བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་ཆེན་མོའི་སྔོན་འགྲོའི་འོས་གྲངས་ཁྱབ་བསྒྲགས་དང་བསྟུན་ཏེ། འདི་གའི་གསར་འཁང་གིས་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་གནང་བ་ལྟར། དངོས་གཞིའི་འོས་མིར་མ་ཚུད་པའི་སྲིད་སྐྱོང་འོས་མིར་བཞེངས་མཁན་དག་ལས་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་དྲི་བ་ཁག་ཅིག་ཞུས་ཡོད།
དྲི་བ། ཁ་སང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་གསལ་བསྒྲགས་གནང་བའི་ཁྲོད་སྲིད་སྐྱོང་གི་འོས་མི་ ༦ གི་འོས་གྲངས་གསལ་བོ་ཆགས་སོང་། འོས་མི་རེ་རེའི་འོས་གྲངས་དང་འབྲེལ་ཏེ་ཁྱོད་རང་ལ་མཐོང་ཚོར་ག་རེ་བྱུང་སོང་།
ལན། ད་ལོ་སྲིད་སྐྱོང་ལ་བཞེངས་མཁན་ཁོ་རང་ཚོ་ལ་མཚོན་ན། དང་པོ་ནས་མི་མང་གིས་ངོ་ཤེས་བསྡད་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ལ་མཚོན་ན་བཤད་མ་དགོས་པ་རེད། ཁོ་རང་སྲིད་སྐྱོང་ལས་ཐོག་རེད། རང་བཞིན་གྱིས་གོ་སྐབས་ཡག་ཐག་ཆོད་ཡོད་པ་རེད། དེ་བཞིན། སྤེན་པ་ཚེ་རིང་ཡང་ཚོགས་གཙོ་བྱས་བསྡད་ཡོད་པ་རེད། བཀྲ་ཤིས་དབང་འདུས་ཀྱིས་གཞུང་ཞབས་ལོ་མང་བྱས་པ་དང་སྤྱི་མཐུན་མཉམ་འབྲེལ་ཚོགས་པའི་འགན་ཁུར་བ་མི་མང་གིས་ཧ་གོ་བསྡད་ཡོད་པ་རེད། ཀླུ་མཁར་བྱམས་ཀྱང་དགུ་བཅུ་གསུམ་གྱི་ཚོགས་གཙོ་ཡིན་པ་དང་ཆབ་སྲིད་བཙོན་པ་ཡིན་པ། དེ་བཞིན། ༧སྐྱབས་མགོན་རིན་པོ་ཆེ་ལ་འགྲིག་འདུག་དང་མ་འགྲིག་གི་སྐད་ཆ་མང་པོ་བཤད་དེ་རྙོག་དྲའི་ནང་ཚུད་ཡོད་སྟབས། མི་མང་གིས་གང་འཚམ་ཧ་གོ་བསྡད་ཡོད་པ་ཞིག་རེད། ཀླུ་མཁར་བྱམས་དང་བཀྲ་ཤིས་དབང་འདུས་གཉིས་སྔོན་འགྲོའི་སྔོན་ལ་ས་གནས་ས་ཐོག་ལ་སོང་ནས་འོས་བསྡུའི་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱས་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་ཡིས་སྤྱི་བ་དང་གཞུང་འབྲེལ་གྱི་མིང་འཁུར་ནས་ས་གནས་ཁག་ལ་ཕེབས་ཏེ། དུས་ཚོད་ལ་དཔག་པའི་ཁོ་རང་གིས་རྐུབ་སྟེགས་ཀྱི་ཁེ་ཕན་ལེན་ཐུབ་ཡོད་པ་རེད། དེ་བཞིན། སྤེན་པ་ཚེ་རིང་ཡང་གང་ལ་གང་འཚམ་ཕེབས་ཡོད་པ་རེད། ང་མི་དཀྱུས་མ་ཞིག་ཡར་སྲིད་སྐྱོང་ལ་ལངས་དུས་མི་མང་གིས་ངོ་ཤེས་ཡོད་པ་མ་རེད། དེར་བརྟེན། ངས་སྔོན་འགྲོའི་སྐབས་ལ་སྤྱི་ཚོགས་བརྒྱུད་ལམ་ཁག་གི་སྟེང་ཤུགས་ཆེན་པོ་བརྒྱབ་ནས་དངོས་གཞིར་ཚུད་ཐབས་བྱས་པ་ཡིན།
སྔོན་མ་འོས་བསྡུ་ལས་ཁུངས་ཀྱིས་དངོས་གཞིའི་སྐབས་སུ་འོས་མི་གཉིས་ལས་མི་ཉུང་པ་དང་ལྔ་ལས་མ་མང་པ་ཞེས་ལབ་ཡོད་པ་རེད། ང་ཚོ་འོས་མི་ལྔ་ལས་མེད་སྟབས་དངོས་གཞིར་ཚུད་རྒྱུ་ཡིན་པ་གསལ་བོ་གསལ་རྐྱང་རེད། དེར་བརྟེན། སྔོན་འགྲོའི་རྗེས་དང་དངོས་གཞིའི་སྔོན་ལ་ས་གནས་ས་ཐོག་ལ་ཕྱིན་ཏེ་ཤུགས་ཆེན་པོ་ཞིག་བྱ་དགོས་བསམ་ཡོད་ལ། བྱས་པ་ལྟར་གྲུབ་འབྲས་འཐོན་པའི་གདེང་ཚོད་ཀྱང་ཡོད། འོན་ཀྱང་། རྐང་མཚམས་ཤིག་ལ་འོས་བསྡུ་ལས་ཁུངས་ཀྱིས་སྒྲིག་གཞི་དེར་འགྱུར་བ་བཏང་སྟེ། ཨང་གཉིས་པ་དང་གསུམ་པ་གཉིས་བར་བརྒྱ་ཆ་ ༢༠ ལས་བརྒལ་ན་དངོས་གཞིར་མི་གསུམ་འདོན་རྒྱུ་དེ་བཟོས་པ་རེད། དེར་ཁྱད་པར་ག་ཚོད་ཡོད་མེད་ལབ་ཐུབ་ཀྱི་མེད་ཀྱང་ཁོ་ཚོས་མི་མང་ལ་བསམ་བློ་ཁྱོན་ནས་མ་བཏང་པར་ཁོ་རང་ཚོའི་དབང་ཤུགས་བེད་སྤྱོད་ལོགས་སུ་བཏང་པ་རེད། དེའི་རིགས་ལ་སེམས་པ་སྐྱོ་བོ་དང་སྣང་བར་བྱུང་མ་སོང་། མ་ཁ་ཤས་ཀྱིས་ཀླུ་མཁར་བྱམས་འགོག་ཆེད་རེད་གསུང་གི་ཡོད་པ་རེད། རྩ་བའི་མི་གཉིས་ལས་མི་ལྔ་ཡིས་ཆབ་སྲིད་ཀྱི་གོ་རྟོགས་ཆེ་བ་སྤེལ་ཐུབ་ཀྱི་ཡོད་པ་རེད། དེའི་རིགས་ལ་བོད་པ་དང་རྒྱ་གར་གྱི་ཁྲིམས་གང་ལ་ཞུ་གཏུགས་བྱ་དགོས་ཀྱང་གཏུགས་ས་ཡོད་རུང་། བོད་པའི་སྤྱི་ཚོགས་ཆུང་ཆུང་ཡིན་སྟབས་དེ་འདྲ་བྱ་དགོས་ཀྱི་མི་འདུག ཁྱད་པར་མི་འདུག་བསམས་ནས་བཞག་པ་ཡིན། སྤྱི་ཚོགས་ལ་བརྡབ་གསིག་གཏང་པ་ལས་ང་རང་སྒེར་གཅིག་ལ་གྱོང་རག་ན་སྐྱོན་མི་འདུག་བསམས་ཡོད། ཡིན་ཡང་དེས་མི་མང་ལ་གྱོང་མི་འཕོག་མི་སྲིད་པ་མ་རེད། ད་ལྟ་སྲིད་སྐྱོང་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་རེད། གལ་སྲིད་སྲིད་སྐྱོང་ལ་འཁེལ་བ་ཡིན་ན་ཁོ་རང་གཉིས་ལས་ལྷག་ཅིག་ངས་གྲུབ་འབྲས་ཡག་པོ་འདོན་མི་སྲིད་པ་མ་རེད། དེ་འདྲ་ཞིག་ཡོང་གི་རེད་བསམ་པའི་ཐོག་ནས་ང་ལངས་པ་རེད། ཡིན་ཡང་ངས་སྤྱི་ཚོགས་ནང་བརྡབ་གསིག་བཟོས་ཡོད་པ་མ་རེད། ད་འགྲིག་འདུག་ཅེས་ནས་བཞག་ཡོད་པ་རེད།
དྲི་བ། སྐུ་ཉིད་ཀྱིས་སྲིད་སྐྱོང་གི་འོས་མི་གཞན་པ་ཚོར་ཤེས་ཡོན་ཡོད་ཀྱང་། ཁྱེད་རང་ཆབ་སྲིད་ཐོག་ལ་མཁྱེན་རྒྱ་ཆེན་པོ་ཡོད་པའི་གླེང་གཞི་ཞིག་གི་ཐོག་ནས་སྲིད་སྐྱོང་གི་འོས་མིར་བཞེངས་པ་རེད། ཡིན་ནའང་ད་རེབ་སྔོན་འགྲོའི་འོས་བསྡུའི་ཁྲོད་ཁྱེད་རང་གི་འོས་གྲངས་ ༣༨ རེད། གནས་སྟངས་འདི་ལ་ཁྱེད་རང་གིས་ངོས་འཛིན་ག་རེ་གནང་གི་ཡོད་དམ།
ལན། ང་ལ་འོས་གྲངས་སུམ་ཅུ་སོ་གྲངས་ལས་མི་འདུག་ཟེར་དུས་ང་ཧ་ལས་དགོས་པ་བྱུང་སོང་། དེ་བདེན་པ་ཨེ་ཡིན་ནམ་བསམས་བྱུང་། ད་ལྟ་ཡིན་ནའང་དེ་འདྲའི་ཚོར་སྣང་ཡོང་གི་འདུག དང་པོ་ངས་ང་ལ་འོག་ཤོག་རག་དགོས་པའི་འགྲེལ་བཤད་ཅིག་བརྒྱག་གི་ཡིན། ང་རང་ལ་དྭགས་ཀྱི་ཁོངས་ནས་ཡོང་བ་ཞིག་རེད། སྔོན་ཆད་ལ་དྭགས་ལ་སྲིད་སྐྱོང་ཕེབས་པ་རེད། དེ་བཞིན། ལ་དྭགས་ཁུངས་ནས་ཡིན་པའི་སྤྱི་འཐུས་ཨ་ཅཱ་རྱ་དང་པདྨ་འབྱུང་གནས་རེད། སྤྱིར་བཏང་སྤྱི་འཐུས་ཆགས་ཚར་དུས་བོད་མི་མང་གི་སྤྱི་འཐུས་ཤིག་ཡིན་དགོས་ཀྱང་། ཁོ་ཚོ་ཡོང་ཁུངས་ཕར་ཕྱོགས་ཡིན་དུས་དེར་བསམ་བློ་གཏོང་རྒྱུ་མེད་པ་དང་། ཁུངས་སྐྱེལ་ར་སྤྲོད་བྱེད་མ་ཆོག་པ་དེ་འདྲ་ཡོད་པ་མ་རེད། ལ་དྭགས་མི་མང་ལ་ས་ཆའི་རྙོག་དྲ་ཡོད་ཀྱང་དེ་ཕལ་ཆེར་ངས་མེད་པ་བཟོས་ཡོད། སྔོན་མ་བོད་པའི་དཔོན་རིགས་ཤིག་ལ་དྭགས་ལ་བསླེབས་སྐབས། ཁྱོད་ཚོས་བོད་པ་ཚོས་ང་ཚོའི་ལ་དྭགས་ཀྱི་ས་ཆ་བཟུང་སོང་ཟེར་ནས་སྐྱོན་བརྗོད་བྱས་བསྡད་ཡོད་པ་རེད། བོད་པ་དང་ལ་དྭགས་ཀྱི་ནང་པ། དེ་བཞིན་ཁ་ཆེ་ཚོའི་བར་དུ་ས་ཆའི་རྙོག་གྲ་ཞིག་ཡོད་པ་དེ་ངས་ཕལ་ཆེར་མེད་པར་བཟོས་ཡོད། དེ་བཞིན། ལ་དྭགས་ནང་ཕྱུག་པོ་ཆགས་ཡོད་པ་ཚོར་ཚོང་རྒྱག་སྟངས་དང་དངུལ་གྱི་འགྲོ་སྟངས་སོགས་ཁོ་རང་ཚོའི་གནད་ཡོད་མི་སྣ་ཚང་མར་བསླབས་པ་ཡིན། དེ་བཞིན། ལ་དྭགས་ཀྱི་གཞིས་མགོར་ལབ་རྒྱུ་བྱུང་མ་སོང་མ་གཏོགས་རང་བཙན་ཚོགས་ཆུང་དང་ས་གནས་གྲོས་ཚོགས་ཚར་མར་བསླབས་པ་ཡིན།
མདོར་བསྡུས་ན། ང་ལ་ད་རེབ་འོས་གྲངས་དེ་ཙམ་ལས་མ་ཐོབ་པའི་རྒྱུ་རྐྱེན་དེ་ངས་ཧ་གོ་མ་སོང་། སྤྱིར་བཏང་བྱས་ན་ལ་དྭགས་ཀྱི་མི་དེ་དྲང་པོ་དང་ཡག་པོ་ཞེ་དྲགས་རེད་ཟེར་གྱི་ཡོད་ཀྱང་། དྲང་པོ་དང་ཡག་པོ་ཡིན་པའི་ཆ་ནས་ང་རང་སྐོར་གྱི་གནས་ཚུལ་དེ་དག་དང་སྐད་ཆ་དེ་ཚོ་གོ་མ་ཐུབ་པ་འདྲ། གཅིག་བྱས་ན་བསམ་བློའི་ནང་མི་སྲིད་པ་ཡོད་པ་མ་རེད་(Impossible)རེད་བསམ་པའི་ཚོར་སྣང་ཞིག་འཁྱེར་བསྡད་ཡོད་པ་འདྲ། རྩ་བའི་ད་ལྟའི་ཆར་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་རྒྱ་གར་ནང་མ་བྱུང་བ་དང་མ་འགྲིག་པ་ཡོད་པ་མ་རེད། ཚོང་རྒྱག་ས་དང་འཚོ་བ་སྐྱེལ་ས་ག་རེ་ཡིན་ན་འགྲིག་འགྲོ་བཞིན་ཡོད་པ་རེད་བསམ་ནས་ང་ལ་ངོས་འཛིན་གང་ཡང་མེད་སོང་བ་རེད།
གཞན། གཞིས་ཆགས་ཁག་དང་ཚང་མས་ཁྱེད་རང་གིས་གཏམ་བཤད་ཡག་པོ་བྱས་འདུག བདེན་པ་བཤད་ཀྱི་འདུག སྔོན་འགྲོའི་རྗེས་ཀྱི་དངོས་གཞིའི་སྐབས་འོས་ཤོག་མང་པོ་རག་གི་ཡོད་པའི་ཚོར་སྣང་འདུག ཡིན་ཡང་ངས་གོང་དུ་ཞུས་པ་བཞིན་གོ་སྐབས་དེ་མ་བྱུང་པ་རེད། གཞན་པ་ཞེ་པོ་ཞིག་ལབ་བསྡད་ཡོད་པ་མ་རེད། དེ་ང་རང་གི་བསམ་ཚུལ་ཙམ་མ་རེད་མི་མང་གི་འདོད་པ་རེད། མི་མང་གིས་འགྲིག་འདུག་ཟེར་ན། འགྲིག་མི་འདུག་ཟེར་ན། དམངས་གཙོ་ཡིན་པའི་ཆ་ནས་མི་མང་གི་དབང་ཆ་མི་མང་ལ་ཡོད་པ་རེད།
དྲི་བ། ད་རེབ་ཀྱི་སྔོན་འགྲོའི་འོས་བསྡུའི་གནས་སྟངས་ལ་བལྟས་ཡོང་ན། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དེ་སླར་ཡང་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་འཁེལ་རྒྱུ་ཡིན་པ་འདྲ་བོ་འདུག ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ལས་ཡུན་རིང་འཐུས་ཤོར་ཆེ་ཤོས་གསུམ་གང་དག་ལ་ངོས་འཛིན་གནང་གི་ཡོད་པ་དང་། གལ་སྲིད་ཁོ་རང་ཕྱིར་སྲིད་སྐྱོང་ལ་ཕེབས་པ་ཡིན་ན། ཁོ་རང་གིས་ཁ་ཡོད་ལག་ཡོད་ཀྱིས་བསྒྲུབ་དགོས་པའི་ལས་འགན་གཙོ་བོ་གསུམ་གང་དག་ལ་ངོས་འཛིན་གནང་གི་ཡོད་དམ།
ལན། དེ་ལ་མང་པོ་ཞིག་བགྲང་དགོས་པ་མི་འདུག ཐོག་མ་ཁོ་རང་གིས་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་ཞེས་གསུངས་ཡོད་པ་རེད། དེ་གསུམ་པོ་གང་ཡང་མ་འགྲུབ་པ་དེ་འཐུས་ཤོར་ཆེན་པོ་གསུམ་དེ་རེད། དེ་དག་ཐོག་ཁོ་རང་གིས་ཁས་ལེན་དམ་བཅའ་བྱས་ཡོད་ཀྱང་ད་ལྟ་གཅིག་ཀྱང་འགྲུབ་ཡོད་པ་མ་རེད། དེ་ལས་ལྷག་པའི་འཐུས་ཤོར་ཞིག་གང་དུ་ཡོད་པ་རེད། ཆིག་སྒྲིལ་ཐོག་སྔོན་མ་ལས་ལྷག་ཅིག་སྐྱོ་རུ་ཕྱིན་ཡོད་པ་རེད། འཛམ་བུ་གླིང་ཡོངས་རྫོགས་གསར་གཏོད་ཐོག་འགྲོ་བསྡད་ཡོད་ཀྱང་ཁོས་གསར་གཏོད་སྣ་གཅིག་བྱེད་མ་ཐུབ་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་རྗེས་ལུས་དང་འཐུས་ཤོར་ཆགས་བསྡད་ཡོད་པ་རེད། རང་ཁ་རང་གསོ་དེ་བས་ཀྱང་གང་ནས་ཡོང་། རྩ་བའི་ཁོ་རང་གིས་རང་ཁ་རང་གསོ་ཟེར་བ་དེ་ངོ་ཙམ་ཡང་ཤེས་ཐུབ་ཀྱི་ཡོད་པ་མ་རེད། མི་སྒེར་གྱི་རང་ཁ་རང་གསོ་ཟེར་གྱི་ཡོད་པ་རེད་དམ། གཞུང་ཞིག་གི་རང་ཁ་རང་གསོ་བྱེད་པ་རེད། ད་ལྟ་དེ་གཉིས་ལས་གང་ཡང་རང་ཁ་རང་གསོ་ཐུབ་ཡོད་པ་མ་རེད། མི་མང་གི་ཨམ་ཅོག་ནང་སྙན་པོ་བྱུང་ཡོད་པ་ལས་ད་ལྟ་མི་མང་ལ་གོ་བརྡ་གསལ་བོ་ཞིག་ཀྱང་སྤྲོད་ཐུབ་ཡོད་པ་མ་རེད།
སྲིད་སྐྱོང་གིས་མ་འོངས་པར་བྱེད་དགོས་པའི་ཐོག་མང་པོ་ཞུ་རྒྱུ་འདུག་ཀྱང་ཞུས་ནའང་ཆོལ་མེད་པ་ཞིག་ཏུ་མཐོང་སོང་། གང་ཡིན་ཟེར་ན། གལ་སྲིད་བློ་བཟང་སེང་གེ་ཁོ་རང་ཕྱིར་སྲིད་སྐྱོང་ཆགས་པ་ཡིན་ན་རེ་བ་ཡོད་པ་མ་རེད་བསམ་གྱི་འདུག ཁོ་རང་གིས་ཐེངས་སྔོན་མར་ “ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་ཟེར་བ་གསུམ་གསུངས་པ་རེད། མི་མང་ལ་མགོ་སྐོར་ཙམ་ལས་ད་ལྟ་གྲུབ་འབྲས་གང་ཡང་སྟོན་རྒྱུ་ཡོད་པ་མ་རེད། ད་ལྟ་ཡང་བསྐྱར་ཨད་སི་(S) བཞི་ལྔ་ཞིག་ལབ་བསྡད་ཡོད་པ་རེད། (Survive, strengthen, sustanin, succeed འཚོ་གནས། གོང་འཕེལ། རྒྱུན་གནས། རྒྱལ་ཁ།) དེ་དག་ཀྱང་མང་ཚོགས་མགོ་འཐོམ་དུ་འཇུག་བྱེད་ཙམ་མ་གཏོགས་ཁ་ཡོད་ལག་ཡོད་ཀྱིས་འབབ་ས་གང་ཡང་ཡོད་པ་མ་རེད། དེ་མང་ཚོགས་ཀྱིས་ཤེས་དགོས་པ་གལ་ཆེན་པོ་རེད། གང་ལྟར། བརྟན་པོ་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག
བོད་ཀྱི་སྤྱི་ཚོགས་ནང་ཕྱོགས་གཅིག་ནས་རང་བཙན་ལབ་ཀྱི་ཡོད་པ་རེད། ཕྱོགས་གཅིག་གིས་དབུ་མའི་ལམ་ལབ་ཀྱི་ཡོད་པ་རེད། སྤྱིར་རང་བཙན་དང་དབུ་མའི་ལམ་གཉིས་ལ་ཐག་རིང་པོ་ཡིན་ཡང་དབུ་མའི་ལམ་ལ་ཐབས་ལམ་དང་འབད་བརྩོན་ཡོད་པ་ཞིག་རེད། དེ་གཉིས་འཕུད་པའི་བོད་མིའི་སྒྲིག་འཛུགས་འདི་ལོ་ག་ཚོད་ལ་གནས་ཐུབ་པར་འབད་བརྩོན་དང་། དེ་བཞིན། ཆོས་དང་རིག་གཞུང་ལོ་ག་ཚོད་བར་དུ་བདག་པོ་བརྒྱག་ཐུབ་པ་རེད། ད་ལྟ་ཕྱི་རྒྱལ་ལུང་པར་ལོ་ ༡༥ འོག་གི་བོད་ཕྲུག་ཚོར་བོད་སྐད་ཀྱིས་གཏམ་བཤད་བྱེད་དུས་གོ་བ་ལོན་གྱི་ཡོད་པ་མ་རེད། ལོ་སྔོན་མར་བོད་ཁྱིམ་གྱི་སློབ་ཕྲུག་ཚོར་མ་ཎི་བསླབ་དགོས་ཆགས་པ་རེད། ལྷག་དོན་དུ་ད་ལྟ་བོད་པ་ནང་ཁུལ་ཁ་བྲལ་ཆགས་བཞིན་ཡོད་པ་རེད། གཞོན་ནུ་དུམ་བུ་གཉིས་ཆགས་པ་དང་དབུ་མའི་ལམ་དང་རང་བཙན་གྱི་རྙོག་དྲ་ཚོགས་མེད་པ་བཟོ་དགོས་པ་རེད། བདེན་པ་ཁས་ལེན་མཁན་ཞིག་ཡིན་ན་གནས་སྟངས་འདི་གསལ་བོ་གསལ་རྐྱང་རེད། ཁས་མི་ལེན་མཁན་ཞིག་ཡིན་ན་བཀྲ་ཤིས་སྟོབས་རྒྱལ་ཁ་རྒྱག་པ་རེད་ཟེར་ངེས་རེད།
དྲི་བ། སྐུ་ཉིད་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་སྡིངས་ཆ་མཐོ་ཤོས་དེར་རེ་བ་རྒྱག་མཁན་གྱི་མི་སྣ་ཞིག་ཆགས་ཡོད་པ་རེད། གནས་སྟངས་འདིའི་ཐད་ནས་མ་འོངས་པར་ཁྱེད་ཀྱིས་བོད་པའི་སྤྱི་དོན་ཐད་ཕྱག་ལས་དང་བསམ་སྤྱོད་གང་འདྲ་ཞིག་འཁྱེར་རྒྱུའི་འཆར་གཞི་དང་དམ་བཅའ་ཡོད་དམ།
ལན། ད་ལྟ་ང་རང་སྲིད་སྐྱོང་འོས་མི་ལང་མཁན་ཞིག་ཆགས་པ་རེད། ཡིན་ནའང་སྔོན་མ་ ༢༠༠༣ ལོ་དང་ ༢༠༠༤ ལོར་ངས་གཞིས་ཆགས་སྲ་བརྟན་དང་རང་ཁ་རང་གསོ་བྱ་དགོས་རེད་ཟེར་ནས་མང་པོ་བཤད་པ་ཡིན། སྲིད་སྐྱོང་བློ་བཟང་སེང་གེ་ཡིས་རང་ཁ་རང་གསོ་ག་འདྲ་བྱས་ནས་བྱ་དགོས་མིན་མགོ་འཚོས་ཀྱི་མེད་དུས་ངས་བྱས་པ་རེད། ངས་ ‘རྒྱ་མཚོ་ཆུ་ཐུག’ གི་ལས་ཀ་གཞི་ལ་བཞག་པའི་ཐོག་ངས་སྔོན་ལ་ལས་ཀ་བྱས་ཚར་པ་རེད། ད་དུང་ཡིན་ནའང་མུ་མཐུད་དུ་བྱེད་རྒྱུ་ཡིན་པ་གསལ་བོ་རེད། ང་སྲིད་སྐྱོང་ལ་བསླེབ་ཐུབ་ན་ཐུབ་ན་བྱ་རྒྱུ་དང་བསླེབ་མ་ཐུབ་ན་བྱ་རྒྱུ་མིན་ཟེར་བའི་གནས་ཚུལ་མ་རེད། ང་མི་སྒེར་གཅིག་གི་འགན་དེ་ངས་མི་ཚེ་གང་བོར་འཁུར་རྒྱུ་རེད། ང་རང་མ་འོངས་བར་སྲིད་སྐྱོང་ལང་མིན་ཐད་སྐབས་དང་དུས་ལ་ལྟ་རྒྱུ་རེད། ང་ལས་ལྷག་གི་ཡག་པོ་དང་འཇོན་པོ་ཞིག་ལང་པ་ཡིན་ན། ང་ཡིན་གཅིག་མིན་གཅིག་ལང་དགོས་པའི་གནས་ཚུལ་ཆགས་ཀྱི་ཡོད་པ་མ་རེད། ང་ལས་སྐྱོ་བ་དང་ང་ལས་སྡུག་པ་བྱུང་ན་ང་ད་དུང་མ་འོངས་པར་སྲིད་སྐྱོང་ལ་ལང་གི་རེད།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
ལ་དྭགས་ནས་ཡོང་བའི་ཨ་ཕོ་ལུག་རྫི་ལགས་ཀྱིས་གསུངས་པ་ཧ་ཅང་དྲང་མོ་དང་ཁ་རུ་ཁ་ཐུག་རེད། བློ་བཟང་སེང་གེ་ལགས་ཀྱིས་ཆིག་སྒྲིལ་གསར་གཏོད་རང་ཁ་རང་གསོ་གསུམ་གྱི་ཐོག་ལ་འཐུས་ཤོར་བཏང་ཡོད་པ་དང་། ལྷག་པར་དུ་ལ་དྭགས་མི་མང་གིས་དེ་སྔོན་ཁོ་རང་ཡག་པོ་ཡོད་སྐོར་དང་སྲིད་སྐྱོང་དུ་བཞེངས་པ་ཡིན་ན་རེ་བ་ཡོད་སྐོར་སོགས་མང་པོ་བཤད་པའི་མཐའ་མར་འོས་ ༣༠ ལས་མ་བླུགས་པ་དེ་མི་མང་གིས་ཁོ་རང་ལ་དྲང་མོ་མ་བྱས་པ་རེད། དེར་ངོ་མ་ཐུགས་ཁག་མི་འདུག