དེ་རིང་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་བསྩལ་ནས་ལོ་ ༢༦ འཁོར་བ་དང་ཧིན་བོད་མཛའ་འབྲེལ་མཐུན་ཚོགས་བཙུགས་ནས་མི་ལོ་ ༢༠ འཁོར་བ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བཅས་དུས་སྟོན་སུམ་འཛོམས་འཁེལ་ཡོད།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ སྟེང་། མེག་གྷན་སྦག་སུ་གསོལ་མགྲོན་ཁང་གི་རྩེད་ཐང་དུ། དྷ་རམ་ས་ལའི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། གླ་གཏོང་རླངས་འཁོར་དང་འཁོར་གསུམ་སྦག་སྦག་སྐྱིད་སྡུག རི་འཛེགས་རུ་ཁག་བཅས་མཉམ་འབྲེལ་གོ་སྒྲིག་འོག ༼ ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན ༽དབུ་འཛུགས་གནང་སོང་།
དུས་སྟོན་འདིའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སང་གེ་མཆོག་དང་ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་འཕེལ་རྒྱས་བློན་ཆེན་གྱི་སྐུ་ཚབ་སྐུ་ཞབས་བྷལ་བྷེར་ཐཱ་ཁུར་མཆོག་གཉིས་ཀྱི་དབུས། ཧི་མ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་རྣམ་པ། དེ་བཞིན། དྷ་རམ་ས་ལའི་རྒྱ་གར་དང་བོད་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཕེབས་འདུག་ལ། རྒྱ་གར་ཧི་མ་ཅལ་མངའ་སྡེའི་རྫོང་ཁག་དང་། ཨུ་རུ་སུ་དང་སོག་པོ། བོད་དང་བལ་ཡུལ་སོགས་ཀྱི་གླུ་གར་ཚོགས་པ་ཁག བཞུགས་སྒར་ས་གནས་ཧིན་བོད་མི་མང་བཅས་ཁྱོན་མི་གྲངས་ ༣༠༠ མ་ཟིན་ཙམ་འཛོམས་འདུག
སྐབས་དེར་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྤྱི་འཐུས་ལས་ཐོག་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། དེ་རིང་འདིར་དམིགས་བསལ་ཧིན་བོད་མཛའ་འབྲེལ་མཐུན་ཚོགས་བཙུགས་ནས་ལོ་ ༢༠ དང་། ༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་གནང་མཛད་དེ་ལོ་ ༢༦། དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་དུས་སྟོན་སུམ་འཛོམས་ཀྱི་ཉིན་མོ་ཞིག་ཏུ་འཁེལ་ཡོད་པ་དང་། ད་ལྟའི་བར་ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་ཐོག རྒྱལ་ཁབ་གཉིས་དང་མི་རིགས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་འཛིན་གྱི་ཆེད་དུ་གཞས་སྣ་འཁྲབ་སྟོན་སོགས་གོ་སྒྲིག་ཞུས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཡོངས་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞུང་དམངས་གཉིས་ཀྱི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས། ང་ཚོས་ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་འདི་མུ་མཐུད་དུ་འཛིན་སྐྱོང་སྤེལ་གསུམ་དང་། འབྱུང་འགྱུར་ཡང་འདི་ལས་ལྷག་ཅིག་སྲུང་གཙི་གནང་དགོས་པ་དང་། གནང་ཐུབ་པའི་རེ་བ་ཡོད། ཅེས་སོགས་བརྗོད་སོང་།
དེའི་རྗེས་སྲིད་སྐྱོང་བློ་བཟང་སང་གེ་མཆོག་གིས་ཧིན་སྐད་ཐོག་གསུང་བཤད་གནང་དོན། ཧིན་བོད་གཉིས་ནི་ཆོས་དང་རིག་གཞུང་གི་ཐོག་ནས་དམིགས་བསལ་འབྲེལ་བ་ཤུགས་ཆེན་ཡོད་པ་དང་། གནས་སྐབས་རིང་ང་ཚོ་འདིར་སྐྱབས་བཅོལ་དུ་སྡོད་དགོས་བྱུང་ཡོད་ཀྱང་། ཉིན་ཞིག་ང་ཚོ་ཕྱིར་བོད་ནང་ལོག་འགྲོ་རྒྱུ་ཡིན་གཏན་ཁེལ་རེད། ད་ལྟའི་བར་དུ་རྒྱ་གར་གཞུང་དམངས་གཉིས་ང་ཚོར་བཀའ་དྲིན་ཆེན་པོ་ཞེ་དྲགས་ཡིན་པ་དང་། ང་ཚོ་མུ་མཐུད་ནས་འཆམ་མཐུན་ངང་གནས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་གྱི་རིག་གཞུང་འཁྲབ་སྟོན་ལ་མུ་མཐུད་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
ཧི་མ་ཅལ་མངའ་སྡེའི་གྲོང་སྡེ་འཕེལ་རྒྱས་བློན་ཆེན་གྱི་སྐུ་ཚབ་བྷལ་བྷེར་ཐཱ་ཁུར་མཆོག་གིས། ཆོས་དང་རིག་གཞུང་གི་ཐོག་ནས་ཧིན་བོད་གཉིས་བར་ལོ་རྒྱུས་རང་བཞིན་གྱི་འབྲེལ་འདྲིས་གཏིང་ཟབ་ཡོད་པ་ལྟར། མ་འོངས་པར་ཁྱེད་རང་ཚོ་བློ་སེམས་བདེ་བའི་སྒོ་ནས་འདི་གར་བཞུགས་པར་དགའ་བསུ་ཡོད། བོད་མིའི་རེ་བ་མངོན་འགྱུར་བྱུང་སྟེ་ཕྱིར་བོད་ཡུལ་ལ་ལོག་ཐུབ་པར་ང་ཚོས་སེམས་གཏིང་ནས་རེ་བ་བྱེད་ཀྱི་ཡོད། ང་ཚོའི་ངོས་ནས་ཀྱང་མ་འོངས་པར་ཧིན་བོད་རིག་གཞུང་འཁྲབ་སྟོན་འདི་ལ་མུ་མཐུད་རྒྱབ་སྐྱོར་དང་མཐུན་འགྱུར་གང་ཐུབ་གང་ཡག་གནང་གི་ཡིན། ཞེས་སོགས་བརྗོད་སོང་།
ཧི་མ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་འདི་ནི་ ༡༩༨༩ ལོའི་ཟླ་ ༡༢ བའི་ཚེས་ ༡༠ ཉིན་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་བསྩལ་བ་ནས་བཟུང་ལོ་ལྟར་སྲུང་གཙི་གནང་གི་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་དང་ཧི་མ་ཅལ་མངའ་སྡེའི་གཞུང་གི་མཐུན་འགྱུར་འོག ལོ་ལྟར་དུས་སྟོན་འདིའི་སྟེང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྲོལ་རྒྱུན་རིག་གཞུང་དང་། ཀེ་ནོར་དང་ལ་དྭགས། དེ་བཞིན། བོད་དང་བལ་བོ་སོགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གཞས་སྣ་འཁྲབ་སྟོན་གནང་གི་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།