མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀྱི་འོས་བསྡུའི་ནང་ཐེངས་དང་པོར་འོས་ཤོག་འཕངས་པ།

༢༠༡༥/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

༄༅།། ང་རང་ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་དུ་བཙན་བྱོལ་དུ་སླེབས་ཤིང་། དེ་ནས་ད་བར་ལོ་ངོ་ ༢༤ སོང་ཟིན་པ་དང་། དུས་ཡུན་དེའི་རིང་སྤྱི་འཐུས་སྐབས་བཅུ་གཅིག་པ་ནས་དེ་རིང་(༢༠༡༥།༡༠།༡༨)གི་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་བར་ཁྱོན་བསྡོམས་སྤྱི་འཐུས་ཀྱི་འོས་འདེམས་ཐེངས་ལྔ་དྲུག་བྱས་ཀྱང་། སྤྱི་འཐུས་ཀྱི་འོས་བསྡུའི་ནང་ངས་འོས་འཕངས་པ་དེ་རིང་ཐེངས་དང་པོ་ཡིན།

ང་རང་ཆོལ་ཁ་དང་ལུང་ཚན། ཆོས་རྒྱུད་ཀྱི་དབྱེ་བ་མེད་པའི་འོས་བསྡུའི་ལམ་ལུགས་ཤིག་ལ་རེ་སྨོན་བྱེད་མཁན་ཞིག་ཡིན། ད་ཡོད་བཙན་བྱོལ་བོད་མིའི་ཡོངས་ཁྱབ་འོས་བསྡུའི་ལས་དོན་ནང་། འོས་ཁོངས་ཀྱི་འགྲོ་ལུགས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་ཡོད་པ་ལས། དང་པོ་ནི་སྲིད་སྐྱོང་དང་། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་གྱི་སྤྱི་འཐུས་འོས་བསྡུ་དང་། གཉིས་པ་ནི་རྒྱ་བལ་འབྲུག་གསུམ་གྱི་སྤྱི་འཐུས་ཀྱི་འོས་བསྡུ་ཡིན། སྲིད་སྐྱོང་དང་ཕྱི་རྒྱལ་སྤྱི་འཐུས་ཀྱི་འོས་བསྡུའི་ནང་། ཆོལ་ཁ་དང་ཆོས་རྒྱུད་ཀྱི་དབྱེ་བ་མེད་པར་འོས་འཕངས་ཆོག་གི་ཡོད།

འོན་ཀྱང་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་བཅས་ལ་གནས་པའི་བོད་མི་མི་སྐྱ་ཚོས། སྤྱི་འཐུས་འདེམས་སྐབས་རང་ཉིད་གང་དུ་གཏོགས་པའི་ཆོལ་ཁའི་སྤྱི་འཐུས་འོས་འདེམས་བྱེད་དགོས་པ་དང་། སེར་མོ་བ་ཚོས་རང་ཉིད་གང་དུ་གཏོགས་པའི་ཆོལ་ཁ་དང་ཆོས་རྒྱུད་གཉིས་ཀའི་སྤྱི་འཐུས་འོས་འདེམས་བྱེད་དགོས་པ་ལས། ཆོལ་ཁ་གཞན་ཞིག་གི་ཁོངས་སུ་རང་གིས་འོས་འཕེན་འདོད་ཡོད་པའི་མི་ཞིག་ཡོད་ནའང་། དེ་ལ་འོས་འཕེན་སའི་ལམ་བུ་མེད།

ཆོལ་ཁ་ཆོས་རྒྱུད་གཞི་ལ་བཞག་པའི་འོས་བསྡུའི་ལམ་ལུགས་དེ་ལ་ལེགས་ཆ་ཡོད་པ་རེད། ཡིན་ན་ཡང་། དེ་ལ་སྐྱོན་ཆ་ཡང་ཡོད་པ་སྟེ། ལམ་ལུགས་དེ་རང་གིས་ཆོལ་ཁ་དང་ཆོས་རྒྱུད་ཀྱི་འཐེན་འཁྱེར་གྱི་རྐྱེན་རྩ་བཟོ་བཞིན་ཡོད།

མང་གཙོའི་སྤྱི་ཚོགས་ནང་། འོས་འཕེན་ཆོག་པའི་ཐོབ་ཐང་ཡོད་ལ། འོས་མི་འཕེན་པའི་ཐོབ་ཐང་ཡང་ཡོད་པ་རེད། དེར་བརྟེན་ང་རང་གི་ལྟ་ཚུལ་གཞི་བཟུང་ད་ཕན་ངས། ཆོལ་ཁ་དང་ཆོས་ལུགས་དབྱེ་མེད་ཀྱི་སྲིད་སྐྱོང་འོས་བསྡུའི་ནང་འོས་འཕངས་ཤིང་། ཆོལ་ཁའི་སྤྱི་འཐུས་ཀྱི་འོས་བསྡུའི་ནང་འོས་འཕེན་མྱོང་མེད། འོན་ཀྱང་འོས་བསྡུའི་ཆེད་དུ་དེབ་སྐྱེལ་སོགས་ཀྱི་ལས་དོན་རྣམས་སྒྲུབ་བཞིན་ཡོད། ད་ལོ་ཕྲན་རང་ཨོ་སི་ཊོ་ལི་ཡར་སླེབས་ཡོད་པས། ས་ཁུལ་འདི་ནས་ཆོལ་ཁ་དང་ཆོས་ལུགས་དབྱེ་མེད་ཀྱི་སྤྱི་འཐུས་འོས་མི་གཅིག་ལ་འོས་འཕེན་ཆོག་གི་ཡོད། འདི་ནི་ང་རང་གི་ལྟ་ཚུལ་དང་མཐུན་པ་ཞིག་ཡིན་པས། དགའ་ཚོར་ཆེན་པོས་ད་ནངས་ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་རླངས་འཁོར་ནང་འགྲུལ་བཞུད་ཀྱིས། འོས་བསྡུའི་སྤྱིལ་བུ་ཡོད་སར་བསྐྱོད་པ་དང་། དེར་ཤ་ཁྲག་གཅིག་པའི་བོད་རིགས་ཕོ་མོ་ཚོ་དང་ལྷན་དུ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་འོས་ཤོག་འཕངས་པ་ཡིན།

ང་རང་གི་འོས་ཤོག་འཕེན་སའི་འོས་མི་དེར་རྒྱལ་ཁ་ཐོབ་མིན་མི་ཤེས་ཀྱང་། ཆོལ་ཁ་ལུང་ཚན་དང་ཆོས་ལུགས་འཐེན་འཁྱེར་གྱི་ལྕགས་སྒྲོག་ལས་ཐར་ཏེ། རང་ངོས་ནས་འོས་མི་དྲག་ཤོས་དང་འོས་ཤོས་རེད་བསམས་སའི་མི་དེར་འོས་ཤོག་འཕེན་རྒྱུའི་གོ་སྐབས་ཐོབ་པས་སྤྲོ་བ་འཕེལ་ལ། ད་ཕན་རང་ངོས་ནས་མི་ཚེའི་རིང་། ཆོལ་ཁ་དང་ལུང་ཚན། ཆོས་ལུགས་བཅས་གཞི་ལ་བཞག་པའི་འོས་བསྡུའི་རྣམ་པ་གང་གི་ནང་དུའང་འཛུལ་ཞུགས་མ་བྱས་པ་དེ་གཟི་བརྗིད་ཡིན་སྙམ།། །།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༨ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 17

  1. རིག་འཛིན། says:
    ལོ་ 10 སྔོན།

    མཁས་དབང་ལགས་ཀྱིས་གསུངས་པ་ཧ་ཅང་མད་གུས་པས་ཀྱང་ཆོལ་ཁ་ཆོས་རྒྱུད་རིས་མེད་ཀྱི་འོས་འདེམས་ལམ་ལུགས་ཤིག་བྱུང་ན་སྙམ་མྱོང་ལ་བཤད་ཀྱང་མྱོང་། འདས་པའི་ལོ་རྒྱས་ནང་ག་རེ་བྱུང་མྱོང་མིན་དང་འདི་ཚོའི་གནད་འགག་སྐོར་ནས་བློ་སྐྱེད་གསར་བའང་ཐོབ་བྱུང་བཀའ་དྲིན་ཆེ།

    Reply
  2. བསྟན་འཛིན་ཆོས་རྒྱལ། says:
    ལོ་ 10 སྔོན།

    ཧཧཧ། སུ་གཅིག་གིས་མི་ཤེས་པར་མི་ལོ་བཅོ་ལྔ་ཉུ་ཤུ་ཙམ་ལ་ ཁུ་སིམ་སིམ་གྱི་ངོ་རྒོད་གནང་འདུག

    Reply
  3. Gangchen Tsedup Tenphel says:
    ལོ་ 10 སྔོན།

    ཆུང་ཚེ་རིང་ལགས་ཀྱི་དགོངས་ཚུལ་ཡག་པོ་འདུག ཐུགས་རྗེ་ཆེ།

    Reply
  4. ཚེ་སྒྲུབ་བསྟན་འཕེལ། says:
    ལོ་ 10 སྔོན།

    ཁྱེད་རང་གི་བསམ་བློའི་འཁྱེར་ཕྱོགས་ཡག་པོ་འདུག ཐུགས་རྗེ་ཆེ།

    Reply
  5. ཤག་སྒང་པ་སངས་ཚེ་རིང་། says:
    ལོ་ 10 སྔོན།

    བསམ་ཚུལ་མཐའ་གཅིག་ཏུ་མཐུན་པ་ཡིན། འདི་སྐོར་སྐད་ཅོར་མང་པོ་བརྒྱབ་མྱོང་།།

    འོན་ཀྱང་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་ཟེར་བ་དང་། ལྷག་པར་དུ་བོད་ཀྱིས་རྒྱ་ནག་ལ་སྤྲད་པའི་མིང་དོན་མཚུངས་པའི་ཆོལ་གསུམ་ནི་མཐར་ཐུག་གི་མཐའ་ཚིག་ཡིན་པ་དེས་དགོངས་འཆར་འདིར་ཇི་ཙམ་སྐད་བརྒྱབ་ཀྱང་འགྱུར་བ་མི་འགྲོ་བའི་ཚུགས་ཀ་འདི་ལ་ཐུག་པ་ཡིན་པ་འདྲ།

    སྤྱི་འཐུས་བགྲོ་ཚོགས་ནང་བགྲོ་གླེང་བྱུང་བ་བཞིན། བགྲོ་ཚོགས་གོང་འོག་གཉིས་བཟོ་དགོས་པ་དེ་གནད་འགག་རེད་བསམ་གྱི་ཡོད། བགྲོཚོགས་འོག་མར་ས་གནས་མི་གྲངས་བཞིན་གསར་གཏོད་བྱ་དགོས་པ་ཡིན།

    དེ་མིན་དབུས་གཙང་ཟེར་བ་སྙིང་རྗེ་་་་༣༠༠༠ དང་༣༠༠ གཅིག

    Reply
  6. པདྨ་ says:
    ལོ་ 10 སྔོན།

    ངས་བསམ་པར་སྔོན་མའི་ལམ་ལུགས་དེ་ལ་དགེ་ཚན་དང་དགོས་པ་མེད་པ་ཞིག་ཏུ་བསམ་གྱིན་མེད་ནའང། དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ང་ཚོའི་མང་གཙོའི་ལམ་སྲོལ་གྱི་འགྲོ་ལུགས་ཀྱང་དེ་ལྟར་བསྐྱོད་དགོས་པ་ནི་ཆོས་ཉིད་ལྟ་བུར་མཐོང་ལ་། ལྷག་པར་དུ་ང་རང་ཚོ་རྒྱལ་ཁབ་མེད་ཅིང། མང་གཙོའི་ལམ་སྲོལ་དེ་བྱིས་པ་ལོ་ཆུང་ཞིག་ཡིན་པས། དེ་ལ་ལེགས་སྤེལ་ཉེས་འགོག་གི་དཔེ་ལྟར་མདུན་བསྐྱོད་བྱེད་དགོས་པ་ནི་ཤིན་ཏུ་ནས་འོས་ཤིང་འཚམས་པ་ཞིག་ཏུ་རེད་དྲན་གྱི་ཡོད།

    ཡར་རྒྱས་ནི་ཕམ་ཁ་དང་དཀའ་སྡུག་གི་ཁྲོད་ནས་སླེབས་དགོས་པ་ཞིག་རེད་བསམ་གྱིན་ཡོད།

    Reply
  7. tsering says:
    ལོ་ 10 སྔོན།

    འོ་མཁས་དབང་ཆུང་ཚེ་རིང་ལགས་ཀྱིས་མང་པོ་བྲིས་འདུག དོན་དངོས་ཁོང་གིས་༸གོང་ས་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོ་དེར་འདོད་མོས་མེད་པ་འདྲ། ཐོག་མར་༸གོང་ས་མཆོག་གིས་གསོལ་སྩལ་གནང་སྐབས་ཆོལ་ཁ་ཆོས་ལུགས་དང་བཅས་པའི་སྒྲོམ་གཞི་དེ་གནང་བ་དང་། འོས་འདེམས་བྱེད་སྟངས་ཡང་བཅའ་ཁྲིམས་གཞིར་བཟུང་གཏན་འབེབས་གནང་ནས་ཕྱིན་པ་རེད། དེར་ཆ་ཤས་མ་བླངས་བ་དེས་ལམ་ལུགས་དེར་འདོད་མོས་མེད་རྟགས་མ་ཡིན་ནམ། དེ་མིན་ཆོལ་ཁ་གསུམ་གྱི་སྤྱི་འཐུས་རྣམས་བཙན་བྱོལ་བོད་མི་ཡོངས་ཀྱིས་གདམ་རྒྱུ་ཞེས་པ་དེ་བཙན་བྱོལ་ནང་གྲངས་མང་གིས་བཟུང་བའི་དབུས་གཙང་མི་མང་གིས་སུ་གདམ་གདམ་ཆགས་རྒྱུ་རེད་སྙམ།

    Reply
    • ཆུང་ཚེ་རིང་ says:
      ལོ་ 10 སྔོན།

      ༡) ཁྱེད་ཀྱི་བསམ་ཚུལ་གུས་བརྩི་ཡོད་ལ་བསམ་ཤེས་ཐུབ་ཐབས་ཞུ་བཞིན་ཡོད། ནམ་རྒྱུན་མིོ་ཚོས་ལྡོག་ཕྱོགས་ཀྱི་སྐད་ཆ་བཤད་ཡོང་དུས། ངས་དེ་ལ་གུས་བརྩི་ཞུས་ནས་ཉན་གྱི་ཡོད། རང་གི་ལྟ་ཚུལ་དང་ཇི་ཙམ་མ་མཐུན་ཡང་ཉན་གྱི་ཡོད། ཕར་དགག་བཞག་བྱེད་སྐབས། ༸གོང་ས་མཆོག་གི་མཚན་དང་བཀའ་དྲངས་ཏེ་འབུར་འཇོམས་བྱེད་ཐབས་ཞར་ཡང་བྱེད་ཀྱི་མེད། དེ་ལྟར་མི་བྱེད་པའི་རྒྱུ་མཚན་ནི། ངས་གཞན་གྱིས་བསམ་ཚུལ་མི་མཐུན་པ་ཞིག་བཤད་པ་དེ་ང་དང་མི་མཐུན་རུང་། དེ་ཁོ་རང་གི་བསམ་ཚུལ་ངོ་མ་རང་ཡིན་པ་དང་། བསམ་ཚུལ་དེ་ཁོ་རང་ལ་ལྟོས་ནས་བཤད་ན་བདེན་པ་རང་དུ་ཚོར་བཞིན་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་ངས་དེ་ལ་གུས་བརྩི་ཞུ་གི་ཡོད། ང་རང་རང་ངོས་ནས་ཀྱང་རང་གི་བསམ་ཚུལ་ངོ་མ་བཤད་ཐབས་ཞུ་བཞིན་ཡོད། ངས་བཤད་པའི་བསམ་ཚུལ་དེ་ཚོ་ང་རང་ལ་ལྟོས་ནས་བཤད་ན་བདེན་པ་རང་ཡིན། དེ་འདྲའི་བསམ་བློའི་ཁྱེར་སོ་མེད་པར། ངས་གང་བཤད་བདེན་པ་རྐྱང་དང་། གཞན་གྱིས་གང་བཤད་རྫུན་མ་ཤ་སྟག་ཏུ་བསམས་ཏེ་ངན་སྨྲས་བྱས་ན། དོན་ངོ་མའི་བགྲོ་གླེང་ཟེར་བ་ཡོང་ཐབས་བྲལ་བ་རེད། དེར་བརྟེན་ད་ལྟ་དང་། མ་འོངས་བཅས་སུ་འདིར་བགྲོ་གླེང་བྱེད་སྐབས། ངས་༸གོང་ས་མཆོག་དང་བླ་ཆེན་མི་ཆེན་གྱི་མཚན་དྲངས་ཏེ་གཞན་ནག་པོ་བཟོ་ཐབས་ཞར་ཡང་མི་ཞུ་ལ། གཞན་གྱིས་གང་བཤད་ནོར་བ་དང་། ངས་གང་བཤད་འགྲིག་པར་ངོས་འཛིན་གྱིས་གླེང་རྩོད་ཀྱང་མི་ཞུ། དེ་མཁྱེན་པར་འཚལ།
      ༢) ཕྲན་གྱིས་ད་ཕན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞི་བཟུང་འོས་བསྡུའི་ནང་ཆ་ཤས་བླངས་ཡོད། དེ་ཡང་དཔྱ་དངུལ་ཕུལ། འོས་བསྡུའི་དེབ་སྐྱེལ་ཞུས། འོས་བསྡུའི་ཉིན་འོས་འཕེན་སར་བསྐྱོད། རང་གིས་འདོད་མོས་ཡོད་སར་འོས་འཕངས། རང་གི་འདོད་མོས་མེད་སར་འོས་འཕེན་གྱི་མེད། དེ་ནི་འོས་བསྡུའི་ནང་ཆ་ཤས་བླངས་པ་ལས་མ་བླངས་པ་མ་རེད། འོས་འཕེན་སར་དངོས་སུ་བསྐྱོད་དེ་སྡེ་ཚན་བྱེ་བྲག་ཅིག་ལ་འོས་འཕངས། སྡེ་ཚན་བྱེ་བྲག་ཅིག་ལ་འོས་མི་འཕེན་པ་དེ་འོས་བསྡུའི་ནང་རང་གི་ལྟ་ཚུལ་བཞིན་འགན་འཁྱེར་བ་ཆགས་ཡོད། དེ་ངའི་ཡིད་ཆེས་ཡིན།
      ༣) བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་དུའང་། བོད་ཀྱི་ཡུལ་མིར་འོས་གཞིར་ལངས་པ་དང་འོས་འཕེན་པའི་ཐོབ་ཐང་ཡོད་པར་གསུངས་པ་མ་གཏོགས། ཆོལ་ཁ་ཆོས་ལུགས་གང་རུང་ངམ་གཉིས་ཀ་ལ་ངེས་པར་འོས་འཕེན་དགོས་པ་དེ་ངེས་པར་སྒྲུབ་དགོས་པའི་ལས་འགན་ཡིན་པར་གསུངས་མེད། རང་གི་འདོད་མོས་བཞིན་འོས་འཕེན་པ་དེ་ཐོབ་ཐང་ལོངས་སུ་སྤྱོད་པ་དང་། བཅའ་ཁྲིམས་དང་མཐུན་པ་ཇི་བཞིན། རང་གི་འདོད་མོས་མེད་སར་འོས་མི་འཕེན་པ་དེ་ཡང་ཐོབ་ཐང་ལོངས་སུ་སྤྱོད་པ་དང་། བཅའ་ཁྲིམས་དང་ཡོངས་སུ་མཐུན་པ་ཞིག་ཡིོན་སྙམ།
      ༤) ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་འོས་འདེམས་བྱས་ན། སྤྱི་འཐུས་ཆ་ཚང་དབུས་གཙང་བ་ཆགས་ཉེན་ཡོད་དང་མེད་དེ་དཔྱད་གཞི་ཞིག་རེད། དང་པོ། ད་ཕན་ལོ་བཅོ་ལྔའི་རིང་བཀའ་བློན་ཁྲི་པ་དང་། སྲིད་སྐྱོང་གི་འོས་བསྡུ་དེ་ཆོལ་ཁ་དབྱེར་མེད་དུ་བྱས་པ་རེད། ད་ལྟ་མ་འོངས་པའི་ལོ་ལྔའི་རིང་གི་སྲིད་སྐྱོང་ཡང་ཆོལ་གསུམ་དབྱེར་མེད་དུ་འདེམས་བཞིན་ཡོད། ད་བར་གྱི་ཉམས་མྱོང་ལྟར་ན། གྲངས་མང་དབུས་གཙང་གིས་ཆོལ་ཁའི་ཞེན་ཁོག་བྱས་ཏེ་དབུས་གཙང་བ་ཁོ་ནར་འོས་འཕེན་ཉེན་མེད་པ་དེ་གསལ་པོ་ཆགས་འདུག་སྙམ། ཡིན་ན་ཡང་། སྲིད་སྐྱོང་དེ་ལྟར་བྱུང་ན། སྤྱི་འཐུས་ལའང་དེ་ལྟར་ཡོང་བའི་ངེས་པ་ཡོད་ཀྱི་མ་རེད། ཡིན་ནའང་དེ་ལ་ཐབས་ཤེས་ཡོད་ངེས་རེད། གོང་དུ་ཕྲན་གྱི་མཆན་གཅིག་གི་ནང་དེའི་སྐོར་ཞིག་གླེང་ཡོད་པས་འདིར་བསྐྱར་ཟློས་མི་ཞུ།

      Reply
  8. དོན་གྲུབ། says:
    ལོ་ 10 སྔོན།

    ལོ་མང་པོ་ཞིག་གི་གོང་ནས་དྲན་བཞིན་པའི་བསམ་ཚུལ་དེ་སྐུ་ཉིད་ཀྱིས་ཕྱིར་འདོན་གནང་བར་ཐུགས་རྗེ་ཆེ། སྔོན་ཆད་གཞོན་ནུ་ཚོགས་པས་འདིའི་སྐོར་ལ་དགོངས་འཆར་ཁ་ཤས་ཤིག་བསྒྲིགས་ཡོད་ཅིང་། ལམ་ལྷོང་བྱུང་མེད། ནམ་ཞིག་ང་ཚོས་ཆོལ་གསུམ་དབྱེ་འབྱེད་མེད་པའི་ཐོག་ནས་སྤྱི་འཐུས་ཀྱི་འོས་འཕེན་བྱེད་པའི་དུས་ཚོད་ཅིག་ཤར་ན་དེ་ནི། ཆོལ་ཁའི་འཐེན་འཁྱེར་གྱི་རྙོག་གྲ་དེ་ཇེ་ཉུང་དུ་འགྲོ་བའི་མངོན་རྟགས་ཡིན།

    Reply
  9. པདྨ། says:
    ལོ་ 10 སྔོན།

    སྐུ་ཉིད་ནས་བསམ་ཚུལ་གང་ཞིག་བཏོན་ཡོད་པ་ལ་རྒྱུ་མཚན་དང་དགེ་ཚན་མང་པོ་ཞིག་ཡོད་པ་ཤེས་བྱུང། ངས་ད་བར་ཕོ་ལོ་ ༣༠ བརྒལ་ནས་ད་དུང་
    སེམས་ནང་དུ་དེ་འདྲ་ཞིག་བསམ་བློ་མི་འཁོར་བ་ཅི་ཡིན་ནམ་ཞེས་རང་ཉིད་རང་ལ་ཁྲེལ་དགོད་དང་འཁང་རང་ཞིག་མི་རྒྱབ་ཐབས་མེད་དུ་འགྱུར་སོང།

    བསམ་ཚུལ་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ལ། ང་ཚོའི་སྤུན་ཟླ་གཞན་རྣམས་ཀྱང་རྨོངས་གཉིད་ལས་སད་ནས་དེ་ལྟ་བུའི་ལམ་བཟང་ཞིག་ཏུ་
    བསྐྱོད་ཐུབ་པར་ངས་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།

    ཐུགས་རྗེ་ཆེ།

    Reply
  10. བློ་བཟང་དར་རྒྱས། says:
    ལོ་ 10 སྔོན།

    ཁྱོད་ཀྱིས་གསུངས་པར་རྒྱུ་མཚན་མེད་པ་མིན་ཡང་། ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་འོས་ཤོག་ལྡུག་གི་ཡོད་པ་དེར་དགེ་མང་པོ་ཞིག་ཡོད་པ་རེད། གཞན་བཤད་མ་དགོས་པ་བྱོས། ད་ལྟའི་བོད་པའི་ཆབ་སྲིད་གནས་སྟངས་ཀྱི་ཐད་ནས་ཀྱང་བོད་པའི་ཆོས་བརྒྱུད་ཁག་ཡོངས་རྫོགས་ཀྱི་བླ་ཆེན་ཁག་བོད་ཕྱི་ལོགས་སུ་བཞུགས་པ་གང་ཞིག་ལ། ཆོས་བརྒྱུད་སོ་སོར་བོད་གཞུང་གི་ནང་གི་ཆ་ཤས་ལེན་པའི་འཐོབ་ཐང་ཡང་ཡོད་པ་དང་། དེ་བཞིན་བོད་ཆོལ་ཁ་གསུམ་ཁྱབ་མཉམ་ལ་བོད་པའི་རྩ་དོན་སྒྲུབ་མཁན་གྱི་གཞུང་ཟེར་ན་འདྲ། སྤྱི་བའི་སྒྲིག་འཛུགས་ནང་སྤྱི་དོན་ཕྱག་ལས་གནང་བའི་གོ་སྐབས་ཡོད་པ་དེར་གནད་འགག་ཆེན་པོ་ཞིག་ཡོད་པ་རེད། ནམ་ཞིག་བོད་དུ་རང་དབང་གི་སྐྱིད་པའི་ཉི་མ་ཤར་བའི་རྗེས་ལ་ཆོལ་ཁ་ཆོས་བརྒྱུད་ཀྱི་དབྱེ་འབྱེད་མེད་པར། ས་ཁུལ་དང་མི་འབོར་ལ་གཞིག་པའི་སྤྱི་འཐུས་འདེམས་སྒྲུག་བྱེད་དགོས་པ་སྨོས་མ་དགོས་པ་ཞིག་རེད་སྙམ།

    Reply
    • ཆུང་ཚེ་རིང་ says:
      ལོ་ 10 སྔོན།

      གནད་དོན་རང་གི་སྒང་ལ་བབས་ནས་བཤད་ན། ༡) ད་ལྟའི་ཆོལ་ཁ་དང་ཆོས་ལུགས་ཀྱི་འོས་བསྡུའི་འགྲོ་སྟངས་དེས་མ་གཏོགས་བོད་གཞིས་བྱེས་གཉིས་མཚོན་མི་ཐུབ་པ་ཡིན་དང་མིན་ལ་བསམ་གཞིགས་གནང་དགོས་པ་ཞིག་རེད། ང་ཚོའི་མདུན་དུ་ཡོད་པའི་སྲིད་སྐྱོང་ལས་ཐོག་དང་། དེའི་གོང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་བཙན་བྱོལ་བོད་མིས་ཆོལ་ཁའི་དབྱེ་བ་མེད་པར་བདམས་པ་ཞིག་རེད། དེ་ལྟར་བདམས་པ་དེས་བོད་གཞིས་བྱེས་གཉིས་མཚོན་ཤུགས་ཆེ་བ་མི་འདུག་གམ། འདེམས་མཁན་བོད་མི་ནི་ཆོལ་ཁ་དང་ཆོས་ལུགས་རིས་སུ་མ་ཆད་པ་རེད། བདམ་བྱའི་བཀའ་ཁྲི་དང་སྲིད་སྐྱོང་ཡང་ཆོལ་ཁ་ཆོས་ལུགས་གང་ནས་ཡོང་ནའང་འགྲིག་གི་ཡོད་པ་རེད། དེ་བསམས་འོས་པ་ཞིག་རེད།

      ༢) ཆོས་ལུགས་དང་ཆོལ་ཁའི་ལམ་ཁ་དེ་ངེས་པར་དགོས་ན། ད་ཡོད་བཞིན་མ་ཡིན་པར། ཐབས་ལམ་གཞན་ཡོད་མེད་དེ་ཡང་གནད་འགག་ཅིག་རེད། དཔེར་ན། བཙན་བྱོལ་བོད་མི་མི་རེ་ངོ་རེས། མདོ་སྟོད་དང་དབུས་གཙང་། མདོ་སྨད་བཅས་ཀྱི་སྤྱི་འཐུས་འོས་མི་མང་མཐའ་གྲངས་ ༡༠ རེ་ལ་འོས་བླུགས་ཆོག་པ་བཟོས་ན། བོད་མི་ཡོངས་ཀྱིས་ཆོལ་གསུམ་སྤྱི་འཐུས་བདམས་ཆོག་གི་ཡོད་པ་རེད། བདམས་ཐོན་སྤྱི་འཐུས་ཀྱི་གནས་ཚད་དང་། འགན་ཁུར་བྱ་སའི་ཁྱབ་ཁོངས་ཀྱང་རྒྱ་ཆེ་རུ་འགྲོ་ངེས་པ་རེད། དེ་ལྟ་བུའི་བསམ་བློ་བཏང་ས་ཡོད་རེད།

      འདི་ཚོ་སྤྱིར་བཏང་གི་བསམ་གཞིར་ཕུལ་བ་ལས། ང་རང་གི་ངེས་པ་བརྙེད་པའི་ལྟ་ཚུལ་མིན། འདིའི་རིགས་ལ་བགྲོ་གླེང་གནང་སྟེ། ཐབས་ལམ་གཞན་དག་ག་རེ་ཡོད་མེད་བསམ་གཞིགས་བྱས་ན། དགེ་མཚན་ལས་སྐྱོན་ཆ་ཡོད་མ་རེད།

      Reply
  11. jampa wangchen says:
    ལོ་ 10 སྔོན།

    ཁྱོད་ཀྱི་གསུང་པར་རྒྱུ་མཚན་ཡོད་ངོ་མ་རེད། ཡིན་ཡང་ད་ཡོད་ལམ་སྲོལ་འདི་ལའང་རྒྱུ་མཚན་དང་དགོས་པ་རྩ་བ་ནས་མེད་པ་མིན་པ། སྐབས་དེ་དུས་སྐྱབས་བཅོལ་ནང་ཆོལ་གསུམ་སོ་སོའི་མི་སྣ་མང་ཉུང་ལ་མ་གཟིགས་པ་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་ཐུབ་པའི་གྲོས་ཚོགས་ཤིག་ལ་དགོངས་པ་བཞེས་ཏེ་ལམ་སྲོལ་འདི་བཟོས་པ་ཞིག་ཡིན་པས་གནད་འགག་ཆེན་པོ་དང་བསམ་བློ་ཆེན་པོ་བཏང་པ་རེད་སྙམ།

    Reply
    • ཆུང་ཚེ་རིང་ says:
      ལོ་ 10 སྔོན།

      དེ་བདེན་པ་རེད། དེའི་དབང་གིས་གོང་གི་རྩོམ་ཡིག་ནང་ངས་ཀྱང་“ཆོལ་ཁ་ཆོས་རྒྱུད་གཞི་ལ་བཞག་པའི་འོས་བསྡུའི་ལམ་ལུགས་དེ་ལ་ལེགས་ཆ་ཡོད་པ་རེད།”ཅེས་གསལ་པོ་བྲིས་ཡོད་ལགས།

      Reply
  12. Tiboy says:
    ལོ་ 10 སྔོན།

    ང་རང་གི་འདོད་བློ་དང་ཡོངས་སུ་མཐུན་པའི་བསམ་ཚུལ་འདི་འདྲ་ཞིག་དེ་སྔོན་ནས་མ་མཐོང་བ་ཕམ་པོ་རེད། གལ་སྲིད་བསམ་ཚུལ་འདི་འདྲ་ཞིག་དེ་སྔོན་མཐོང་ན། ཆོལ་གསུམ་དབྱེ་འབྱེད་ཅན་གྱི་སྤྱི་འཐུས་དང་། ཆོས་ལུགས་དབྱེ་འབྱེད་ཅན་གྱི་སྤྱི་འཐུས་འོས་ཤོག་སོགས་འཕེན་མི་སྲིད་པ་རང་ཡིན། གང་ལྟར་སྣང་ངོར་སྤྲོ་བ་འཕེལ་ཞིང་། ཞེ་ཕུག་གཅིག་ཏུ་མཐུན་པའི་རྩོམ་ཡིག་འདི་མཐོང་དུས་བློ་བསྐྱེད་གསར་པ་གང་འཚམས་ཞིག་རགས་སོང་བས། རྩོམ་པ་པོ་མཆོག་ལ་ཐུགས་རྗེ་ཆེ།

    Reply
    • ཆུང་ཚེ་རིང་ says:
      ལོ་ 10 སྔོན།

      མང་གཙོ་ནི་མཐར་གཏུགས་ན། བསམ་བློའི་རང་དབང་རེད། ཁྱེད་དང་ང་ལྟ་བུ་ཉུང་ཤས་ཀྱིས་ད་ལྟ་བསམ་ཚུལ་འདི་འདྲ་ཞིག་བཅངས་ཡོད། ངེད་ཚོའི་སྔོན་དུ་བསམ་ཚུལ་འདི་དང་ཕྱོགས་མཐུན་པ་བཅངས་མཁན་བྱུང་བ་མ་ཟད། ༡༩༨༡ ལོར་བོད་གཞུང་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ཀྱིས་ཆོལ་གསུམ་འོས་ཤོག་སོ་སོར་འཕེན་པ་མ་ཡིན་པར་འོས་ཤོག་མཉམ་དུ་བླུགས་རྒྱུའི་ཐག་གཅོད་ཀྱང་གནང་མྱོང་བ་རེད། གྲོས་ཚོགས་ནང་དུའང་དེ་འདྲའི་སྐད་ཆ་ཐེངས་ཁ་ཤས་གླེང་སློང་བྱུང་མྱོང་བ་རེད། གང་ལྟར་མང་གཙོ་ནི་བསམ་བློའི་རང་དབང་ཡིན་པས། ངེད་ཚོའི་ལྟ་ཚུལ་འདི་འཛིན་མཁན་གྱི་བོད་མི་མང་དུ་སོང་ན། ལམ་སྲོལ་ལ་རིམ་པས་འགྱུར་བ་འགྲོ་གི་རེད། ཐུགས་རྗེ་ཆེ།

      Reply
  13. བརྩོན་རྒྱམ། says:
    ལོ་ 10 སྔོན།

    ངོ་མ་ཡག་པོ་རེད་ཤེས་ཡོན་པ་ཞིག་ཡིན་ནོ་དོན་གོ་ཁྱོད་ཡི་རངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese