྤྱི་འཐུས་ཟེར་དུས་མི་སྒེར་གྱི་ཆེ་མཐོང་དང་ཆོལ་ཁ་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཁེ་ཕན་རྩོད་ལེན་བྱེད་ས་ལྟ་བུ་ཞིག་ཏུ་ངོས་འཛིན་མཁན་མང་པོ་ཡོད་པ་རེད། ཁྱེད་རང་རྒྱུ་མཚན་གང་འདྲ་ཞིག་ལ་བརྟེན་ནས་འོས་མིར་ལངས་པ་ཡིན།
ལན། སྤྱིར་བཏང་སྤྱི་འཐུས་གྲོས་ཚོགས་ཟེར་དུས་དམངས་གཙོའི་ཀ་བ་གསུམ་གྱི་ནང་ནས་གཅིག་ཆགས་བསྡད་ཡོད་པ་མ་ཟད། དམངས་གཙོའི་ཀ་བ་གསུམ་གྱི་ནང་ནས་གལ་གནད་ཆེ་ཤོས་ཀྱི་མ་ལག་ཅིག་ཀྱང་ཆགས་བསྡད་ཡོད་པ་རེད། མ་ལག་དེ་འཛིན་སྐྱོང་བཀའ་ཤག་ཡིན་ན་རེད། ཁྲིམས་ལུགས་དབང་འཛིན་ཡིན་ནའང་རེད་ཚང་མར་སྟངས་འཛིན་བྱེད་ཐུབ་མཁན་དང་། སྟངས་འཛིན་བྱེད་པའི་འགན་དབང་ཡོད་མཁན་ཞིག་ཡིན་ལ། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༣༦ ནང་ལོགས་སུའང་ཁྲིམས་བཟོ་ཡི་འགན་དབང་ཆ་ཚང་ཡོད་མཁན་ཞིག་དང་། དེ་བཞིན་མི་མང་གི་བདེ་སྡུག་ལ་ལྟ་མཁན་གྱི་མེ་ལོང་ནང་བཞིན་གྱི་མ་ལག་ཅིག་ཀྱང་ཡིན་སྟབས། སྒྲིག་གཞི་དང་ཁྲིམས་ལུགས་བསྐྱར་བཅོས་སོགས་ཀྱི་འགན་ཆ་ཚང་ཞིག་འཁུར་དགོས་ཀྱི་ཡོད་པ་རེད། གང་ལྟར་སྤྱི་འཐུས་ལབ་ན་ཧ་ཅང་འགན་དབང་ཆེན་པོ་རེད། འགན་དབང་དེ་ལྟ་བུའི་ཆེན་པོ་ཡིན་པའི་མ་ལག་ཅིག་གི་ནང་མཚམས་མཚམས་སུ་ང་ཚོའི་མཐོང་སྣང་དང་དངོས་སུ་བྱུང་བའི་གནས་ཚུལ་མང་པོ་ཞིག་གི་ཁྲོད། ཆོས་བརྒྱུད་ཆོལ་ཁ་སོགས་ཀྱི་འཐེན་འཁྱེར་ཡོང་གི་ཡོད་པ་དང་དེའི་རིགས་ཀྱི་བཀའ་མོལ་གནང་མཁན་ཡང་ཡོང་གི་ཡོད་པ་རེད། སྤྱིར་བཏང་སྤྱི་འཐུས་གྲོས་ཚོགས་རང་གི་སྡིངས་ཆ་དེ་ཕྱོགས་ཞེན་དང་འཐེན་འཁྱེར་བསྐྲུན་ས་ཞིག་རྩ་བ་ཉིད་ནས་མིན་ཡང་། དོ་བདག་སྒེར་ཞིག་གིས་སོ་སོའི་ཉེ་རང་ཆགས་སྡང་སོགས་གུ་དོག་གི་བསམ་བློ་ཞིག་འཁུར་ཡོང་དུས། རང་བཞིན་གྱིས་གྲོས་ཚོགས་ནང་རྙོག་གླེང་ཡོང་སྟེ་སྤྱི་ཚོགས་ནང་དམིགས་དཔེ་སྡུག་པོ་ཞིག་སྟོན་གྱི་ཡོད་པ་རེད། རྩ་བའི་ཆ་ནས་དེའི་རིགས་དེ་ཡོང་མི་དགོས་པ་ཞིག་ཡིན་ལ། དེའི་རིགས་ཡོང་ན་ང་ཚོ་བོད་པའི་འཐབ་རྩོད་ལ་ཕན་ཐོགས་ཡོད་པ་མ་རེད། འདས་པའི་ནང་དེའི་རིགས་ཡོང་ཡོད་མེད་རྒྱ་ཆེའི་མང་ཚོགས་ཀྱིས་གསན་གཟིགས་གནང་ཡོད་སྟབས། མ་འོངས་པར་ཧ་ཅང་གལ་གནད་ཆེ་བའི་མ་ལག་ཅིག་གི་ནང་འཐེན་འཁྱེར་དང་ཕྱོགས་ཞེན་གྱི་རིགས་མུ་མཐུད་ནས་ཡོང་མིན་དེ་བོད་རིགས་སྤུན་ཟླ་ཚོའི་ལག་པར་རག་ལས་ཡོད་པར་བརྟེན། རྣམ་པ་ཚོ་ཚང་མས་ཐུགས་བསམ་བཞེས་ཏེ་སོ་སོའི་རྒྱལ་ཁབ་ཀྱི་འཐབ་རྩོད་ལ་ཕན་པའི་བྱ་བ་སྒྲུབ་ཐུབ་མཁན་ ཚོ་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་གཏོང་ཐུབ་པར་འབད་བརྩོན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
དྲི་བ། བཙན་བྱོལ་བོད་མིའི་འོས་བསྡུའི་ལོ་རྒྱུས་ཁྲོད་ད་ལན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་གྲངས་མང་ཤོས་ཡིན་པ་མ་ཟད། འཁྲུག་ཆ་དོད་ཤོས་ཤིག་ཆགས་ཀྱི་ཡོད་པའི་རྒྱུ་མཚན་ག་རེ་རེད་བསམ་གྱི་འདུག
ལན། ང་རང་སྒེར་ངོས་ཀྱི་བསམ་ཚུལ་ལྟར་བཤད་པ་ཡིན་ན་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་བསམ་གྱི་འདུག བཟང་ཕྱོགས་ཀྱི་འགྱུར་བ་དེ་གཙོ་བོ་གང་ལ་རག་ལས་པ་རེད་ཟེར་ན། དམངས་གཙོའི་ལམ་ལུགས་ལོངས་སུ་སྤྱོད་པའི་སྤྱི་ཚོགས་ཤིག་ནང་མང་ཚོགས་ཀྱི་གོ་རྟོགས་འཕེལ་ཏེ་རང་བཞིན་གྱིས་དམངས་གཙོའི་ཐོབ་ཐང་དང་དམངས་གཙོའི་འགན་དབང་གཉིས་ཀའི་ཐོག་གོ་རྟོགས་སེལ་ཏེ། ཐེངས་འདིའི་འོས་བསྡུ་ལ་བཟང་ཕྱོགས་ཀྱི་འགྱུར་བ་འདི་རིགས་བྱུང་བ་རེད་བསམ་གྱི་འདུག དེ་དང་མཉམ་དུ་ད་ལྟའི་ཆར་ཛ་དྲག་གི་གནས་སྟངས་འདིའི་འོག བོད་མི་སྤྱི་བོ་གནམ་བསྟན་སུ་ཡིན་ནའང་སོ་སོའི་མི་རིགས་དང་འཐབ་རྩོད་སོགས་ཀྱི་ཐོག་དོ་ཁུར་བྱེད་དགོས་བསམ་པའི་བསམ་བློ་ཞིག་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག བསམ་བློ་དེ་འདྲ་ཡོད་པའི་དབང་གིས་ད་ཐེངས་འོས་མི་མང་དུ་ཕྱིན་པ་རེད་དྲན་གྱི་འདུག ཡིན་ནའང་། མི་ཁ་ཤས་རེ་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་འགྲོ་སྲིད་པ་རེད། འོན་ཀྱང་། ངས་མང་ཤོས་ཤིག་སོ་སོའི་མི་རིགས་ལ་བཅངས་པའི་དུང་ཞེན་དང་མང་ཚོགས་ཀྱི་གོ་རྟོགས་འཕེལ་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཡོང་བ་ཞིག་རེད་དྲན་གྱི་ཡོད་ལ། དེ་བཞིན་གྱིས་ཡོང་ཡོད་པའི་རེ་བ་ཡོད།
དྲི་བ། མདོ་སྟོད་སྤྱི་འཐུས་ཀྱི་འོས་མི་གསར་པ་ཞིག་ཡིན་པའི་ཆ་ནས་མདོ་སྟོད་ཀྱི་སྤྱི་འཐུས་ལས་ཐོག་རྣམ་པས་ཕྱག་ལས་གནང་སྟངས་ཐད་སྐྱོན་ཆ་དང་འཐུས་ཤོར་ཕྱིན་པ་ག་རེ་མཐོང་གི་འདུག
ལན། རྩ་བའི་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཚང་མའི་ནང་དགེ་སྐྱོན་གཉིས་ཀ་ཡོང་གི་ཡོད་ལ། སྤྱི་འཐུས་ཚང་མར་མི་མང་གི་འཐུས་མི་ཞིག་ཡིན་པའི་འགན་དབང་ཡོད་པ་ལྟར་སོ་སོའི་འགན་དེ་སྒྲུབ་མཁན་ཡོད་ལ། མི་སྒྲུབ་མཁན་ཡང་ཡོད་པ་རེད། ངས་ག་འདྲ་མཐོང་གི་འདུག་ཟེར་ན། སྤྱི་འཐུས་ཤིག་ཡིན་ཕྱིན་ཐོག་མར་སྤྱི་འཐུས་ཀྱི་འགན་དབང་ག་རེ་ཡིན་པ་དེ་ཧ་གོ་དགོས་པ་རེད་བསམ་གྱི་འདུག དེ་ཧ་གོ་བའི་ཐོག་ནས་སོ་སོ་སྤྱི་འཐུས་བྱེད་པའི་ཆོད་སེམས་དང་ལྷག་བསམ་ཡོད་ན། སོ་སོའི་འགན་དབང་དེ་ངེས་པར་དུ་སྒྲུབ་དགོས་པ་རེད་བསམ་གྱི་འདུག དེ་མ་སྒྲུབ་པ་ཡིན་ན་མི་མང་གིས་བཅངས་པའི་ཡིད་ཆེས་ཆུད་ཟོས་སུ་བཏང་བ་ཞིག་དང་། བོད་པའི་རྩ་དོན་ལ་ཕན་གང་ཡང་ཐོགས་ཀྱི་མ་རེད། སོ་སོའི་སྤྱི་ཚོགས་ལ་ཕན་ཐོགས་རྒྱུ་ལས་ལྡོག་སྟེ་རྒྱ་ནག་གཞུང་ལ་གད་མོ་སློང་བ་ཞིག་དང་། རྒྱ་ཆེའི་བོད་རིགས་སྤུན་ཟླ་ལའང་བློ་ཕམ་སྐྱེ་གཞི་ཞིག་ཆགས་འགྲོ་ངེས་རེད། དེར་བརྟེན་ཡོན་ཏན་གོང་ནས་གོང་དུ་སྤེལ་ཐབས་དང་སྐྱོན་ཆ་ཡོ་བསྲང་བྱེད་པར་འབད་བརྩོན་གནང་རྒྱུ་དེ་སྤྱི་འཐུས་ལས་ཐོག་རྣམ་པ་དང་། འོས་བླུག་མཁན་གྱི་མང་ཚོགས་གཉིས་ཀའི་གཡོལ་དུ་མེད་པའི་འོས་འགན་རེད་བསམ་གྱི་འདུག
དྲི་བ། བོད་མི་མང་སྤྱི་འཐུས་ཤིག་གིས་དོན་གནད་གང་དག་ལ་ངེས་པར་དུ་གདོང་ལེན་བྱེད་དགོས་པ་རེད།
ལན། སྤྱི་འཐུས་རྣམ་པས་གདོང་ལེན་བྱེད་དགོས་པའི་དོན་གནད་དང་པོ་དེ། ང་ཚོ་བཙན་བྱོལ་བོད་མི་རྣམས་བཙན་བྱོལ་དུ་ཡོང་དགོས་དོན་དང་། ད་ལྟའི་བར་མི་ལོ་ ༥༠ བརྒལ་བར་ལྷག་དགོས་པའི་རྒྱུ་མཚན་གང་ལ་ཐུག་འདུག་པ་དེར་གཅིག་ནས་ཞིབ་འཇུག་བྱེད་དགོས་པ་དང་། ཞིབ་འཇུག་ཙམ་མ་ཟད་སོ་སོར་ངེས་པ་རྙེད་དགོས་པ་དེ་གདོང་ལེན་བྱེད་དགོས་པ་ཞིག་ཏུ་མཐོང་གི་འདུག དོན་གནད་གཉིས་པ་དེ་གལ་སྲིད་དེ་ལྟ་བུའི་ངེས་ཤེས་ཤིག་རྙེད་པ་ཡིན་ན། དེ་སེལ་ཐབས་བྱེད་པའི་འབད་བརྩོན་གང་དུ་བྱེད་དགོས་ཀྱི་འདུག བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་བོད་དང་རྒྱ་གཉིས་ཀྱིས་སེལ་ཐབས་བྱེད་དགོས་པ་ཞིག་ཆགས་བསྡད་ཡོད་དུས། རྒྱ་ནག་གི་ཡུན་རིང་ལོ་རྒྱུས་དང་ད་ལྟའི་ཆབ་སྲིད་ཀྱི་འཕོ་འགྱུར་ཐོག་མཐིལ་ཕྱིན་པའི་མཁྱེན་རྟོགས་དགོས་པ་དེ་གདོང་ལེན་བྱེད་དགོས་པ་ཞིག་རེད་བསམ་གྱི་འདུག དེ་དང་མཉམ་དུ་སྤྱི་འཐུས་ཟེར་དུས་མི་མང་གི་བདེ་སྡུག་ལ་ལྟ་བའི་མེ་ལོང་ལྟ་བུ་ཞིག་ཡིན་སྟབས། མི་མང་གི་དཀའ་སྡུག་སེལ་ བའི་ཐབས་ལམ་འཚོལ་རྒྱུ་དང་། མི་མང་གི་གནས་སྟངས་ཡར་ཞུ་སོགས་ཚང་མ་སྤྱི་འཐུས་ལ་རག་ལས་ཡོད་པས། མི་མང་དང་མཉམ་དུ་འདྲེས་ཏེ་མི་མང་གི་དངོས་ཡོད་བདེ་སྡུག་ག་འདྲ་ཡིན་ལྟ་བའི་འོས་འགན་དེར་ད་ལྟའི་ཆར་འཐུས་ཤོར་འགྲོ་ཡི་ཡོད་པའི་ཚོས་སྣང་བྱུང་བས། དེ་ཡང་གདོང་ལེན་བྱེད་དགོས་པ་ཞིག་རེད་བསམ་གྱི་འདུག གང་ལྟར་སྤྱི་འཐུས་རྣམ་པ་ཚོས་གཙོ་བོ་སྤྱི་དང་སྒེར་གཉིས་ཀྱི་བར་ལ་དབྱེ་མཚམས་གསལ་པོ་ཞིག་ཕྱེ་ཤེས་པ་དང་། གལ་ཆེ་ཆུང་གི་དབྱེ་བ་ཕྱེ་ཤེས་དགོས་པ་དེ་གདོང་ལེན་བྱེད་དགོས་པའི་དོན་གནད་ཧ་ཅང་གལ་ཆེན་པོ་ཞིག་རེད་བསམ་གྱི་འདུག
དྲི་བ། མཇུག་སྒྲིལ་མ་ཐག་པའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག ལྷན་ཁང་ཁག་གི་མ་ལག་དང་བཅས་པའི་ལས་བསྡོམས་མདོར་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ནས་ལས་བསྡོམས་ལ་ཞིབ་འཇུག་གནང་བའི་སྙན་ཐོ་བཅས་སྙན་སྒྲོན་ཞུས་ཡོད་སྟབས། ལོ་གཅིག་གི་ཕྱག་ལས་ཁྲོད་ནས་གྲུབ་འབྲས་ཆེ་ཤོས་དང་འཐུས་ཤོར་ཕྱིན་པའི་སྐྱོན་གནད་ཆེན་པོ་གང་དག་མཐོང་སོང་།
ལན། ང་རང་སྒེར་ངོས་ནས་ཞུས་པ་ཡིན་ན། ལྟོས་ས་ལྟོས་འཇོག་གི་ཐོག་ནས་སྐད་ཆ་བཤད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་འདི་དང་བསྟུན་ཏེ་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་སྟངས་ལ་བསམ་བློ་གཏོང་དགོས་པ་ཞིག་རེད་མ་གཏོགས། རང་སྣང་གང་ཤར་དང་རང་བཙན་རྒྱལ་ཁབ་ཡིན་པའི་གནས་སྟངས་ཤིག་གི་འོག་ནས་སྒྲིག་འཛུགས་ལ་ལྟ་སྟངས་ཤིག་འཛིན་པ་ཡིན་ན་ཏག་ཏག་ཅིག་སྡོད་ཀྱི་མ་རེད་བསམ་གྱི་འདུག ལྟོས་ས་ལྟོས་འཇོག་གིས་ཞུས་པ་ཡིན་ན། དཔེར་ན་ཤེས་ཡོན་གྱི་ཐད་ནས་ང་རང་ལོ་མང་སློབ་སྦྱོང་བྱས་ཏེ་མཐོ་སློབ་འགྲིམས་ནས་ཡོང་མཁན་ཞིག་ཡིན་སྟབས། མཐོ་སློབ་ཀྱི་སློབ་མ་ཚོའི་བསམ་བློའི་འཁྱེར་སོ་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན། ད་ལྟའི་འཛིན་སྐྱོང་བཀའ་ཤག་གིས་སློབ་མ་ཚོར་སློབ་སྦྱོང་ཐོག་མཐུན་རྐྱེན་སྦྱོར་བ་དང་སྐུལ་འདེད་གཏོང་ཆེད་སློབ་ཡོན་དང་བྱ་དགའི་གསོལ་རས་གནང་བ་སོགས་ཀྱིས། སློབ་མ་ཚོས་སློབ་སྦྱོང་ཐོག་འབད་བརྩོན་བྱེད་པར་ཆོད་སེམས་བསླེབས་པ་སོགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། དེ་ངས་གྲུབ་འབྲས་ཆེ་ཤོས་ཤིག་རེད་བསམ་གྱི་འདུག དེ་ནས་ཆོས་ཕྱོགས་ནས་ཞུས་པ་ཡིན་ན། བཙུན་མ་ཚོར་འཇང་དགུན་ཆོས་ཆེན་མོ་ཐེངས་ ༢༡ པ་དེ་ཚོགས་བཞིན་པ་ཡིན་ལ། ཕྱི་ལོ་ ༢༠༡༦ ལོར་དགེ་བཤེས་མ་ ༢༠ ལྷག་ཐོན་ཡོང་གི་ཡོད་པ་རེད། དེ་ཚོ་ཚང་མ་རླབས་ཆེན་གྱི་བྱས་རྗེས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སྔོན་ཆད་དེའི་རིགས་མཐོང་རྒྱུ་ཡོད་པ་ཕར་ཞོག བསམ་བློ་གཏོང་རྒྱུའང་དཀའ་ལས་ཁག་པོ་ཞེ་དྲགས་ཡིན་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེ་བཞིན། ལྷན་ཁང་ཁག་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་ཕྱག་ལས་གནང་དང་གནང་མུས་ཡོད་པ་དེར་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་མང་ཆེ་བས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་ས་ཞིག་ཆགས་ཡོད་ཀྱང་། ལས་ཀ་ག་རེ་ཡིན་ནའང་གྲུབ་འབྲས་ཐོན་པ་དང་མཉམ་དུ་འཐུས་ཤོར་ཡང་འགྲོ་ངེས་རེད། དཔེར་ན། ཤེས་ཡོན་སྲིད་བྱུས་ལྟ་བུར་ཆ་བཞག་ན། ད་ལྟའི་ཆར་ང་ཚོའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཏིང་ཟབ་དྲགས་པ་དང་། མི་མང་གི་གོ་རྟོགས་ཞན་དྲགས་པའི་བར་དུ་ཧེ་བག་ཆེན་པོ་ཞིག་ཡོད་དུས། རང་བཞིན་གྱིས་ཤེས་ཡོན་སྲིད་བྱུས་བསམ་པ་ནང་བཞིན་ལག་བསྟར་བྱེད་མི་ཐུབ་པ་ཞིག་ཆགས་བསྡད་ཡོད་པ་རེད། དེའི་རིགས་ལ་འཐུས་ཤོར་ཟེར་ན་འགྲིག་གི་མ་རེད། ད་ལྟའི་ཆར་མ་འདང་བའི་ཆ་ཤས་ཤིག་རེད་བསམ་གྱི་ཡོད་ལ། ང་ཚོ་གཞུང་མང་གཉིས་ཀྱིས་དེའི་ཐད་འབད་བརྩོན་བྱེད་དགོས་པ་དེ་དཔེ་གལ་ཆེན་པོ་རེད། གཞན་པ་འཐུས་ཤོར་ཕྱིན་པ་ཞིག་ང་རང་གི་ངོས་ནས་དམིགས་བསལ་གྱིས་མཐོང་མ་སོང་བས་ཞུ་རྒྱུ་གང་ཡང་མེད།
དྲི་བ། མ་འོངས་པར་ཁྱེད་ལ་སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་པ་ཡིན་ན། ཁྲིམས་ལུགས་ཆེད་སྦྱོང་བ་ཞིག་གི་ངོས་ནས་ཁྲིམས་བཟོ་བྱ་བའི་ཐོག་དམིགས་བསལ་གྱིས་ནུས་པ་འདོན་དགོས་ས་གང་དག་འདུག
ལན། རྒྱ་གར་ནང་ཡོད་པའི་སྒྲིག་འཛུགས་ཤིག་ལ་ཆ་བཞག་པ་ཡིན་ན་ཁྲིམས་ལུགས་དབང་འཛིན་དེ་ཧ་ཅང་དཀའ་ལས་ཁག་པོ་རེད། ང་ཚོས་སོ་སོའི་ཁྱབ་ཁོངས་དང་མཐུན་པ་ཞིག་དང་། རྒྱ་གར་གྱི་ཡུལ་ཁྲིམས་དང་མ་འགལ་བའི་ཐོག་ནས་ཁྲིམས་ལུགས་གཏན་འབེབས་དང་ལག་བསྟར་བྱེད་ཀྱི་ཡོད་པ་ཞིག་ཆགས་ཡོད་ལ། དེ་རྒྱ་ཆེ་ས་ཡི་ཁྲིམས་ལུགས་རེད། དེ་བཞིན་ང་ཚོར་སྒྲིག་གཞི་མང་པོ་ཞིག་ཡོང་གི་ཡོད་ལ། གནས་སྟངས་ལ་དཔག་སྟེ་ཡོང་དགོས་པ་ཞིག་ཀྱང་ཆགས་བསྡད་ཡོད་པ་རེད། དེའི་རིགས་ལ་ཕུགས་རྒྱང་རིང་སར་བསམ་བློ་བཏང་ནས་གཏན་འབེབས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གནས་སྐབས་ཙམ་ལ་བསམ་བློ་བཏང་ནས་སྒྲིག་གཞི་གཏན་འབེབས་དང་བསྐྱར་བཅོས་སོགས་བྱས་པ་ཡིན་ན། རྙོག་ཟིང་ཆེན་པོ་ཞིག་མ་འོངས་པར་ཆགས་ཡོང་སྲིད་པས་དེ་ཚོར་གཟབ་གཟབ་བྱེད་དགོས་པ་རེད་དྲན་གྱི་འདུག གལ་སྲིད་ང་རང་སྤྱི་འཐུས་གྲོས་ཚོགས་ནང་འགྲོ་བའི་གོ་སྐབས་ཤིག་བྱུང་བ་ཡིན་ན། ང་རང་ཁྲིམས་ལུགས་ཐོག་ཆེད་སྦྱོང་ཐོན་པ་ཞིག་ཡིན་དུས་གནད་དོན་དེའི་རིགས་ཀྱི་ཐོག་ཐུགས་ཕན་གསོ་ཐུབ་པའི་ལས་ཀ་ཞིག་བྱེད་ཨེ་ཐུབ་བལྟ་བའི་ཆོད་སེམས་དང་དམིགས་ཡུལ་ཆེན་པོ་ཡོད།
དྲི་བ། ཁྱེད་རང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཡི་ཚོགས་གཙོ་ཡིན་སྟབས། ཁྲིམས་ལུགས་ཀྱི་གོ་རྟོགས་མེད་ལ་དོ་སྣང་ཡང་མེད་པའི་ང་ཚོའི་སྤྱི་ཚོགས་ནང་ཁྲིམས་ལུགས་དང་འབྲེལ་བའི་གོ་རྟོགས་གོང་འཕེལ་གྱི་བྱ་འགུལ་ག་རེ་སྤེལ་ཡོད་པ་དང་། དེས་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ག་རེ་བྱུང་སོང་།
ལན། རྩ་བའི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་དེ་གསར་པ་ཞིག་རེད། ཚོགས་པ་དེ་གསར་པ་ཞིག་ཡིན་དུས་གསར་པས་གསར་པ་ལ་བལྟས་ཏེ་ཞུས་པ་ཡིན་ན། ང་ཚོ་མཐོ་སློབ་ཐོན་ཟིན་པ་དང་མཐོ་སློབ་ཀྱི་སློབ་མ་གུང་སེང་དུ་ཡོང་མཁན་ཚོ་མཉམ་རུབ་ཀྱི་ཐོག་ནས་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་རབ་དང་རིམ་པ་ཞིག་བརྩམས་ཡོད་པ་རེད། དེ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཚོགས་པ་སོགས་དང་མཉམ་འབྲེལ་གྱིས་བོད་དོན་ཐོག་གི་ཁྲིམས་དོན་གྱི་གནས་སྟངས་དང་དཀའ་ངལ་སོགས་ཀྱི་ཐོག་བགྲོ་གླེང་དང་ཉམས་ཞིབ་བྱེད་པའི་ཐབས་ལམ་འཚོལ་བ་སོགས་མང་པོ་ཞིག་བྱས་ཡོད་པ་རེད།
ང་རང་སྒེར་གྱི་ངོས་ནས་ཡིན་ནའང་སྐད་འཕྲིན་སོགས་བརྒྱུད་དེ་བོད་བཞུགས་བོད་རིགས་སྤུན་ཟླ་མང་པོ་ཞིག་ལ་རྒྱ་ནག་གི་ཁྲིམས་ལུགས་ག་འདྲ་ཡིན་མིན་དང་། ཁྲིམས་དེའི་འོག་ནས་སོ་སོའི་ཐོབ་ཐང་བརྩོན་ལེན་དང་སྲུང་སྐྱོབ་གང་འདྲ་བྱེད་དགོས་པའི་ཐད་སྐད་ཆ་གང་ལ་གང་འཚམ་ཞིག་བཤད་ཡོད་པ་རེད། བརྒྱུད་རིམ་དེ་ཚོར་ལྟ་ཡོང་དུས་ཕན་ཐོགས་ཆེན་པོ་ཞེ་དྲགས་འདུག ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་བོད་མི་ཚོ་ཁྲིམས་ལུགས་ཀྱི་གོ་རྟོགས་ཧ་ཅང་ཞན་པོ་ཡིན་ལ། གནས་སྟངས་དེའི་འོག་ང་ཚོའི་ཚོགས་པ་དེ་བཙུགས་པ་རེད། ཚོགས་པ་དེ་གཞུང་སྒེར་སུ་ཡིན་ནའང་གལ་ཆེན་པོར་རྩི་དགོས་པ་དེ་ཧ་ཅང་གནད་འགག་རེད་འདུག དེ་འདྲ་མ་བྱུང་བ་ཡིན་ན་ང་ཚོའི་ཁྲིམས་ལུགས་ཀྱི་སྟོང་ཆ་དེ་ནམ་ཡང་སྐོང་ཐུབ་ས་མ་རེད་ལ། དེ་མ་ཐུབ་པ་ཡིན་ན་ང་ཚོའི་སྒྲིག་འཛུགས་ཀྱིས་སྐོང་མ་ཐུབ་པའི་སྟོང་ཆ་ཞིག་ཆགས་འགྲོ་ས་རེད། དེར་བརྟེན་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཚོགས་པ་དེ་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་གང་ཐུབ་བྱེད་པར་ང་ཚོ་ཚོགས་མི་ཚང་མར་ཆོད་སེམས་བརྟན་པོ་ཡོད་པས། མ་འོངས་པར་ཏན་ཏན་བོད་པའི་རྩ་དོན་དང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཕན་ཐོགས་ཡོད་པ་ཞིག་བྱུང་གི་རེད་བསམ་གྱི་འདུག
དྲི་བ། ཁྱེད་རང་ཁྲིམས་ལུགས་རིག་པའི་ཆེད་སྦྱོང་བ་ཞིག་ཡིན་པའི་ཆ་ནས་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་ཁྲིམས་ལུགས་ཟེར་བ་དེ་ག་ཚོད་ཀྱིས་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད།
ལན། སྤྱིར་བཏང་ཁྲིམས་ཟེར་བ་དེ་སྔོན་མ་ནས་ཡོད་པ་ཞིག་རེད་ལ། སྒྲིག་གཞི་ཡིན་ནའང་ང་ཚོའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་མང་པོ་ཞེ་དྲགས་མཐོང་རྒྱུ་ཡོད་པ་རེད། དཔེར་ན། ཁྱིམ་ཚང་ཆུང་ཆུང་ཞིག་ལ་མཚོན་པ་ཡིན་ནའང་སྒྲིག་སྲོལ་དང་འགྲོ་ལུགས་འགྲོ་སྟངས་ཡོད་ཡོད་པ་རེད། ང་ཚོས་རྒྱ་ཆེ་ས་ཞིག་ནས་ཞུས་པ་ཡིན་ན། དུས་རབས་ཉེར་གཅིག་པ་དེ་ཁྲིམས་ཀྱིས་དབང་བསྒྱུར་བའི་དུས་རབས་ཤིག་རང་བཞིན་གྱིས་ཆགས་བསྡད་ཡོད་སྟབས། ཁྲིམས་ལུགས་དང་འགལ་བའི་བྱ་བ་ཞིག་ལམ་ལྷོང་བྱུང་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡིན་ལ། ཉེན་ཁ་ཚ་བོའང་རེད། བསམ་བློ་གཟབ་གཟབ་བྱས་ཏེ་གཏང་ན་ལས་ཀ་ག་རེ་བྱས་པ་ཡིན་ནའང་ཁྲིམས་ལུགས་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་རེད། གང་ལྟར་ང་ཚོ་མིའི་རིགས་ཀྱི་སྤྱི་ཚོགས་འདིའི་ནང་ཕན་ཚུན་བརྟེན་རེས་ཀྱིས་འཚོ་སྡོད་བྱེད་དགོས་པའི་གནས་སྟངས་ཁྲོད། ཁྲིམས་ལུགས་ཟེར་བ་དེ་གཟུགས་པོའི་གྲིབ་མ་བཞིན་དུ་ནམ་ཡང་འབྲལ་ཐབས་མེད་པ་ཞིག་རེད།
དྲི་བ། འོས་བསྡུའི་སྐབས་དང་བསྟུན་ཏེ་དབུ་མ་དང་རང་བཙན་བར་གྱི་འགྲན་རྩོད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། བོད་མི་མང་སྤྱི་འཐུས་རྣམ་པས་དཀའ་རྙོག་དེ་སེལ་བར་འགན་ག་འདྲ་འཁྱེར་དགོས་པ་རེད་བསམ་གྱི་འདུག
ལན། ངས་རང་བཙན་དང་དབུ་མའི་བར་ལ་འགལ་ཟླ་ཡོང་དགོས་པ་ཞིག་མ་རེད་བསམ་གྱི་འདུག དེའི་རྒྱུ་མཚན་ལས་སླ་བོ་རེད། དབུ་མ་ཡིན་ན་རེད། རང་བཙན་ཡིན་ནའང་རེད། གང་ལྟར་གཉིས་ཆ་བོད་པའི་དོན་དག་ཡིན་ལ། བོད་པའི་འཐབ་རྩོད་ཀྱི་ཆེད་དུ་རེད། དེ་གཉིས་ཀྱི་བར་འགལ་ཟླ་བཟོ་མཁན་སུ་རེད་ཟེར་ན། ང་རང་ཚོ་བོད་པ་རེད། འགལ་ཟླ་བཟོས་པའི་རྒྱུ་མཚན་དེ་གང་ལ་ཐུག་ཡོད་པ་རེད་ཟེར་ན། དང་པོ་དེ་དམངས་གཙོ་ཟེར་ཡོང་དུས་དེའི་འགན་དབང་དང་ཐོབ་ཐང་། ལོངས་སུ་སྤྱོད་སྟངས་དང་དེའི་ཚད་གཞི་ག་འདྲ་ཡིན་མགོ་མ་འཚོས་པས་རེད་བསམ་གྱི་འདུག གཉིས་པ་དེ་དབུ་མ་དང་རང་བཙན་གཉིས་ཀྱི་བར་འཁྲུག་ཆ་དོད་པོ་འདི་འདྲ་ཞིག་ཡོང་བ་དེ་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་གི་འདུག གནས་སྟངས་དེ་འདྲ་བཟོ་མཁན་དང་བཟོ་འཇུག་མཁན་དེ་སུ་ཡིན་པ་དང་། གང་འདྲ་ཡིན་པ། དེའི་རྒྱབ་ལྗོངས་དང་དེའི་མཇུག་འབྲས་ལ་བརྟེན་ནས་ང་ཚོ་བོད་པར་གནོད་ག་ཚོད་ཅིག་སྐྱེལ་གྱི་ཡོད་མེད་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་ཐུགས་བསམ་བཞེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག
དབུ་མ་དང་རང་བཙན་གཉིས་ཀྱི་གནད་དོན་དེའི་ཐོག་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་འགན་ག་འདྲ་འཁྱེར་དགོས་པ་རེད་ཟེར་ན། སྤྱི་འཐུས་ནི་མི་མང་གི་འཐུས་མི་ཞིག་ཡིན་པས་ག་དུས་ཡིན་ནའང་། བོད་པའི་སྤྱི་ཚོགས་འདི་ཡག་པོ་ཞིག་ཡོང་བ་དང་ཞི་བདེ་ལྷིང་འཇགས་ཤིག་ཡོང་བར་བསམ་བློ་ཆེ་ཤོས་གཏོང་དགོས་པ་རེད་དྲན་གྱི་འདུག སྤྱི་འཐུས་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མི་སྣ་འདྲ་པོ་ཞིག་ཡིན་སྟབས། དབུ་མ་དང་རང་བཙན་བར་ལ་བཤད་སྟངས་དང་ཁ་སྣོན་འདྲ་མི་འདྲ་བྱས་ཏེ་ལུང་དཀྲུག་ཕུ་དཀྲུག་བྱས་པ་ཡིན་ན། ང་ཚོ་བོད་པར་ཕན་ཐོགས་ཡོད་པ་མ་རེད། དམངས་གཙོའི་ལུང་པའི་ནང་ལྟ་བ་ལངས་ཕྱོགས་དང་ཐབས་ལམ། བསམ་ཚུལ་ག་རེ་ཡིན་ནའང་འཁུར་ཆོག་གི་རེད་ལ། འཁུར་དགོས་པ་དེའང་གལ་ཆེན་པོ་རེད་བསམ་གྱི་འདུག ཡིན་ནའང་། དོ་བདག་སོ་སོ་ནས་སོ་སོས་ཡིད་ཆེས་བྱེད་བཞིན་པའི་ལྟ་བ་ལངས་ཕྱོགས་དེར་བོད་པའི་གནད་དོན་སེལ་ཐུབ་པའི་ཕན་ནུས་ག་ཚོད་འདུག་དེའི་སྒང་ལ་དཔྱོད་ཤེས་བྱེད་དགོས་པ་ཞེ་དྲགས་གལ་ཆེན་པོ་རེད། གང་བྱུང་སེམས་ལ་དྲན་པ་ཙམ་གྱིས་བཤད་བཞག་པ་དེ་དབུ་མ་དང་རང་བཙན་གཉིས་ཀའི་ནང་ཡོང་ཐབས་ཡོད་པ་མ་རེད།
དྲི་བ། དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་སྒྲིག་གཞི་གཏན་འབེབས་ལྟར་ལག་བསྟར་གནང་ཐུབ་མིན་ཐོག་གླེང་སློང་དང་དོགས་འདྲི་བྱེད་མཁན་མང་པོ་ཡོད་པས། ཁྱེད་རང་ལ་མཐོང་སྣང་ག་འདྲ་འདུག གོང་འོག་བར་གསུམ་ལ་ཁྱབ་པའི་ཐོག་ནས་སྒྲིག་གཞི་ལག་བསྟར་གནང་ཐུབ་པར་ཐབས་ལམ་ག་རེ་འཚོལ་རྒྱུ་འདུག
ལན། ངས་བསམ་ན་སྒྲིག་གཞི་དེ་ཡག་པོ་ཞེ་དྲགས་བཟོས་འདུག ཡིན་ནའང་། དོན་ཚན་ཁ་ཤས་ཤིག་འོས་བསྡུ་ལས་ཁང་ནས་སྟངས་འཛིན་བྱེད་ཁག་པོ་ཞེ་དྲགས་རེད། སྒྲིག་གཞི་བཟོ་མཁན་ཞིག་གིས་སོ་སོའི་ཁོར་ཡུག་དང་བསྟུན་ཏེ་བཟོས་ཡོད་པས། གཙོ་བོ་སྒྲིག་གཞི་འཁུར་མཁན་ཚོས་ཚུལ་བཞིན་དུ་འཁུར་ཐུབ་མིན་ལ་རག་ལས་ཡོད་པ་རེད། འཁུར་མཁན་རང་ཉིད་ཀྱི་ངོས་ནས་མ་སྐུལ་དང་བླངས་ཀྱིས་བརྩི་སྲུང་བྱེད་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད། སོ་སོའི་སྒེར་དོན་འགྲུབ་ན་སྤྱི་དོན་ལ་ག་རེ་ཡོང་ན་ཡོང་བསམ་ནས་འགྲོ་བསྡད་པ་ཡིན་ན། འོས་བསྡུ་ལས་ཁང་གི་སྒྲིག་གཞི་ཙམ་མ་རེད་རྒྱལ་ཁབ་ཅིག་གིས་རྩ་ཁྲིམས་བཟོས་ཡོང་ནའང་དཀའ་ལས་ཁག་པོ་ཞེ་དྲགས་རེད།
འོས་བསྡུའི་སྒྲིག་གཞི་ཡག་པོ་བཟོས་འདུག་ཀྱང་། དེའི་ནང་ནས་ཁ་ཤས་འོས་བསྡུ་ལས་ཁང་གིས་གཏན་ནས་ལག་བསྟར་བྱེད་མི་ཐུབ་པ་དེ་འདྲ་རེད། དཔེར་ན། སྐད་འཕྲིན་དང་ངོ་དེབ་སོགས་ཀྱི་ནང་འོས་མི་ཁྱབ་བསྒྲགས་ཆེད་༸གོང་ས་མཆོག་གི་སྐུ་པར་དང་རྒྱལ་དར་སོགས་བེད་སྤྱོད་བཏང་བའི་ཡིག་ཆ་དང་པར་ག་རེ་ཡིན་ནའང་བཟོ་ཡོང་གི་རེད་ལ། མི་མངོན་པའི་ཐོག་ནས་ཁྱབ་བསྒྲགས་གཏོང་ཡོང་གི་རེད། ཡིན་ནའང་། དེ་ཚོ་འོས་མི་དོ་བདག་ལ་ཁྱེད་རང་གིས་བྱས་པ་རེད་ལབ་དགོས་ན་དཀའ་ལས་ཁག་པོ་རེད་བཱ། དེར་བརྟེན་སྒྲིག་གཞི་ལག་བསྟར་ཡག་པོ་ཐུབ་དང་མི་ཐུབ་དེ་གཙོ་བོ་སྲིད་སྐྱོང་ཡིན་ན་རེད། སྤྱི་འཐུས་ཡིན་ནའང་རེད། འོས་མི་དང་དེའི་རྒྱབ་སྐྱོར་བ་དོ་བདག་སོ་སོར་རག་ལས་ཡོད་པ་རེད་བསམ་གྱི་འདུག
གསར་འགོད་པ། པདྨ་མཚོ།
སྤྱི་འཐུས་འོས་མི་ལི་ཐང་ཕོ་གསར་འདི་དང་ང་གཉིས་ཀ་སང་ཐེངས་དང་པོ་ངོ་ཐུགས་དང་བཀའ་མོལ་བྱུང་། ང་རང་གི་འོས་ཤོག་འདི་ཁོང་ལྟ་བུ་མདོ་སྟོད་གཞོན་ནུ་ཤེས་ཡོན་ཡོད་མཁན་འགའ་ཤས་ལ་བླུགས་དགོས་བསམ་ནས་བསྡད་ཡོད།
དེང་དུས་ཀྱི་ཤེས་ཡོན་ལྡན་པའི་ན་གཞོན་འདི་འདྲ་གྲོས་ཚོགས་ནང་བསླེབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་ཁྲིམས་ལུགས་རིག་པའི་ཐོག་ཆེད་སྦྱོང་ཐོན་པ་ཞིག་ད་ལྟ་གྲོས་རའི་ནང་དཀོན་པོ་རེད། ཁོང་ལྟ་བུར་རྒྱབ་སྐྱོར་བྱེད་འོས་པ་རེད།