ཨ་རྒྱ་གཉིས་ཀྱིས་རྒྱ་ནག་ལྷོ་རྒྱུད་ཀྱི་མཚོ་ཁུལ་རྩོད་གླེང་འདུམ་འགྲིག་ཡོང་ཐབས་སུ་བརྙན་འཕྲིན་སྐུད་ལམ་ནས་འབྲེལ་མོལ་བྱས་ཡོད་ཀྱང་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་འཐོན་མི་འདུག
དེ་རིང་དབྱིན་ཇིའི་གསར་ཤོག་ལྟ་སྲུང་ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་ནས་ཨ་རྒྱ་གཉིས་བར་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་ ༢༧ ཉིན་བརྙན་འཕྲིན་སྐུད་ལམ་ནས་རྒྱ་ནག་གི་མཚོ་དམག་དམག་དཔོན་ཝུ་ཧྲང་ལེ་ (Wu Shengli) དང་ཨ་རིའི་མཚོ་དམག་རྟོག་ཞིབ་ཚན་པའི་བཀོད་འདོམ་པ་རེ་ཆར་ཌི་སོན་ (Richardson) གཉིས་ཀྱིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་ཉོག་ཐད་གྲོས་མོལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་མཚོ་དམག་དམག་དཔོན་ཝུ་ཧྲང་ལེ་ཟེར་བས། གལ་ཏེ་ཨ་རིའི་གཞུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་མུ་མཐུད་ཛ་དྲག་གི་འཁྲུག་རྐྱེན་བསླང་བ་ཡིན་ན། ཕྱོགས་གཉིས་ཀྱི་མཚོ་ཁུལ་རྩོད་གླེང་གི་གནས་བབ་ཛ་དྲག་ཆགས་ཏེ་མཁའ་མཚོ་གཉིས་ནས་དམག་འཁྲུག་གི་མེ་ལྕེ་མཆེད་ངེས་རེད། དེར་བརྟེན། ཨ་རིའི་ཕྱོགས་ནས་མཚོ་ཁུལ་རྩོད་གླེང་གི་འཁྲུག་རྐྱེན་འདི་དག་བསྐྱུར་ནས་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་འཛིན་པར་ངས་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག
ཨ་རིའི་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་རྗོན་ཁེར་བྷེ་ (John Kirby) ཡིས། རྒྱལ་ཁབ་གཉིས་ཀྱི་མཚོ་དམག་དམག་དཔོན་རྣམ་པ་གཉིས་ནས་མཚོ་ཁུལ་རྩོད་གླེང་གནད་དོན་ཐད་མུ་མཐུད་ནས་འབྲེལ་མོལ་གནང་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས། དེ་བཞིན། རྒྱལ་ཁབ་ཕན་ཚུན་གྱི་གྲུ་ཁ་ཁག་ཏུ་ལྟ་སྐོར་ཆོག་པ་དང་། ལྷག་པར་དུ་མཚོ་འགྲུལ་རྟོག་ཞིབ་ལ་རང་དབང་ཡོང་ཐབས་སོགས་གླེང་སློང་བྱས་ཡོད་སྐོར་བརྗོད་འདུག
འདི་ཟླའི་ཚེས་ ༢༧ ཉིན་ཨ་རིའི་དམག་གྲུ་ཞིག་སྤྱི་ལེ་ ༡༢ མཚམས་སུ་རྒྱ་ནག་གིས་འཛུགས་སྐྲུན་ཟིན་པའི་གླིང་ཕྲན་ཞིག་གི་ཉེ་འགྲམ་དུ་བསྐྱོད་ཡོད་སྟབས། རྒྱ་གཞུང་གིས་པེ་ཅིན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་འབོད་འགུག་བྱས་ཏེ། ཨ་རིའི་གཞུང་གིས་རྒྱ་ནག་གི་མཚོ་ཁུལ་བདག་དབང་ལ་གཏོར་བརླག་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་པ་དང་། ཡང་ཨ་རིའི་གཞུང་གིས་རྒྱ་ནག་གིས་བདུན་ཕྲག་རྗེས་མར་ཨ་རིའི་ཧྥི་ལོ་རེ་ཌ་གྲུ་ཁར་ (Florida port) ལྟ་སྐོར་བྱེད་རྒྱུ་མ་ཟད། ཨ་རིའི་ཞིའི་རྒྱ་མཚོའི་དམག་དཔུང་བཀོད་འདོམས་ཁང་ (USPACOM) གི་དམག་སྤྱི་ཆེན་མོ་རྒྱ་ནག་ནང་གཟིགས་སྐོར་གནང་རྒྱུ་སོགས་ཕྱིར་འཐེན་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།
རྒྱ་གཞུང་གིས་ལྷོ་རྒྱུད་མཚོ་ཁུལ་ཁག་ཅིག་དམག་དཔུང་གི་རྟེན་གཞིར་འཛུགས་སྐྲུན་བྱེད་ཀྱི་ཡོད་སྟབས། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གཙོས་པའི་ཨ་རིའི་གཞུང་གིས་རྒྱ་ནག་གིས་ལྷོ་རྒྱུད་ཀྱི་མཚོ་འགྲུལ་རང་དབང་ལ་བརྡབ་གསིག་གཏོང་བཞིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ། རྒྱ་གཞུང་གིས་ཛ་དྲག་གི་རྣམ་པར་བསྒྱུར་ཏེ་རྒྱལ་ཁབ་ཕན་ཚུན་བར་ཆེས་རྣོ་ངར་ལྡན་པའི་རྩོད་གླེང་སློང་གི་ཡོད་ཅིང་། ཉེ་ལམ་ཧྥེ་ལེ་ཕིན་གཞུང་གིས་རྒྱལ་སྤྱིའི་དམིགས་བསལ་ཁྲིམས་ཞིབ་ལྷན་ཚོགས་ལ་རྒྱ་གཞུང་གིས་ལྷོ་རྒྱུད་མཚོ་ཁུལ་གྱི་བདག་དབང་རྩོད་ལེན་བྱེད་བཞིན་པའི་གྱོད་དོན་ཞུ་གཏུག་བྱས་ཀྱང་། རྒྱ་གཞུང་གིས་རྒྱལ་སྤྱིའི་དམིགས་བསལ་ཁྲིམས་ཞིབ་ལྷན་ཚོགས་ལ་རྒྱ་ནག་ལྷོ་ རྒྱུད་མཚོ་ཁུལ་རྩོད་གླེང་འདུམ་པའི་དབང་ཚད་མེད་ལུགས་བཤད་དེ་ངོས་ལེན་བྱས་མེད་པ་མ་ཟད། རྒྱ་ནག་ལྷོ་རྒྱུད་ཀྱི་མཚོ་ཁུལ་སོ་སོའི་བདག་དབང་རྒྱ་ནག་ལ་ཡོད་ལུགས་ཨུ་ཚུགས་བྱེད་ཀྱི་ཡོད་པ་དང་། རྒྱ་གཞུང་གིས་འཛུགས་སྐྲུན་བྱེད་བཞིན་པའི་མཚོ་ཁུལ་འདི་དག་རྒྱལ་སྤྱིའི་རྡོ་སྣུམ་གསུམ་ཆ་གཅིག་ལྷག་སྐྱེལ་འདྲེན་བྱེད་སའི་མཚོ་ལམ་གཙོ་བོ་ཁག་ཅིག་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།