ཉེ་ལམ་ནས་ཨ་རི་དང་ཨི་རག་ཁུར་ཌེ་ཤཱི་དམག་དཔུང་གིས་ཨི་རག་གི་ནུབ་རྒྱུད་དང་སི་རི་ཡའི་ཤར་རྒྱུད་ཀྱི་རྡོ་སྣུམ་ཐོན་ཁུངས་གཙོ་བོ་ཁག་བཙན་བཟུང་བྱེད་མཁན་ཨི་རག་དང་སི་རི་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་འགོག་རྒོལ་བྱེད་ཀྱི་ཡོད་འདུག
དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་མཁའ་དམག་གི་རམ་འདེགས་འོག ཨི་རག་ནུབ་རྒྱུད་ཀྱི་ཁུར་ཌེ་ཤཱི་ (Kurdish) འཐབ་དམག་ ༧༥༠༠ ལྷག་གིས་བསྐྱར་དུ་ཨི་རག་དང་སི་རི་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) གི་རྟེན་གཞི་སྟེ། སི་རི་ཡའི་མཐའ་མཚམས་སེན་ཇར་ (Sinjar) གྲོང་རྡལ་བཙན་བཟུང་བྱས་ཡོད་པ་དང་། གྲོང་ཁུལ་དེ་ནི་ཨི་རག་དང་སི་རི་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་དང་། སི་རི་ཡའི་ར་ཁ་ (Raqqa) གྲོང་ཁྱེར། དེ་བཞིན། ཨི་རག་གི་མོ་སུལ་ (Mosul) གྲོང་ཁྱེར་གསུམ་བར་དམག་ཆས་སྐྱེལ་འདྲེན་བྱེད་སའི་རྒྱུ་ལམ་གཙོ་བོ་ཞིག་ཡིན་ཞིང་། ཁ་སང་ཞོགས་པར་ཁུར་ཌེ་ཤཱི་དམག་དཔུང་གིས་སེན་ཇར་གྲོང་ཁུལ་བཙན་བཟུང་བྱས་པ་དང་མཉམ་དུ། ཨ་རིའི་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པ་རྟེན་གཞི་བྱེད་སའི་སི་རི་ཡའི་མངའ་ཁུལ་ཁག་ ༡༨ ལྷག་ནང་མཁའ་དམག་ཆེད་གཏོང་བྱས་ཡོད་འདུག
ལོ་སྔོན་མའི་ཕྱི་ཟླ་ ༨ ནང་ཨི་རག་དང་སི་རི་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་སེན་ཇར་གྲོང་ཁུལ་བཙན་བཟུང་བྱས་དུས། ཡ་ཙེ་ཌེ་ (Yazidi) ཁ་ཆེ་མི་རིགས་ཀྱི་ཡུལ་མི་ཁྲི་ ༥ ལྷག་སེན་ཇར་རི་ཁུལ་དུ་བྱོལ་ཡང་། འཇིགས་སྐུལ་དྲག་སྤྱོད་པས་ཡ་ཙེ་ཌེ་ཁ་ཆེ་མི་རིགས་ཀྱི་སྐྱེས་པ་བརྒྱ་ཕྲག་མང་པོ་དམར་གསོད་བཏང་སྟེ། བུད་མེད་སྟོང་ཕྲག་མང་པོར་བཙན་གཡེམ་བྱས་པ་དང་བྲན་གཡོག་ཏུ་བཀོལ་པའི་གནས་སྟངས་འོག ཕྱི་ལོ་ ༢༠༡༤ ལོ་ནས་ཨ་རིའི་མཁའ་དམག་གི་རམ་འདེགས་འོག ཁུར་ཌེ་ཤཱི་འཐབ་དམག་གིས་ཨི་རག་དང་སི་རི་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་འགོག་རྒོལ་བྱེད་ཀྱི་ཡོད་མ་ཟད། སི་རི་ཡའི་མངའ་ཁུལ་ཁག་ཏུ་ཨ་རིའི་རམ་འདེགས་མཁའ་དམག་འབོར་ཆེན་མངགས་གཏོང་བྱས་ཡོད་ཀྱང་། ཡ་ཙེ་ཌེ་ཁ་ཆེ་མི་རིགས་ཀྱིས་ཨ་རིའི་རོགས་འདེགས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་རེད།
རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། སི་རི་ཡའི་ཤར་རྒྱུད་མངའ་ཁུལ་གྱི་རྡོ་སྣུམ་ཐོན་ཁུངས་གཙོ་བོ་ཁག་ཨི་རག་དང་སི་རི་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་བཙན་བཟུང་བྱས་ཡོད་སྟབས། ཉེ་ལམ་ནས་ཨ་རི་དང་མནའ་འབྲེལ་རྒྱལ་ཁབ་ཁག་ཅིག་གིས་རྡོ་སྣུམ་ཐོན་ཁུངས་དེ་དག་འགན་སྲུང་བྱེད་ཆེད་མཁའ་དམག་འབོར་ཆེན་མངགས་གཏོང་བྱེད་ཀྱི་ཡོད་པ་དང་། འདས་པའི་ཟླ་བ་འདི་དག་རིང་ཨི་རག་དང་སི་རི་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་རྡོ་སྣུམ་ཐོན་ཁུངས་གཙོ་བོ་ཁག་ནས་ཉིན་གཅིག་ལ་རྡོ་སྣུམ་ལྕགས་ཟོམ་སྟོང་ཕྲག་ ༣༠ དང་། ཟླ་གཅིག་ནང་ཨ་སྒོར་ས་ཡ་ ༤༠། ལོ་གཅིག་ནང་ཨ་སྒོར་ས་ཡ་ ༥༠༠ ལྷག་གི་རྡོ་སྣུམ་ཐོན་སྐྱེད་དང་སྐྱེལ་འདྲེན་བྱེད་ཀྱི་ཡོད་པར་བརྟེན། ཨ་རིའི་མཁའ་དམག་གིས་ཨི་རག་དང་སི་རི་ཡ་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་རྡོ་སྣུམ་ཐོན་སྐྱོད་དང་སྐྱེལ་འདྲེན་བྱེད་བཞིན་པར་འགོག་རྒོལ་བྱེད་ཀྱི་ཡོད་པ་ཞིག་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།