རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་འབགས་བཙོག་གི་ཉེན་ཁའི་གནས་རིམ་ཛ་དྲག་ཆེ་ཤོས་སུ་བསླེབས་ཡོད་འདུག
རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར། མདང་དགོང་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཐོག་པེ་ཅིན་ཁོར་ཡུག་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་པའི་ནང་པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་འབགས་བཙོག་མྱུར་སྐྱོབ་བཀོད་འདོམས་ཁང་གིས། པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་འབགས་བཙོག་གི་ཚད་རིམ་གྱི་ཉེན་བརྡ་དམར་སེར་ནས་དམར་པོ་གྱུར་ཡོད་པ་དང་། པེ་ཅིན་གྲོང་ཁྱེར་ཡོངས་ལ་ཕྱི་ཟླ་ ༡༢ ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ ནས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་གྱི་ཆུ་ཚོད་ ༡༢ བར་དུ་མཁའ་དབུགས་འབགས་བཙོག་གི་ཚད་རིམ་ཉེན་ཁ་ཆེ་བ་བརྡ་བཏང་ཡོད་འདུག
དེ་ནི་པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་འབགས་བཙོག་ཉེན་ཁ་ཆེ་ཤོས་སུ་བསླེབས་པའི་ཉེན་བརྡ་ཐོག་མ་དེ་ཡིན་སྟབས། རྒྱ་གཞུང་གིས་སློབ་འབྲང་དང་སློབ་ཆུང་། བྱིས་བཅོལ་ཁང་སོགས་ཀྱི་འཛིན་གྲྭ་མཚམས་འཇོག་བྱ་དགོས་པ་དང་། མཁའ་དབུགས་འབགས་བཙོག་ཆེ་བའི་བཟོ་གྲྭ་སོགས་ཀྱིས་བཟོ་བསྐྲུན་མཚམས་འཇོག་བྱ་དགོས་པ་མ་ཟད། སྒེར་གྱི་རླངས་འཁོར་སོགས་ཉུང་དུ་གཏང་ནས་སྤྱི་སྤྱོད་རླངས་འཁོར་ནང་དུ་འགྲོ་དགོས་སོགས་བསྒྲགས་ཡོད་འདུག
གཞན། གནས་ཚུལ་དེའི་ནང་དུ་པེ་ཅིན་མང་ཚོགས་རྣམས་ཁང་པའི་ནང་དུ་བསྡོད་དགོས་པ་དང་གལ་སྲིད་ཕྱི་ལོགས་སུ་འགྲོ་དགོས་ན་ངེས་པར་དུ་ཁ་རས་གྱོན་དགོས་པའི་འབོད་སྐུར་བྱས་ཡོད་པ་མ་ཟད། ཕལ་ཆེར་ཚད་མཐོ་ཤོས་ཀྱི་མགྱོགས་ལམ་ཁག་སོགས་སྒོ་རྒྱག་རྒྱུ་དང་། གནམ་གྲུ་ཁག་གི་འཕུར་སྐྱོད་ཀྱང་དལ་འགོར་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིར་རྒྱ་གཞུང་གིས་པེ་ཅིན་གཙོས་པའི་རྒྱ་ནག་ས་ཆ་གཞན་ཐན་ཅིན་དང་ཧི་པེ། ཧྲི་ཅ་གྲང་སོགས་གྲོང་ཁྱེར་ ༨ ལ་མཁའ་དབུགས་འབགས་བཙོག་གི་ཉེན་བརྡ་བཏང་ཡོད་པར་བཀོད་འདུག
དེ་རིང་བྷེ་བྷེ་སི་རྒྱ་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བའི་ནང་། པེ་ཅིན་དུ་ཡོད་པའི་བྷེ་བྷེ་སི་གསར་འགོད་པར་གཞུང་འབྲེལ་མིན་པའི་ཚོང་ལས་སྡེ་ཚན་གྱི་བུད་མེད་ཅིག་གིས། མཁའ་དབུགས་འབགས་བཙོག་གི་ཉེན་ཁ་ཆེ་རུང་སྲིད་གཞུང་གིས་ལས་ཀ་མུ་མཐུད་དུ་བྱེད་དགོས་ཀྱི་ཡོད་ཚུལ་བརྗོད་སོང་། དེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་ནས་ཕྱི་ཟླ་ ༡༢ ཚེས་ ༡ བར་པེ་ཅིན་གྱི་མཁའ་དབུགས་ཧ་ཅང་འབགས་བཙོག་ཆགས་ཡོད་ཀྱང་། པེ་ཅིན་སྲིད་གཞུང་གིས་ཉེན་བརྡ་གང་ཡང་བཏང་མ་སོང་། ད་རེབ་ཉེན་མཁའ་མདུན་ལ་བསླེབས་སྐབས་གཞུང་གིས་གཞི་ནས་ཁྱབ་བསྒྲགས་བྱས་སོང་། དེ་མི་མང་ལ་འགན་འཁུར་བའི་བྱ་སྤྱོད་ཅིག་མ་རེད། ཅེས་བརྗོད་འདུག
ཨ་རིའི་ཊོ་ལོན་དྷོ་ (Toledo)སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བ་རན་བྷོ་ (Ranbo Gang) ཡིས། པེ་ཅིན་གྲོང་ཁྱེར་དུ་རྒྱ་ནག་དབུས་གཞུང་གི་ལས་བྱེད་རྣམས་དང་ཕྱི་རྒྱལ་གཞུང་ཚབ་ཁག་བཅས་མི་མང་འབུམ་ ༢༠༠ ལྷག་གཏན་སྡོད་བྱེད་ཀྱི་ཡོད། པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་འབགས་བཙོག་གི་ཡོང་ཁུངས་གཙོ་བོ་རླངས་འཁོར་གྱི་དུ་བས་བཟོས་ཡོད་སྟབས། རྒྱ་ནག་གཞུང་གིས་པེ་ཅིན་གྱི་མཁའ་དབུགས་གཙང་སྦྲ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་འདུག
རྒྱ་གཞུང་གིས་མཁའ་དབུགས་འབགས་བཙོག་གི་ཉེན་བརྡ་ལ་གནས་རིམ་ ༤ ཡོད་པ་དང་། དེའི་ཁྲོད་ཀྱི་ཚད་རིམ་དམའ་ཤོས་དེ་བཞི་བ་ཡིན་པ་དང་དེའི་ཉེན་བརྡའི་རྟགས་སྔོན་པོ་ཡིན་པ་དང་། གསུམ་པའི་ཉེན་བརྡའི་རྟགས་སེར་པོ། གཉིས་པའི་ཉེན་བརྡའི་རྟགས་དམར་སེར། ཉེན་ཁ་ཆེ་ཤོས་ཀྱི་རྟགས་དམར་པོ་ཡིན་འདུག ད་རེབ་པེ་ཅིན་མཁའ་དབུགས་འབགས་བཙོག་གི་ཉེན་བརྡའི་རྟགས་དམར་པོ་ཆགས་ཡོད་འདུག ལོ་གཉིས་སྔོན་ལ་རྒྱ་གཞུང་གིས་མཁའ་དབུགས་འབགས་བཙོག་སྐོར་ལ་ལས་དོན་བྱས་པའི་ཚུན་ལ་ད་རེབ་ཀྱི་ཉེན་བརྡ་དེ་ཛ་དྲག་ཆེ་ཤོས་ཆགས་ཡོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།