བྱང་ཀོ་རི་ཡའི་པདྨའི་རོལ་དབྱངས་ཚོགས་པ་རྒྱ་ནག་པེ་ཅིན་ལ་འཁྲབ་སྟོན་དུ་ཕྱིན་ཡོད་ཀྱང་རྒྱུ་མཚན་ཅི་ཡིན་ཁ་གསལ་མེད་པའི་འོག་འཁྲབ་སྟོན་མ་བྱས་པར་ཕྱིར་བྱང་ཀོ་རི་ཡར་ལོག
བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨང་གིས་ཧ་ཅང་དགའ་མོས་བྱེད་སའི་པདྨ་རོལ་དབྱངས་ཚོགས་པ་ཉེ་ལམ་པེ་ཅིན་ལ་འཁྲབ་སྟོན་དུ་བསྐྱོད་དེ། གཟའ་སྤེན་པའི་ཕྱི་དྲོར་འཁྲབ་སྟོན་དངོས་གཞིར་ཆུ་ཚོད་ཁ་ཤས་ལས་མེད་པའི་མཚམས་སུ་འཁྲབ་སྟོན་ཚོགས་པ་དེ་གློ་བར་དུ་ཕྱིར་བྱང་ཀོ་རི་ཡར་ལོག་ཡོད་འདུག གནས་ཚུལ་འདིའི་ཐད་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀས་ད་སྔ་གསལ་བཤད་གང་ཡང་བྱས་མི་འདུག
རོལ་དབྱངས་ཚོགས་པ་དེ་བྱང་ཀོ་རི་ཡའི་ཕྱི་ཕྱོགས་སུ་སྐྱོད་པ་ཐོག་མ་ཡིན་ཞིང་། ད་རེབ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་ཐེངས་གསུམ་ལ་འཁྲན་སྟོན་བྱ་རྒྱུ་བྱས་ཡོད་ཅིང་། དེའི་དམིགས་ཡུལ་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་མཐུན་འབྲེལ་ཡར་རྒྱས་སུ་གཏོང་ཆེད་ཡིན་འདུག
དེ་རིང་ཞིན་ཐང་རིན་གྱིས་གནས་ཚུལ་སྤེལ་བའི་ནང་། ཟླ་འདིའི་ཚེས་ ༡༠ ཉིན་བྱང་ཀོ་རི་ཡའི་རྒྱལ་ཁབ་མཉམ་ལེན་ཚོགས་པ་དང་པདྨ་རོལ་དབྱངས་ཚོགས་པ་གཉིས་མེ་འཁོར་ནང་པེ་ཅིན་ལ་འབྱོར་ཡོད་པ་དང་། རོལ་དབྱངས་དེ་གཉིས་རྒྱ་ནག་ལ་མ་འབྱོར་སྔོན་ནས་རྒྱལ་ཁབ་གཉིས་ཀྱིས་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་ཅིང་། བྱང་ཀོ་རེ་ཡའི་དབུས་གསར་འགྱུར་ཁང་གིས། ད་རེབ་པདྨའི་རོལ་དབྱངས་ཚོགས་པ་རྒྱ་ནག་ལ་སོང་སྟེ་ལང་ཚོ་དར་ལ་བབ་པའི་མཛེས་མ་དག་གི་ཞལ་རས་དང་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱིས་རྒྱ་ནག་མི་མང་ཁྲི་སྟོང་མང་པོའི་ཡིད་དབང་འགུག་ངེས་ཡིན་ཞེས་སོགས་བཀོད་ཡོད་འདུག
ཟླ་འདིའི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཟློས་གར་ཚོགས་པ་དེའི་ལས་རིམ་གསལ་བསྒྲགས་སྤེལ་པའི་ནང་། པདྨ་རོལ་དབྱངས་ཚོགས་པ་རྒྱ་ནག་པེ་ཅིན་གྱི་གནའ་བོའི་ཕོ་བྲང་དང་མཚོ་འགྲམ་སོགས་སུ་རྩེད་མོ་རྩེད་བར་འཁྲིད་རྒྱུ་དང་། དགོང་མོ་ཟློས་གར་ཁང་ཆེན་མོའི་ནང་སྦྱོར་བརྡར། ཚེས་ ༡༡ ཉིན་མུ་མཐུད་དུ་ལྟ་སྐོར་དང་། ཚེས་ ༡༢ ནས་ ༡༤ ཉིན་གྱི་དགོང་མོ་ཟློས་གར་ཁང་དུ་འཁྲབ་སྟོན་བྱ་རྒྱུ་སོགས་བསྒྲགས་ཡོད་འདུག
གཟའ་པ་སངས་ཉིན་རྒྱ་ནག་ཕྱི་དྲིལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲོན་ཡེན་ (Hua Chunying) ཡིས། ཐེངས་འདིའི་བྱང་ཀོ་རེ་ཡའི་ཁྲབ་སྟོན་པ་འདི་དག་རྒྱ་ནག་ལ་ཡོང་དོན་གཙོ་བོ་རྒྱལ་ཁབ་གཉིས་ཀྱིས་རིག་གཞུང་བརྗེ་རེས་དང་མཛའ་འབྲེལ་ཇེ་བརྟན་དུ་གཏོང་ཆེད་ཡིན་སྟབས། ཐེངས་འདིར་བྱང་ཀོ་རི་ཡའི་པདྨ་རོལ་དབྱངས་ཚོགས་པ་པེ་ཅིན་དུ་ཕེབས་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་མཐོང་ཆེན་བྱས་པ་རེད། ཅེས་སོགས་བརྗོད་འདུག
རེས་གཟའ་སྤེན་པའི་ཕྱི་དྲོར་བྱང་ཀོ་རེ་ཡའི་པདྨའི་རོལ་དབྱངས་ཚོགས་པ་ཕྱིར་རང་རྒྱལ་ལ་ལོག་པའི་གནས་ཚུལ་རྒྱ་ནག་དྲ་ཚིགས་ཁ་ཤས་དང་། ཞིན་ལཱང་སོགས་པེ་ཅིན་གྱི་རྒྱལ་སའི་གནམ་ཐང་དུ་རོལ་དབྱངས་ཚོགས་པའི་མི་རྣམས་ཕྱིར་ལོག་བཞིན་པའི་འདྲ་པར་དང་གནས་ཚུལ་བཀོད་ཡོད་པའི་ནང་། ཚོགས་མི་དེ་ཚོས་དམག་ལྭ་ལྗང་ཁུ་གྱོན་ཡོད་པ་དང་། ཁ་ཤས་ཀྱིས་ལག་ཏུ་ཅ་དངོས་དང་སྒམ་སོགས་འཁྱེར་ཡོད་པ་བཀོད་ཡོད་ཀྱང་། ཅུང་ཙམ་རྗེས་གནས་ཚུལ་ཡོངས་རྫོགས་ནག་གསུབ་བྱས་ཡོད་འདུག
ནེའུ་ཡག་དུས་བབ་ཀྱིས་གནས་ཚུལ་སྤེལ་བའི་ནང་། བྱང་ཀོ་རི་ཡའི་པདྨ་རོལ་དབྱངས་ཚོགས་པའི་ནང་ཚོགས་མི་ ༢༠ ལྷག་ཡོད་པ་ཚང་མ་ལོ་ན་གཞོན་ཞིང་སྐྱེས་གཟུགས་མཛེས་པའི་གཞོན་ནུ་མ་རྐྱང་རྐྱང་ཡིན་པ་དང་། ཁོ་མོ་ཚོའི་རོལ་དབྱངས་ནང་ནུབ་ཕྱོགས་དེང་རབས་ཀྱི་རོལ་དབྱངས་དང་། ཀོ་རི་ཡའི་གསར་བརྗེ་སྲོལ་རྒྱུན་གྱི་གདངས་ཡོད་སྟབས། དེ་ནི་གནའ་དེང་ཟུང་འབྲེལ་གྱི་རོལ་དབྱངས་ཚོགས་པ་ཞིག་ཡིན་པ་མ་ཟད། བརྒྱུད་ལམ་ཁག་གཞན་གྱི་གནས་ཚུལ་ལུང་འདྲེན་བྱས་པའི་ནང། རོལ་དབྱངས་ཚོགས་པ་དེ་ནི་ད་ལྟའི་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨང་གིས་འདེམ་སྒྲིག་བྱས་པ་ཞིག་ཡིན་པ་མ་ཟད། ཁོ་བོའི་བཟའ་ཟླ་ཡང་དེའི་ཁྲོད་ཀྱི་གླུ་བ་ཞིག་ཡིན་ཚུལ་སོགས་བཀོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།