རྒྱ་ནག་གི་ས་ཁུལ་མང་པོའི་ནང་དྲག་ཆར་བབས་ཏེ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པ་ལྟར་ཀྲེ་ཅང་ཞིང་ཆེན་ལི་ཏུང་གྲོང་ཚོའི་ནང་རི་ཉིལ་བྱུང་སྟེ་མི་གྲངས་ ༢༣ རྐྱེན་འདས་དང་མི་ ༡༤ གར་སོང་ཆ་མེད་དུ་གྱུར་ཡོད་འདུག
དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཀྲེ་ཅང་ཞིང་ཆེན་ནང་ཆར་པ་བསྟུད་མར་བབས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་མཚན་མོར་ལི་ཧྲེ་གྲོང་ཁྱེར་ལི་ཏུང་གྲོང་ཚོའི་ཉེ་འགྲམ་གྱི་རི་བོ་ཞིག་ལ་ས་ཉིལ་བྱུང་སྟེ། ཉུང་མཐར་མི་གྲངས་ ༢༣ རྐྱེན་འདས་དང་། མི་ ༡༤ གར་སོང་ཆ་མེད། ཁང་པ་ ༣༠ ཙམ་ལ་ཚིག་སྐྱོན་བྱུང་ཡོད་འདུག
རི་ཉིལ་བྱུང་རྗེས། མེ་སྐྱོན་སྔོན་འགོག་རུ་ཁག་དང་གྲོང་སྡེའི་མི་མང་སོགས་མི་གྲངས་ ༢༠༠༠ ཙམ་གྱིས་ས་སྔོག་སྟེ་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། ཡུལ་མི་ ༣༠༠ ལྷག་གནས་སྤོར་དགོས་བྱུང་ཡོད་འདུག
གཞན་ཡང་། རྒྱ་ནག་ཧུའུ་ནན་ཞིང་ཆེན་ནང་དགུན་དུས་ཀྱི་དྲག་ཆར་བབས་ནས་རྫོང་ཁག་ ༡༣ ནང་ཆུ་ལོག་སོགས་ཀྱི་གནོད་པ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཁྱོན་སྡོད་ཁང་ ༡༨༡ ལ་བརྡིབ་སྐྱོན་བྱུང་ཡོད་པ་དང་། མི་གྲངས་ ༨༦༠༠ ལྷག་ཛ་དྲག་གིས་གནས་སྤོར་དགོས་བྱུང་བ་སོགས་ཁྱོན་མི་གྲངས་ཁྲི་ ༡༡ ལྷག་ལ་གནོད་པ་ཐེབས་ཡོད་པ་མ་ཟད། གནམ་གཤིས་བརྟག་དཔྱད་ཁང་གིས་དྲག་ཆར་མུ་མཐུད་དུ་བབས་ཏེ། གནོད་སྐྱོན་ཆེན་པོ་ཐེབས་སྲིད་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།