རྒྱ་ནག་ནང་ཡོད་པའི་ཨ་རིའི་ཉིག་ཡོག་དུས་བབ་ཡན་ལག་ཁང་གི་འགན་འཛིན་ཧང་ཨན་ཝེས་ (黄安伟) བརྩམས།
པདྨ་མཚོས་བོད་སྒྱུར་བྱས།
ཡུལ་ཤུལ་ས་གནས་སྲིད་གཞུང་གི་མགོ་ཁྲིད་ཀྱིས་གྲྭ་བས་བཙུགས་བའི་ཉེ་འཁྲིས་ཀྱི་སྒེར་གཉེར་འཛིན་གྲྭས། ས་གནས་ཀྱི་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་བྱེད་ཀྱིན་པ་བཙན་གྱིས་མཚམས་འཇོག་ཏུ་བཅུག་རྗེས། ས་གནས་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ས་ཆ་གཞན་ཞིག་བཙལ་ཏེ། ལོ་ན་བཅུ་གྲངས་ལ་སོན་པའི་ཁོ་རང་གི་ཚ་མོ་གཉིས་ལ་མུ་མཐུད་བོད་སྐད་སྦྱོང་དུ་འཇུག་ཐུབ་པའི་རེ་བ་བཅངས།
ཁོང་རང་ཧང་སང་དུ་བཅུག་པ་ཞིག་ནི། བོད་མཐོ་སྒང་དུ་གཞི་བྱས་པའི་གྲོང་རྡལ་འདིར་གནས་སྡོད་བྱེད་མཁན་ཚང་མ་བོད་མི་ཡིན་པ་འདྲ་པོ་ཡོད་ཀྱང་། བོད་སྐད་སྦྱོང་ས་ཞིག་གཏན་ནས་མ་རྙེད་པ་དེ་རེད། ས་གནས་སྲིད་གཞུང་གི་ལས་བྱེད་པས་ས་གནས་ཀྱི་དགོན་པ་གཞན་དང་སྒེར་བཙུགས་སློབ་གྲྭ་ཞིག་ལ་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་བྱེད་མི་ཆོག་པའི་བཀའ་ཕབ་ཡོད་པ་དང་། གཞུང་བཙུགས་སློབ་གྲྭ་ཁག་གིས་དེའི་སྔོན་ནས་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོ་ངོ་མ་དེ་དོར་ཟིན་ཡོད་ལ། གལ་སྲིད་བོད་ཡིག་སློབ་ཀྱི་ཡོད་པ་ཡིན་ནའང་ཕྱི་སྐད་ལྟར་སློབ་ཐུན་གཅིག་མ་གཏོགས་མེད།
རང་ལོ་ ༣༠ ལོན་པའི་ཚོང་ཁང་ཞིག་གི་སྤྱིན་བདག་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། སྲིད་གཞུང་གི་བྱ་སྤྱོད་འདིས་ཐད་ཀར་བོད་མིའི་རིག་གཞུང་ལ་གནོད་སྐྱོན་ཐེབས་ཏེ། ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་མུ་མཐུད་ཉམས་ཆག་དང་རྩ་མེད་དུ་འགྲོ་བཞིན་ཡོད་པ་རེད་ཅེས་བརྗོད་བྱུང་ལ། ཁོང་གིས་གོང་རིམ་ལ་ཞུ་གཏུག་བྱས་པ་བརྒྱུད་ས་གནས་སྲིད་གཞུང་གིས་བོད་སྐད་སློབ་ཁྲིད་མང་དུ་གཏོང་ཐབས་གནང་གི་ཡོད་པ་རེད།
ཉེ་བའི་ལོ་མང་ནང་རྒྱ་གཞུང་གིས་མང་བ་ཉུང་འཕྲི་དང་རྒྱ་ཆེ་བའི་ནུབ་ཕྱོགས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱིས་བེད་སྤྱོད་བྱེད་ཀྱིན་པའི་སྐད་ཡིག་སློབ་ཁྲིད་ལ་སྟངས་འཛིན་བྱས་ཏེ། རྒྱ་སྐད་ཀྱི་སློབ་ཁྲིད་བྱ་བར་སྐུལ་འདེད་བྱས་ཡོད་པ་དང་། བྱ་འགུལ་འདི་ནི་གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞི་རྒྱ་ཆེ་བའི་བྱ་འགུལ་ཁྲོད་ཀྱི་ཁ་ཤས་ཤིག་ཡིན་ལ། བོད་མི་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་རྣམས་རྒྱ་ནག་ཧྲིལ་པོ་ཁ་ལོ་སྒྱུར་བཞིན་པའི་ཧན་མི་རིགས་ཀྱི་རིག་གཞུང་ནང་སིམ་ཐུབ་པའི་རེ་འདོད་བཅངས་ཡོད་པ་རེད།
ཡིན་ནའང་། རྒྱ་ནག་ཤེས་ཡོན་ལྷན་ཁང་གིས་བྱ་འགུལ་དེའི་དམིགས་ཡུལ་ནི་གྲངས་ཉུང་མི་རིགས་ཀྱི་སློབ་ཕྲུག་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་རྨང་གཞི་ཁོང་དུ་ཆུད་པ་དང་བཀོལ་སྤྱོད་ཐུབ་པའི་ཆེད་དུ་ཡིན་སྐོར་བརྗོད་ཡོད་ལ། ཁྱིམ་མི་ཁ་ཤས་ཀྱིས་ཀྱང་རྒྱ་སྐད་སློབ་ཁྲིད་ལ་དགའ་བསུ་བྱས་ཡོད། གང་ཡིན་ཟེར་ན། དེ་ལྟར་བྱས་ན་ད་གཟོད་སོ་སོའི་བྱིས་པས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ལས་གནས་དང་མཐོ་སློབ་ནང་གོ་བབ་རྩོད་ལེན་བྱེད་པར་གྲ་སྒྲིག་ཡག་པོ་བྱེད་ཐུབ་པར་འདོད་ཀྱི་ཡོད། ཡིན་ནའང་། བྱེད་ཐབས་གསར་པ་དེས་སེམས་ཁྲལ་ཞིག་ཀྱང་བསླངས་ཡོད་པ་མ་ཟད། སྔར་ལས་ཞེ་འཁོན་ཆེ་རུ་ཕྱིན་འདུག ཡུལ་མི་བཀྲ་ཤིས་དབང་ཕྱུག་ལགས་སོགས་ཀྱིས་སོ་སོའི་མི་རིགས་ཀྱི་འདུ་ཤེས་དང་སྲོལ་རྒྱུན་རྩ་གཏོར་འགྲོ་བཞིན་པར་སེམས་ཁྲལ་བྱེད་ཀྱིན་འདུག་ལ། མ་གཞི་ནས་གནད་དོན་འདི་དག་ཐད་སྲིད་གཞུང་གིས་མི་རིགས་ཁ་བྲལ་རིང་ལུགས་ལ་བློ་འཚབ་ཀྱིས་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་ཇུས་དང་། དེ་བཞིན། ཡུལ་མི་གནས་སྤོར་དང་དཔལ་འབྱོར་བཅོས་བསྒྱུར་སོགས་དང་འབྲེལ་ནས་གནོན་ཤུགས་ཐེབས་ཀྱིན་ཡོད་པ་རེད།
བོད་སྐད་ཀྱི་སློབ་ཁྲིད་མེད་པར་བཟོས་པ་ལས་བསླངས་བའི་རྩོད་གླེང་ནི་ཧ་ཅང་ཤུགས་ཆེན་པོ་རེད། བོད་ཀྱི་ལྟེ་གནས་ས་ཁུལ་གྱི་ཕྱི་རུ་ཡོད་པའི་ཡུལ་ཤུལ་སོགས་སུ་རྩོད་གླེང་གི་རྣམ་པ་མངོན་གསལ་ཆེ་བ་འདུག ཡུལ་ཤུལ་ནི་ལྷ་སའི་ཤར་བྱང་ཕྱོགས་ནས་སྤྱི་ལེ་ ༦༨༠ ཙམ་གྱི་མཚམས་སུ་གནས་ཤིང་། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཀྱི་འདུག
ས་གནས་འདི་རུ་གནས་སྡོད་བྱེད་མཁན་གྱི་བརྒྱ་ཆ་ ༦༠ ལ་ཉེ་བ་བོད་མི་ཡིན་ཞིང་། དུས་ཡུན་ལོ་ངོ་བཅུ་ཡི་ནང་ས་གནས་འདི་དག་གི་སློབ་གྲྭ་མང་པོས་གཙོ་བོ་བོད་སྐད་ཀྱི་སློབ་ཁྲིད་བྱས་ཡོད་པ་དང་། ལྷག་པར་དུ་གྲོང་ཚོ་ཁག་ཏུ་བོད་སྐད་ཐོག་ཡིན་ལ། ཞོར་དུ་རྒྱ་སྐད་ཀྱང་བསླབས་ཡོད་པ་རེད། ཡིན་ནའང་། མཚམས་རེར་མཐོ་རིམ་འཛིན་གྲྭ་ཡི་སྐབས་སུ་གཞི་ནས་རྒྱ་ཡིག་སློབ་ཀྱི་ཡོད་པ་རེད།
ཨ་རིའི་ཁོ་ལིན་བྷི་ཡ་སློབ་ཆེན་ (Columbia University) གྱི་བོད་ཀྱི་ལོ་རྒྱུས་ཆེད་མཁས་པ་རོ་བྷི་ཇེ་བྷར་ནི་ཊི་(Robbie J.Barnett)ལགས་ཀྱིས། འདི་ནི་ག་རེ་བྱས་ནས་དུས་རབས་ ༢༠ པའི་ལོ་རབས་ ༨༠ ནང་ནས་བཟུང་བོད་ཡིག་རྩོམ་རིག་དང་གློག་བརྙན། མགུར་སོགས་ཀྱི་ཁྱབ་ཁོངས་ཀྱི་གསར་གཏོད་ཕལ་ཆེར་ཡོད་ཚད་དང་། རིག་རྩལ་བརྩམས་ཆོས་འབོར་ཆེན་པོ་མཚོ་སྔོན་ནས་བྱུང་བའི་རྒྱུ་མཚན་ཡང་དེར་ཐུག་པ་རེད་ཅེས་བརྗོད་བྱུང་།
ཡིན་ནའང་། ཕྱི་ལོ་ ༢༠༡༢ ལོར་མཚོ་སྔོན་དང་ཁྱིམ་མཚེས་ཞིང་ཆེན་ཀན་སུའུ་ཡི་སྲིད་གཞུང་གི་མགོ་ཁྲིད་ཚོས་ལག་བསྟར་བྱས་པའི་སློབ་ཆུང་དང་འབྲིང་རིམ་གྱི་སྐད་ཡིག་སློབ་ཁྲིད་ཀྱི་སློབ་གསོའི་མ་ལག་གི་ཁོངས་སུ་གཞི་རྩའི་ཐོག་ནས་བོད་སྐད་སློབ་ཁྲིད་མེད་པར་བཟོས་ཡོད་ལ། སྲིད་གཞུང་གི་མགོ་ཁྲིད་ཚོས་ཕྱི་ལོ་ ༢༠༡༠ ལོར་གནས་སྐབས་ཤིག་ལ་ལས་གཞི་དེ་རིགས་མཚམས་འཇོག་དགོས་བྱུང་བ་རེད། གང་ཡིན་ཟེར་ན། ལས་གཞི་དེར་མཚོ་སྔོན་དང་ཀན་སུའུ། ཐ་ན་པེ་ཅིན་གྱི་སློབ་ཕྲུག་དང་དགེ་རྒན་ཚོས་ཀྱང་རྒོལ་གཏམ་བཏང་ཡོད་པ་རེད།
སློབ་གྲྭ་ཁག་ཏུ་སློབ་ཁྲིད་སྐད་ཡིག་རྒྱ་སྐད་གཙོ་བོར་འཛིན་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དེས་རྒྱ་སྐད་ཅུང་ཞན་པའི་བོད་རིགས་དགེ་རྒན་རྣམས་གནས་དབྱུང་བཏང་ཡོད་པ་དང་། གནད་དོན་དེར་སྐྱོན་བརྗོད་བྱེད་མཁན་ཚོས་སློབ་གྲྭས་ལག་བསྟར་བྱས་པའི་རྒྱ་སྐད་སློབ་ཁྲིད་ཀྱི་བྱེད་ཐབས་གསར་པའི་ནང་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་འབྲེལ་བ་ཡོད་པའི་ཞིབ་ཕྲའི་གནས་ཚུལ་དཀོན་པོ་ཆགས་ཡོད་ལུགས་བརྗོད་ཀྱི་ཡོད་པ་རེད།
ཕྱི་ལོ་ ༢༠༡༣ ཟླ་ ༣ ནང་ཀན་སུའུ་ནས་ཡིན་པའི་རང་ལོ་ ༢༠ ཅན་གྱི་སློབ་ཕྲུག་ཚེ་རིང་སྐྱིད་ཀྱིས། མོ་རང་འགྲོ་སའི་མཐོ་འབྲིང་དེའི་སློབ་ཁྲིད་སྐད་ཡིག་རྒྱ་སྐད་དུ་བསྒྱུར་བར་བརྟེན། མོས་རང་ལུས་མེར་བསྲེགས་གནང་ཡོད་པ་མོ་རང་གི་གཉེན་འབྲེལ་ཚོས་ཕྱིས་སུ་འགྲེལ་བརྗོད་བྱས་ཡོད་པ་རེད། སློབ་ཕྲུག་ཚེ་རིང་སྐྱིད་ནི་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་རང་ལུས་མེར་སྲེག་གི་ཐབས་ལམ་ལ་བརྟེན་ནས་ཆབ་སྲིད་ངོ་རྒོལ་གནང་མཁན་བོད་མི་ ༡༤༠ ལྷག་བྱུང་བའི་ནང་ནས་གཅིག་ཆགས་ཡོད་པ་རེད།
ལོ་ངོ་ ༣ འདས་ཟིན་ཡང་ད་དུང་སྲིད་གཞུང་གི་བྱ་སྤྱོད་དེར་འདོད་བློ་མ་ཁེངས་བའི་སློབ་མ་ཚོ་ཁྲོམ་གཞུང་དུ་ཐོན་ཏེ་རྣམ་འགྱུར་སྟོན་གྱི་ཡོད། ད་ལོའི་ཕྱི་ཟླ་ ༣ པའི་ནང་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་འབྲིང་གི་སློབ་ཕྲུག་ཚོས་ངོ་རྒོལ་གོམ་བགྲོད་བྱས་ཡོད་པ་རེད། ཡིན་ནའང་། ས་གནས་སྲིད་གཞུང་གིས་བཙན་བྱོལ་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་། ནུབ་ཕྱོགས་ཀྱི་དགྲ་འཛིན་སྟོབས་ཤུགས་ཀྱིས་སློབ་མར་བརྒྱུད་སྐུལ་བྱས་ཏེ། བཅའ་ཁྲིམས་ལ་ངོ་རྒོལ་དང་། སྤྱི་ཚོགས་ལ་ཟིང་ཆ་བསླངས་ནས་འཆམ་མཐུན་ལ་གཏོར་བཤིག་དང་སྲིད་དབང་མགོ་རྟིང་སློག་རྩིས་བྱེད་ཀྱི་ཡོད་ཚུལ་གྱི་སྐྱོན་འཛུགས་བྱས་འདུག
ཟླ་འདིའི་(ཕྱི་ཟླ་ ༡༡ )པའི་ནང་རྒྱ་ནག་གི་སྐབས་དོན་འཕྲིན་གསར་གྱི་སྡིངས་ཆ་སྐད་འཕྲིན་ནང་བརྒྱུད་སྤེལ་བྱས་པའི་རེ་སྐུལ་ཞུ་ཡིག་ཅིག་གི་ནང་དུ། སྲིད་གཞུང་གི་མགོ་ཁྲིད་ཚོས་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཟི་ལིང་གྲོང་ཁྱེར་དུ་བོད་ཡིག་སློབ་ཆུང་ཞིག་འཛུགས་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། གང་ཡིན་ཟེར་ན། གུང་ཁྲན་ཏང་གིས་སྲིད་དབང་བཟུང་བ་ནས་ཟི་ལིང་གྲོང་ཁྱེར་དུ་བོད་ཡིག་སློབ་ཆུང་གཏན་ནས་མེད།
སྲིད་གཞུང་གི་ཞིབ་བཤེར་མི་སྣས་ཞུ་ཡིག་དེ་བཀག་འགོག་བྱེད་པའི་བར་དུ་མི་གྲངས་ཁྲི་ ༦ དང་སྟོང་གཅིག་ལྷག་གིས་མཚན་རྟགས་བཀོད་ཟིན་པ་དང་། ཞུ་ཡིག་ནང་སོ་སོའི་ཕ་སྐད་སྦྱོང་མཁན་གྱི་བོད་རིགས་སློབ་མ་ཁྲི་ ༣ ལ་མུ་མཐུད་དུ་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱེད་དུ་འཇུག་པ་ནི་ཧ་ཅང་གལ་ཆེ་བའི་གནས་ཚུལ་ཞིག་རེད་ཅེས་བརྗོད་འདུག
ཡིན་ནའང་། བོད་མི་ཚོའི་རྣམ་འགྱུར་དེ་དག་རྒྱ་སྐད་ཀྱིས་སྟངས་འཛིན་གོ་བབ་ཟིན་པའི་རྒྱལ་ཁབ་ཁྲོད་ཀྱི་འཚོ་བའི་དངོས་བབ་ལ་བརྟེན་ནས་རྙོག་འཛིང་རང་བཞིན་ཅན་དུ་འགྱུར་བཞིན་ཡོད། རྒྱ་ནག་གི་ཁྱིམ་བདག་དང་བྱིས་པ་ཚོས་དབྱིན་ཡིག་སྤྱོད་རྒྱུར་དགའ་བོ་བྱེད་པ་ལས། སློབ་ཁྲིད་སྐད་ཡིག་གཉིས་པ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བྱ་རྒྱུ་དེ་མ་རེད། སྤྱིར་བཏང་བོད་རིགས་ཁྱིམ་བདག་འགའ་ཤས་ཀྱིས་སོ་སོའི་ཕ་སྐད་དང་རིག་གནས་རྩ་མེད་དུ་འགྲོ་བཞིན་པར་སེམས་ཁྲལ་བྱེད་ཀྱི་ཡོད་ཀྱང་། སོ་སོའི་བྱིས་པར་རྒྱ་སྐད་བེད་སྤྱོད་བྱས་པའི་སློབ་ཚན་ཁག་ཡག་པོ་སྦྱོང་དགོས་པའི་སློབ་གསོ་གཏོང་གི་ཡོད། དེའི་རྒྱུ་མཚན་ནི་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རིམ་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་ཀྱི་རྒྱུགས་སྤྲོད་ནང་རྒྱ་སྐད་ཁོ་ན་བེད་སྤྱོད་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རེད།
ཡུལ་ཤུལ་གྱི་དགོན་པ་ཞིག་གི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས། ཁྱིམ་བདག་འདི་ཚོས་རྒྱ་སྐད་ནི་སོ་སོའི་བྱིས་པའི་མ་འོངས་པའི་འཚོ་བའི་ཁྲོད་གལ་ཆེན་པོ་རེད་བསམ་གྱི་ཡོད་པས་ཡིན་ལ། ད་ལོ་ནས་ཁོ་རང་སྡོད་སའི་དགོན་པ་དེའི་ནང་གི་བོད་ཡིག་འཛིན་གྲྭའང་མཚམས་འཇོག་དགོས་པའི་བཀའ་རྒྱ་འབྱོར་ཡོད་ལ། སྲིད་གཞུང་གི་ཁ་ནས་སྐད་གཉིས་སློབ་གསོར་རྒྱབ་སྐྱོར་ཡོད་བརྗོད་ཀྱི་ཡོད་ཀྱང་། ལག་ལེན་ཁྲོད་སྐད་གཉིས་སློབ་གསོ་ཟེར་ན་རྒྱ་སྐད་སློབ་ཁྲིད་སྐད་ཡིག་ཏུ་གཙོ་བོར་བཟུང་སྟེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་འཛིན་གྲྭ་ལོགས་སུ་བཀར་ནས་ཁེར་རྐྱང་དུ་གཉེར་གྱི་ཡོད་སྐོར་བརྗོད་བྱུང་།
པེ་ཅིན་དུ་གནས་སྡོད་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་ཁོ་མོ་ལྷ་སར་བསྡད་ཡོད་སྐབས། ཉེ་འཁྲིས་སུ་སྐད་གཉིས་སློབ་གསོ་སྤེལ་སའི་བྱིས་སྙོར་ཁང་ཞིག་ཡོད་པ་དང་། ཉིན་ལྟར་བྱིས་སྙོར་ཁང་དེའི་བྱིས་པ་རྣམས་ཀྱིས་སྐད་ཤུགས་ཆེན་པོས་ཀློག་འདོན་དང་གླུ་གཞས་ལེན་པའི་སྒྲ་ཐོས་ཐུབ་ཀྱང་། རྒྱ་སྐད་ཁོ་ན་མ་གཏོགས་གོ་རྒྱུ་མེད་ལ། བོད་མི་མང་པོས་གནད་དོན་འདི་ཤེས་ཀྱི་ཡོད་པ་མ་ཟད། སོ་སོའི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པའང་ཤེས་ཀྱི་ཡོད་པ་རེད་ཅེས་བརྗོད་བྱུང་། མོ་རང་གིས་ལོ་མང་རིང་རྒྱ་སྐད་ཀྱི་སློབ་གསོ་མྱངས་རྗེས་བོད་སྐད་རང་སྦྱོང་བྱས་ཡོད་པ་དང་། མོ་དང་མི་གཞན་ཚོས་ཚོད་རྩིས་བྱས་ན། བོད་ནང་བོད་ཡིག་ཀློག་འདོན་བྱེད་ཐུབ་མཁན་གྱིས་ད་ལྟ་བརྒྱ་ཆ་ ༢༠ ཡང་ཟིན་གྱི་མེད་ལ། ད་དུང་མུ་མཐུད་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག
ཚེ་རིང་འོད་ཟེར་ལགས་ཀྱིས་བོད་སྐད་ཡིག་དང་གྲངས་ཉུང་མི་རིགས་གཞན་གྱི་སྐད་ཡིག་རྩ་མེད་དུ་འགྲོ་བའི་ཉེན་ཁར་གཡོལ་བར་ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི། གྲངས་ཉུང་མི་རིགས་ས་ཁུལ་ལ་རང་སྐྱོང་གི་བདག་དབང་མང་ཙམ་སྤྲད་ན་ད་གཟོད་སྲིད་གཞུང་དང་ཁེ་ལས་ཁང་། སློབ་གྲྭ་བཅས་ཀྱི་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་གཏོང་བར་ཁོར་ཡུག་ཅིག་བསྐྲུན་ཐུབ་ལ། གནད་དོན་འདི་ཚང་མ་གྲངས་ཉུང་མི་རིགས་ལ་རང་སྐྱོང་གི་བདག་དབང་ངོ་མ་ཞིག་མེད་པའི་མཇུག་འབྲས་རེད་ཅེས་བརྗོད་བྱུང་།
རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ས་ཁུལ་དུ་རང་སྐྱོང་གི་བདག་དབང་ལོངས་སུ་སྤྱོད་དུ་འཇུག་རྒྱུའི་ཁས་ལེན་ཡོད་པ་མ་ཟད། ས་གནས་སྲིད་གཞུང་གིས་ས་གནས་ཀྱི་རྒྱུན་སྤྱོད་སྐད་ཡིག་བེད་སྤྱོད་གཏོང་དགོས་ཚུལ་ཡང་བརྗོད་ཡོད་པ་རེད། ཕྱི་ལོ་ ༡༩༨༧ ལོར་བོད་དཀྱིལ་དབུས་ཁུལ་ཁོངས་སུ་འདུས་པའི་བོད་རང་སྐྱོང་ལྗོངས་སུ་མངོན་གསལ་ཆེན་པོའི་ཐོག་ནས་སློབ་གྲྭ་དང་སྲིད་གཞུང་ལས་ཁུངས། ཁེ་ལས་ཁང་བཅས་སུ་གཙོ་བོ་བོད་སྐད་བེད་སྤྱོད་བྱེད་པ་ཡར་རྒྱས་གཏོང་དགོས་པའི་གཏན་འབེབས་བྱས་ཡོད་ཀྱང་། གཏན་འབེབས་འདི་ཚོ་ཕྱི་ལོ་ ༢༠༠༢ ལོར་མེད་པར་བཟོས་ཡོད་པ་རེད། ད་ལྟ་བོད་ས་ཡོངས་སུ་སྲིད་གཞུང་གི་ལས་དོན་ཐད་གཙོ་བོ་རྒྱ་ཡིག་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ཡིག་དར་སྤེལ་གཏོང་བའི་སྦྱར་བྱང་རྒྱུན་དུ་མཐོང་རྒྱུ་ཡོད།
འབད་བརྩོན་དེ་དག་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་ཤུགས་རྐྱེན་ཆགས་ཡོད་ལ། ལོ་དེར་ལྷ་ས་དང་བོད་ས་ཡོངས་ནས་སྲིད་གཞུང་ལ་ངོ་རྒོལ་ཟིང་འཁྲུག་བསླངས་ཡོད་པ་རེད།
ཚེ་རིང་འོད་ཟེར་ལགས་ཀྱིས་སྲིད་གཞུང་གིས་མི་རིགས་སློབ་གྲྭ་ཁག་གི་ནང་སློབ་ཞུགས་བྱས་ཡོད་པའི་བོད་རིགས་སློབ་མ་ཚོར་མི་རིགས་ཀྱི་འདུ་ཤེས་ཤུགས་ཆེ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པས། གལ་སྲིད་སྲིད་གཞུང་གིས་སློབ་ཁྲིད་སྐད་ཡིག་རྒྱ་སྐད་དུ་བསྒྱུར་བཞག་ན། སློབ་ཕྲུག་ཚོས་སོ་སོའི་ལྟ་བར་འགྱུར་བ་གཏོང་གི་རེད་འདོད་ཀྱི་ཡོད་ཅེས་བརྗོད་བྱུང་།
དགོན་པ་ནི་བོད་ཀྱི་སྤྱི་ཚོགས་སློབ་གསོའི་སྡེ་ཁག་གི་ལོ་རྒྱུས་རིང་ཤོས་ཤིག་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ས་དབང་བསྒྱུར་མ་བྱས་གོང་དུ། དགེ་འདུན་པ་དང་བཙུན་མ་རྣམས་བོད་ཡིག་འབྲི་ཀློག་ལ་ཕུལ་དུ་བྱུང་བ་ཉུང་ཤས་ཤིག་ཡོད་པའི་ཁོངས་སུ་གཏོགས་པ་དང་། ཉེ་དུས་སུའང་དགོན་པ་མང་པོས་མི་མང་དཀྱུས་མ་ཚོར་བོད་ཡིག་འཛིན་གྲྭ་བཙུགས་ཡོད་པ་དང་། དགེ་འདུན་པ་རྣམས་དགོན་པའི་ཕྱིར་སོང་ན་རྒྱུན་དུ་མི་སྐྱ་ཚོར་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།
ཡིན་ནའང་། འདས་པའི་ལོ་གཉིས་ཀྱི་ནང་མཚོ་བོད་མཐོ་སྒང་གི་ས་ཁུལ་མང་པོའི་སྲིད་གཞུང་གི་མགོ་ཁྲིད་ཚོས་དགོན་པའི་ནང་བོད་ཡིག་སློབ་ཁྲིད་བྱེད་ཀྱིན་པ་མཚམས་འཇོག་དགོས་པའི་བཀའ་ཕབ་ཡོད་པ་རེད། འོན་ཀྱང་། དགོན་པའི་ནང་དུ་ཡོད་པའི་དགེ་འདུན་པ་ལོ་གཞོན་ཚོར་མུ་མཐུད་བོད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
དགེ་འདུན་པ་བཀྲ་ཤིས་ལགས་ཀྱིས་དང་ཐོག་ཁོ་རང་གིས་སློབ་ཆུང་དུ་བོད་ཡིག་འབྲི་ཀློག་སྦྱངས་ཡོད་པ་མ་ཟད། ཕུ་བོ་གཉིས་ཀྱིས་ཀྱང་ཁོའི་སློབ་སྦྱོང་ཐད་རོགས་རམ་བྱས་ཡོད་པ་དང་། ཁོ་རང་གི་ཕུ་བོས་སྔོན་ཆད་དགེ་འདུན་པ་ཞིག་དང་མཉམ་དུ་བོད་ཡིག་འབྲི་ཀློག་སྦྱངས་ཡོད་འདུག བཀྲ་ཤིས་ལགས་གྲྭ་པ་བྱས་རྗེས་མུ་མཐུད་དུ་ལོ་ ༣ རིང་བོད་ཡིག་སྦྱངས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་ཡུལ་ཤུལ་དུ་བོད་ཡིག་སྒེར་གཉེར་འཛིན་གྲྭ་ཞིག་ཏུའང་ཟླ་ཤས་རིང་ཞུགས་ཡོད་འདུག
དེ་སྔོན་ཁོས་རང་གི་ཚ་མོ་རྣམས་ཀྱང་བོད་ཡིག་སྒེར་གཉེར་སློབ་གྲྭ་ཞིག་ཏུ་སྐྱེལ་འདོད་ཡོད་ཀྱང་། སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་ཚར་ཡོད་པ་རེད། ཁོས་ངའི་ཚ་མོ་རྣམས་ཀྱིས་བོད་སྐད་ཆུ་རྒྱུག་རྒྱུག་ཅིག་བཤད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་ཀྱང་། གང་དུ་སོང་ནས་སྦྱོང་དགོས་ཤེས་ཀྱི་མི་འདུག ང་ཚོའིབོད་སྐད་འདི་ཁོ་ཚོའི་མི་རབས་འདིའི་ནང་མེད་པ་ཆགས་འགྲོ་ས་རེད་ཅེས་བརྗོད་བྱུང་།
སྒྱུར་བ་བོའི་མཆན། བོད་མི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་མིའི་སྐད་ཡིག་གི་བདག་དབང་རྩོད་ལེན་ཆེད། པེ་ཅིན་དུ་ཕྱིན་ནས་ཁྲིམས་རྩོད་ཁང་བཅུ་གྲངས་ཤིག་ལ་འབྲེལ་གཏུག་གནང་ཡོད་ཀྱང་། ཁྲིམས་རྩོད་པ་མང་ཆེ་བས་རྒྱ་གཞུང་གི་སློབ་གསོའི་སྲིད་བྱུས་དེས་བོད་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་བརྗོད་དེ་དང་ལེན་བྱས་མེད་པ་དང་། དེ་བཞིན་ཁོང་གིས་རྒྱ་ནག་དབུས་བརྙན་འཕྲིན་ཁང་ལ་འབྲེལ་བ་བྱས་ནས་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་པར་འགོག་རྐྱེན་བཟོ་བཞིན་པའི་གནད་དོན་འགྲེལ་བརྗོད་གནང་ཡོད་ཀྱང་དོན་འབྲས་ཐོན་མེད་པ་དང་། གོང་གི་རྩོམ་ཡིག་དེ་ཁོང་གིས་རྒྱ་ནག་ནང་ཡོད་པའི་ཨ་རིའི་ནའེ་ཡོག་དུས་བབ་ཡན་ལག་ཁང་གི་འགན་འཛིན་ལགས་ལ་།བོད་ནང་བོད་སྐད་ཡིག་ལ་འཕྲད་བཞིན་པའི་དཀའ་ངལ་དང་བོད་མིའི་རང་སྐད་རང་ཡིག་རྒྱུན་འཛིན་གྱི་རེ་འདོད་འགྲེལ་བརྗོད་བྱས་པ་ཞིག་རེད།
མ་རྩོམ་གྱི་འབྲེལ་ཐག
http://cn.nytimes.com/china/20151130/c30tibet/
བོད་མི་བཀྲ་ཤིས་དབང་ཕྱུག་ལགས་གིས་ཨ་རིའི་ཉིག་ཡོག་དུས་བབ་ལ་ཁོང་གིས་ཞུ་གཏུག་གི་བརྒྱུད་རིམ་དང་དགོས་དམིགས་སོགས་ངོ་སྤྲོད་བྱས་པའི་བརྙན་ཐུང་།
༼བོད་སྐད་ཡིག་སྲུང་སྐྱོབ་ཀྱི་བོད་མིའི་དཀའ་སྤྱད་འགོག་རྒོལ།༽ ཞེས་པའི་བརྩམས་ཆོས་འདི་རགས་ཙམ་བལྟས་པ་ཡིན། ཧ་ཅང་ཡག་པོ་འདུག མ་འོངས་པར་བོད་མི་སྨྱུག་ཐོགས་པ་ཚོས་རང་གི་མི་རིགས་ཀྱི་ངོ་བོ་དང་རིག་གནས་ཀྱི་རྨང་གཞི་མཚོན་པའི་བོད་ཡིག་གི་བཀོལ་སྤྱོད་དེང་རབས་སྤྱི་ཚོགས་ནང་། མི་ཉམས་དར་སྤེལ་ཡོང་བའི་དོན་དུ་དགོངས་ཚུལ་མང་ཙམ་གསུང་ཐུབ་ན་སྤྱི་ཚོགས་ལ་ཏན་ཏན་ཕན་ངེས་རེད། དེ་མིན་དེང་སང་ང་ཚོ་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱེས་ནས་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱ་སའི་ཁོར་ཡུག་ཧ་ཅང་ཆུང་དུ་སོང་ནས་བོད་ཡིག་མ་འོངས་པར་གནས་དང་མི་གནས་ཀྱི་ཉེན་ཁ་ཆེན་པོ་འདུག་པས་སོ།