རི་ཅར་གྷེར་གྱིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།
ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་ཏཱ་ལའི་བླ་མ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་རྗེས། གསོལ་མགྲོན་ཁང་ནས་ཐོ་རེངས་སྐབས་མལ་ནས་བཞེངས་ཏེ་གཟིམ་ཆུང་ནང་ཕེབས་གནང་སོང་། དེ་དུས་ང་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་བ་ཚོས། བཙན་བྱོལ་ལ་གྱར་བའི་ནང་པའི་དགེ་འདུན་བ་ཉམ་ཆུང་འདི་དང་ཁོང་གི་འཐབ་རྩོད། རྒྱལ་ཁབ་དང་མི་རིགས། བོད་ཀྱི་ཤེས་རིག་ལ་རྒྱལ་སྤྱིའི་ཐོག་ཆེ་མཐོང་ཐོག་མ་དེ་ཐོབ་པར་དྲན་གསོ་ཞུ་རྒྱུར་བསྒུག་ནས་བསྡད་ཡོད།
རྒྱས་སྤྲོས་མེད་པའི་དུས་སྐབས་དེར་ཁོང་སྦག་སྦག་གི་ཕེབས་བསུའི་འོག་སྲིད་འཛིན་མཇལ་བར་མ་ཕེབས་གོང་། ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་ང་ཚོ་གོམ་པ་བརྒྱབ་ནས་ཕྱིན་པ་ཡིན། ཉིན་དེའི་དགོང་དྲོའི་མུན་ནག་ཁྲོད་སྒྲོན་མེའི་འོད་མདངས་ཆེམ་ཆེམ་དུ་འཕྲོ་དུས་ཁོང་གིས་ང་ཚོ་མི་རེ་ངོ་རེར་འཐམ་འཁྱུད་གནང་བྱུང་། དེའི་རྗེས་མང་ཚོགས་ཚོས་ངང་ངམ་ཤུགས་ཀྱིས་སོ་སོའི་སྐད་རིགས་ཐོག་གླུ་གཞས་བླངས་ཡོད་ཀྱང་། རིམ་བཞིན་གང་ལྟར་གཞས་དེ་ཚོ་གཞས་གཅིག་དང་སྐད་ཡིག་ཅིག སྐད་གདངས་གཅིག་ཏུ་འགྱུར་སོང་།
ངས་དེ་རིང་གཅེས་པར་འོས་པའི་དུས་དྲན་དེ་བཟོད་པར་དཀའ་བའི་ཐོག་ནས་དྲན་གསོ་ཞུ་ཡི་ཡོད། གང་ཡིན་ཟེར་ན། ཟླ་ ༡༢ པའི་ཚེས་ ༡༠ ཉིན་དང་འདི་ལོ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་ཆེན་ཚོགས་བཞིན་ཡོད་པ་དང་ཏག་ཏག་དུས་ཚོད་གཅིག་ལ་འཁེལ་ཡོད་པ་རེད། ཐེངས་འདིའི་ལྷན་ཚོགས་དེ་ནི་ང་ཚོའི་གོ་ལ་འདི་འཚོ་གནས་ཐུབ་མིན་ལ་གནད་འགག་ཆེན་པོ་ཆགས་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བསྩལ་དོན་གཅིག་ནི། ཁོང་གིས་འཛམ་གླིང་མཐུན་སྒྲིལ་དང་ཁོར་ཡུག་སྲུང་སྐྱོབ་ཐད་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་ཡོད་སྟབས་གནང་བ་ཞིག་རེད། ཁོང་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཀྱི་གསུང་བཤད་ནང་། “ཚན་རིག་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ནང་གཞི་རྩའི་ཆ་ནས་ཆོས་ཐམས་ཅད་རྟེན་འབྱུང་ཡིན་པ་གཅིག་མཚུངས་གསུངས་ཡོད་སྟབས། གལ་ཏེ་ད་ལྟ་ང་ཚོས་རྒྱལ་སྤྱིའི་ཐོག་སེམས་འཚབ་བྱེད་བཞིན་ཡོད་པའི་ཁོར་ཡུག་འགྱུར་ལྡོག་ཐད་དོན་དང་ལྡན་པ་དང་ཁ་ཡོད་ལག་ཡོད་ཀྱི་བྱ་སྤྱོད་ཅིག་གཏོད་དགོས་ན། རྟེན་འབྱུང་གི་གོ་རྟོགས་འདི་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད།” ཅེས་གསུངས་ཡོད། ད་ལྟ་གཞུང་གིས་ཁོང་གི་ཐུགས་འདུན་འདིར་མཁའ་རླུང་འབགས་བཙོག་བཟོ་མཁན་ནག་རྫས་ཉིས་འགྱུར་སྔོན་འགོག་བྱ་ཆེད་ཀྱི་གྲོས་མཐུན་བཞག་སྟེ། འབགས་བཙོག་གི་རྐྱེན་པས་ད་བར་དམག་འཁྲུག་དང་རང་བྱུང་གི་བྱུས་ཉེས་ལས་ལྷག་པའི་གནོད་འཚེ་ཕོག་ས་འཁོས་ཞན་ཉམ་ཐག་ཚོར་དཔལ་འབྱོར་གྱི་ཁེ་ཕན་སྤྲོད་རྒྱུ་ལྷག་པའི་གཞན་གང་ཡང་བྱེད་དགོས་དོན་མེད།
རྒྱ་རིགས་ཚུད་པའི་རྒྱལ་སྤྱིའི་ཚན་རིག་པ་ཚོས་ཞིབ་འཇུག་བྱས་ཏེ་བཏོན་པའི་ཛ་དྲག་གནས་སྟངས་ཀྱི་གྲུབ་དོན་སྙན་ཐོ་ཞིག་གི་ནང་། ད་ལྟ་རྒྱ་ནག་གི་དོ་དམ་འོག་ཡོད་པའི་ཏཱ་ལའི་བླ་མའི་ཕ་ཡུལ་བོད་ལྗོངས་ཀྱི་ཚ་དྲོད་འཛམ་གླིང་གི་ས་ཁུལ་གཞན་ལས་ལྡབ་གསུམ་ཙམ་གྱིས་འཕར་ཚད་ཇེ་མགྱོགས་སུ་སོང་ཡོད་པ་བཀོད་ཡོད་སྟབས། ང་ཚོར་དོན་གནད་འདི་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། ཡུ་རོབ་ཀྱི་ནུབ་ཕྱོགས་དང་འཛམ་གླིང་གི་ས་བབ་དང་མཐོ་སྒང་ཆེ་ཤོས་བོད་ནི། འཛམ་གླིང་གི་ཡང་ཐོག་ཡིན་པ་མ་ཟད། ད་ཆ་སའི་གོ་ལའི་སྣེ་མོ་གསུམ་པར་ཡང་འབོད་ཀྱིན་ཡོད། གང་ཡིན་ཟེར་ན། བོད་ནི་ཨར་ཌིག་དང་ཨན་ཌར་ཌིག་ཕུད་པའི་འཛམ་གླིང་གི་དྭངས་གཙང་ཆུ་ཡི་འབྱུང་ཁུངས་ཆེ་ཤོས་དེ་རེད། གལ་ཏེ་བོད་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཕྱིན་པ་ཡིན་ན། ཨེ་ཤ་ཡའི་ཆར་དུས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མ་ཟད། ཡུ་རོབ་དང་སའི་གོ་ལའི་བྱང་ངོས་ཀྱི་ཕྱེད་ཀར་གནས་པའི་ཡུལ་གྲུ་ཁག་གི་གནམ་དུས་ལའང་དོ་ཕོག་འགྲོ་ངེས་རེད། སྐབས་དེ་དུས་བོད་ནི་རྒྱ་ནག་གཞུང་གི་ལྕགས་ཁྲའི་ནང་གི་བྱིའུ་དེ་ཆགས་སྲིད་པ་ཞིག་ཡིན།
བོད་ནི་ཨེ་ཤ་ཡའི་ཆུ་བོ་ཆེ་ཁག་འབྲི་ཆུ་དང་རྫ་ཆུ། རྟ་མཆོག་ཁ་འབབ་བཅས་ཀྱི་འབྱུང་ཁུངས་ཡིན་སྟབས། ད་ལྟ་ཆུ་གཞུང་འདི་དག་ལ་བརྟེན་ནས་འཚོ་སྡོད་བྱེད་བཞིན་པའི་ཨེ་ཤ་ཡའི་མང་ཚོགས་ས་ཡ་མང་པོར་བོད་ཀྱི་འཇིག་ཉེན་འོག་ཡོད་པའི་སྣོད་བཅུད་དག་འཚོ་གནས་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཡོད། ཡིན་ནའང་། འཛམ་གླིང་རྒྱལ་ཁབ་ཁག་གིས་འཛམ་གླིང་སྟེང་ས་ཡོམ་དང་ཚབས་ཆེའི་གནོད་སྐྱོན་ཕོག་ཡུལ་བོད་མཐོ་སྒང་ནས་རྒྱུ་བའི་ཆུ་བོ་དེ་དག་སྟེང་རྒྱ་ནག་གཞུང་གིས་ཆུ་རགས་བརྒྱབ་དང་རྒྱག་བཞིན་ཡོད་པར་དོ་སྣང་ཙམ་ཡང་མི་སྤྲོད་པར་སྣང་མེད་བཏང་ནས་བཞུགས་ཡོད།
བོད་ཀྱི་ཡངས་ཤིང་ཆེ་བའི་རྩ་ཐང་སྟེང་། འབྲོག་པ་ཚོས་བཟོད་དཀའི་དཀའ་སྡུག་ཁྱད་བསད་བྱས་ནས་ངོ་ལོ་སྟོང་ཕྲག་མང་པོ་གནམ་དུས་ཀྱི་འཕོ་འགྱུར་ལ་བསྟུན་ཏེ། གཡག་དང་ལུག་ཁྱུ་དེད་ནས་རྩ་ཆུ་གང་བཟང་ལ་གནས་སྤོས་ནས་འཚོ་བ་རོལ་གྱི་ཡོད་ཀྱང་། ད་ལྟ་ཁོ་ཚོ་ཕ་མེས་ཀྱི་ཕ་ས་ནས་བཙན་ཤེད་ཀྱིས་གཞིས་སྤོ་བྱེད་དུ་བཅུག་ཡོད་སྟབས། ད་ཆ་བོད་ཀྱི་སྲོལ་རྒྱུན་གྱི་སྤྱི་ཚོགས་དེ་འཐོར་བཤིག་ཏུ་འགྲོ་མུས་ཡིན་པ་མ་ཟད། འབྱུང་ཁམས་ཁོར་ཡུག་ཡང་རྩ་འཐོར་འགྲོ་བཞིན་ཡོད་པ་རེད།
འདི་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་དང་མཁས་དབང་། ཁོར་ཡུག་སྲུང་སྐྱོབ་པ། འཛམ་གླིང་གི་ཚན་རིག་པ་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ནང་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་དགོས་ཀྱི་ཡོད་པ་ཡང་ཡང་རྗོད་ཀྱི་ཡོད་པ་མ་ཟད། གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་འབྲོག་པ་ཚོས་ནོར་ནག་དེད་ནས་གནས་སྤོ་རྒྱུ་ནི་རྩ་ཐང་གི་འབྱུང་ཁམས་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཡང་འགྲེལ་བཤད་རྒྱག་གི་ཡོད།
ཡིན་ཡང་རྒྱ་ནག་གཞུང་དང་འབྲེལ་ཡོད་མི་སྣས་ད་བར་ཁ་བཤད་ལག་བསྟར་མ་བྱས་སྟབས། བོད་ཀྱི་འཁྱགས་རོམ་བཞུར་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ཏེ། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་མཐོ་སྒང་བོད་ཀྱི་ཆུ་བོ་དག་ཁ་ལོ་སྒྱུར་བཞིན་ཡོད། དེ་ནི་རྒྱ་ནག་གཞུང་གིས་ཐབས་ཇུས་ལྡན་དང་དམིགས་ཡུལ་ལྡན་པའི་ཐོག་ནས་བོད་ཀྱི་ཆུ་རྒྱུན་ལ་བརྟེན་ཡོད་པའི་རྒྱལ་ཁབ་ཁག་གི་དགོས་མཁོར་བསམ་གཞིགས་མ་བྱས་པར་རང་གི་འདོད་དོན་སྒྲུབ་བཞིན་ཡོད་པ་གསལ་པོ་རེད། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་རྗེས། ཁོ་ཚོས་བོད་ཀྱི་ཆུ་བོ་དག་རྒྱལ་ཁབ་གཞན་ལ་བཞུར་རྒྱུར་སྔར་ལས་དམ་དྲག་ཆེ་རུ་བཏང་ཡོད་སྟབས། ད་ལྟ་ཆུ་ནི་ལྷོ་ཤར་ཨེ་ཤ་ཡ་དང་ཤར་ཕྱོགས་རྒྱལ་ཁབ་ཁྱོན་ཡོངས་ཀྱི་རྒྱལ་སྲུང་གནད་དོན་ཛ་དྲག་ཤོས་དེ་ཆགས་ཡོད། ཉེན་ཚབས་ཆེ་བའི་གནད་དོན་དེའི་རྐྱེན་པས་བོད་མཐོ་སྒང་གི་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་དང་བསྟུན་ཏེ་བོད་ཀྱི་དྭངས་གཙང་ཆུ་བོ་དག་ཇེ་དཀོན་དུ་འགྱུར་བཞིན་ཡོད་པ་ད་ཆ་ཨེ་ཤ་ཡ་དང་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་འགྱུར་ཡོད།
རྒྱ་ནག་གི་དཔོན་རིགས་ཚོས་མཐོ་རིམ་ལྷན་ཚོགས་བསྡུ་སྐབས་རྒྱ་ནག་ནང་ཁོར་ཡུག་འབགས་བཙོག་གི་དཀའ་ངལ་ཤུགས་ཆེན་འཕྲད་ཀྱི་ཡོད་པ་ཁས་ལེན་བྱས་ཡོད་པ་མ་ཟད། རྒྱ་རིགས་མང་པོ་ཞིག་གིས་ལུས་སྲོག་ལ་ཉེན་ཁ་བཟོ་མཁན་གྱི་བཟོ་གྲྭ་འཕེལ་སྐྱེད་གཏོང་བ་ལས་ཁོར་ཡུག་གི་བདེ་ཐང་གལ་ཆེན་ཡིན་པའི་ངེས་པ་བརྙེད་དེ། ད་ལྟ་གནམ་གཤིས་འགྱུར་ལྡོག་འགོག་ཐབས་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་ཁབ་དང་སྒེར་གྱི་ཁེ་ཕན་སྒྲུབ་ཀྱི་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད། དེ་བཞིན། ད་ལྟ་རྒྱ་ནག་ནང་ཁ་གཅིག་གྲགས་ཐོག་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ཐུབ་དགོས་ན། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་རེད་ཟེར་ནས་སྐད་རྒྱག་མཁན་རྒྱ་རིགས་ཁོར་ཡུག་སྲུང་སྐྱོབ་པ་དང་ཆེད་མཁས་མི་སྣ་མང་དུ་འགྲོ་བཞིན་ཡོད།
དུས་རབས་ཉེར་གཅིག་འདི་རྒྱུན་གནས་ཐུབ་དགོས་ན། བོད་ཀྱི་རྩྭ་ཐང་ནས་འབྲོག་པ་ཚོ་བཙན་གྱིས་གཞིས་སྤོ་བྱེད་བཞིན་པ་དག་མཚམས་འཇོག་དང་། བོད་མི་ཚོས་སོ་སོའི་ས་ཆར་དོ་དམ་བྱེད་བཅུག་དགོས་པ་རེད། འདི་ལོའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཚོགས་པ་དང་བསྟུན་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། ད་ལྟ་མངའ་ཁུལ་དང་ས་གནས་སྲིད་གཞུང་། རྒྱ་ནག་གཞུང་དང་བོད་མི། ཨེ་ཤ་ཡའི་མཁས་དབང་ཁག་དང་ཚན་རིག་པ། གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱི་བར་གྲོས་མོལ་བྱས་ཏེ། ཁོ་ཚོས་ཐུན་མོང་ཐོག་བསྒྲུབ་དགོས་པའི་ཐབས་ཇུས་ཁག་ཅིག་གསལ་ཁ་བཏོད་ཡོད་པ་མ་ཟད། དེའི་ནང་འཕྲལ་དུ་རྒྱ་ནག་ཚུད་པའི་ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་མངའ་ཁུལ་གྱི་ཆུ་བོའི་འབྱུང་ཁུངས་ཁག་ལ་དོ་དམ་དང་འཛིན་སྐྱོང་བྱེད་ཕྱོགས་ཀྱི་སྒྲོམ་གཞི་ཞིག་གཏན་འབེབས་བྱེད་དགོས་པའི་དུས་ལ་འབབ་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།
ཏཱ་ལའི་བླ་མ་མཆོག་གིས། “སྔོ་ལྗང་གི་གོ་ལ་འདི་ང་ཚོའི་ཁྱིམ་ཚང་དང་། བོད་ནི་དེའི་ཡང་ཐོག་རེད། བོད་ཀྱི་མཐོ་སྒང་ལ་སྲུང་སྐྱོབ་བྱ་དགོས་པ་ནི་བོད་མི་ཁོ་ནའི་ཆེད་དུ་མིན་པར། འདི་ནི་ཁོར་ཡུག་གི་བདེ་ཐང་དང་འཛམ་གླིང་ཁྱོན་ཡོངས་རྒྱུན་གནས་ཐུབ་མིན་དང་འབྲེལ་བ་ཆེན་པོ་ཆགས་ཡོད།”ཅེས་གསུངས་ཡོད། ད་ལན་ཕ་རེ་སིར་ཚོགས་པའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྟེང་ཕ་ཡུལ་བཞག་ནས་བཙན་བྱོལ་ལ་ཕེབས་དགོས་བྱུང་བའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ཕེབས་མ་ཐུབ་པ་དེ་ནི་འཛམ་གླིང་ལ་གྱོང་གུད་ཆེན་པོ་ཞིག་རག་ཡོད་པ་རེད། ཡིན་ནའང་། ང་ཚོས་ཕྱི་ལོ་ ༡༩༨༩ ལོར་ཁོང་གིས་ནོར་ཝེ་རྒྱལ་ས་ཨོ་སོ་ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་བསྩལ་བའི་གསུང་བཤད་ལ་དོ་སྣང་དང་སྐུལ་སྤེལ་བྱས་ཏེ། ཕ་རེ་སི་ལྷན་ཚོགས་ཐོག་གླེང་སློང་ཡོང་བའི་ནན་སྐུལ་བྱེད་དགོས་པ་མ་ཟད། བོད་ནི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གླེང་སྟེགས་དེའི་ནང་གི་གལ་གནད་ཆེ་ཤོས་དང་ལབ་གླེང་མང་ཤོས་ཆགས་ཡུལ་དེ་བཟོ་ཐུབ་པ་བྱ་དགོས། གལ་ཏེ་རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་ས་ཁོངས་ཡིན་པ་བཏོན་པའི་དབང་དུ་བཏང་ཡང་བོད་ནི་ང་ཚོ་ཚང་མར་དབང་བ་ཞིག་རེད།
མ་རྩོམ་གྱི་དྲ་འབྲེལ།
http://america.aljazeera.com/opinions/2015/12/tibet-is-the-canary-in-the-coal-mine.html
ཟུར་མཆན།
རྩོམ་ཡིག་འདི་བོད་མིའི་འདི་ཕྱིའི་སྐྱབས་མགོན་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྩལ་བའི་ཉིན་དང་། ཧྥ་རན་སིའི་རྒྱལ་སར་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཚོགས་བཞིན་པ་དང་བསྟུན་ཏེ། ཨ་རིའི་ཧོ་ལེ་ཝོ་ཌེའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་རི་ཅར་གྷེར་ (Richard Gere) ལགས་ཀྱིས་བརྩམས་ཏེ། ཟླ་འདིའི་ཚེས་ ༡༠ ཉིན་(Al Jazeera) ཞེས་པའི་སྟེང་སྤེལ་འདུག