ཁ་སང་རྒྱ་ནག་ལྷོ་ཤར་ཧེ་ལོང་ཅང་ཞིང་ཆེན་གྱི་རྡོ་སོལ་གསེར་འདོན་ས་ཚིགས་དང་ལྷོ་ནུབ་ལའོ་ཉེན་ཞིང་ཆེན་གྱི་རྡོ་སོལ་གཏེར་འདོན་ས་ཚིགས་གཉིས་ལ་གློག་སྐུད་རྩུབ་བརྡར་གྱི་མེ་སྐོན་བྱུང་སྟེ་ལས་བཟོ་བ་ ༣༦ རྐྱེན་འདས་སུ་སོང་ཡོད་འདུག
ཁ་སང་རྒྱ་ནག་གི་ལྷོ་ཤར་ཁུལ་ཧེ་ལོང་ཅང་ (Heilongjiang) ཞིང་ཆེན་གྱི་ཧི་གུང་ (Hegang) གྲོང་ཁྱེར་ནང་ཡོད་པའི་རྡོ་སོལ་གཏེར་འདོན་ས་ཚིགས་ཤིག་ཏུ་གློག་སྐུད་རྩུབ་བརྡར་ལས་མེ་སྐྱོན་བྱུང་སྟེ། རྒྱ་རིགས་ལས་བཟོ་བ་ ༥༢ ཡོད་པའི་གྲས་ཀྱི་མི་ ༡༩ རྐྱེན་ལམ་དུ་ཤོར་བ་དང་། ལྷོ་ནུབ་ཁུལ་ལའོ་ཉེན་ (Liaoning) ཞིང་ཆེན་གྱི་མཚོ་འགྲམ་གྲོང་ཁྱེར་ཧུ་ལུ་ཌོ་ (Huludao) ནང་ཡོད་པའི་རྡོ་སོལ་གཏེར་ཁུངས་ཤིག་ཏུའང་གློག་སྐུད་རྩུབ་བརྡར་ལས་མེ་སྐྱོན་ཤོར་ཏེ་བཟོ་བ་ ༥༠ ཡོད་པའི་གྲས་ཀྱི་མི་ ༡༧ རྐྱེན་འདས་དང་མི་ ༡༠ ལ་རྨས་སྐྱོན་ཕོག་ཡོད་འདུག
དེ་ཡང་རྒྱ་ནག་གི་གཏེར་འདོན་ས་ཚིགས་ཁག་ཏུ་ལས་བཟོ་བའི་བདེ་འཇགས་མཐུན་རྐྱེན་ཞན་ཁར། ཉེ་བའི་ཆར་ནས་རྒྱ་ནག་གི་ལྷོ་ཤར་དང་ལྷོ་ནུབ་ཁུལ་དུ་གནམ་གཤིས་དྲོད་གྲང་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པ་སོགས་ཀྱི་རྐྱེན་པས། ས་ཁུལ་དེ་དག་ནང་གློག་སྐུད་རྩུབ་བརྡར་ལས་མེ་སྐྱོན་གྱི་གོད་ཆག་འབྱུང་མུས་ཡིན་འདུག
དེ་རིང་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་བྱང་ཤར་རྒྱུད་ཀྱི་གཞུང་འབྲེལ་གཏེར་འདོན་ཚན་པ་ཆེ་ཤོས་ལོང་མའེ་ (Longmay) ཞེས་པས། འདི་ལོའི་ཕྱི་ཟླ་ ༩ བར་ལས་བཟོ་བ་ཆིག་འབུམ་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་ལྟར། ཉེ་བའི་ཆར་ས་ཁུལ་དེའི་གྲོང་ཁྱེར་ ༤ ནང་ཡོད་པའི་རྡོ་སོལ་ཐོན་སྐྱེད་ས་ཚིགས་ ༤༢ ནང་ལས་བཟོ་བ་བརྒྱ་ཆ་ ༤༠ ཕྱིར་འཕུད་བཏང་ཡོད་པ་དང་། ལས་བཟོ་བ་ཚོར་གླ་དངུལ་མ་སྤྲད་པ་སོགས་ཀྱི་དཀའ་རྙོག་ཁྲོད་ལས་བཟོ་བ་ཚོས་ངོ་རྒོལ་བྱས་ཏེ་གཏེར་འདོན་ཚན་པ་དང་ལས་བཟོ་བའི་བར་འཁྲུག་འཛིང་ཤོར་ཡོད་འདུག
རྒྱ་རིགས་ལས་བཟོ་བ་ཁག་ཅིག་གིས་ནེའུ་ཡོག་དུས་བབ་གསར་ཁང་གི་གསར་འགོད་པར། གལ་ཏེ་གཏེར་འདོན་ཚན་པའི་མགོ་ཁྲིད་ཚོས་ཁྲིམས་མཐུན་ལུགས་མཐུན་གྱིས་ལས་དོན་བསྒྲུབ་པ་ཡིན་ན། ད་ལྟའི་དཀའ་རྙོག་གི་གནས་སྟངས་འདི་འདྲར་ལྷུང་མེད། དེང་སྐབས་འབྱོར་ལྡན་པ་ཚོར་སྔར་ལས་འབྱོར་ཕྱུག་རྒྱས་པ་དང་། དབུལ་བོ་ཚོ་སྔར་ལས་དབུལ་བོར་འགྱུར་བཞིན་ཡོད། གཏེར་འདོན་ཚན་ཁག་གིས་ང་ཚོ་ཕྱིར་འཕུད་བཏང་བ་ཡིན་ན། ང་ཚོར་འཚོ་ཐབས་གཞན་ཡོད་པ་མ་རེད། གཏེར་འདོན་ཚན་ཁག་གིས་ལས་བཟོ་བ་ཚོ་ཕྱིར་འཕུད་བཏང་བའི་དཀའ་རྙོག་འདི་ལོ་གཉིས་ཀྱི་གོང་ནས་བྱུང་ཡོད་ནའང་། མགོ་ཁྲིད་ཚོ་སྤྱི་ཚོགས་ཀྱི་ཟིང་ཆར་སྐྲག་ནས་ལས་དོན་ནར་འགྱང་བྱེད་ཀྱི་ཡོད་པ་རེད། ཅེས་སོགས་བརྗོད་འདུག
གནས་ཚུལ་ལྟར་ན། ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་རང་བྱུང་གཏེར་འདོན་ས་ཚིགས་ཁག་ཏུ་ལས་བཟོ་བའི་བདེ་འཇགས་མཐུན་རྐྱེན་ཞན་པའི་གནས་སྟངས་འོག ༢༠༡༤ ལོར་རྒྱ་ནག་ནང་རྡོ་སོལ་གཏེར་ཁུངས་རྡིབ་སྐྱོན་དང་མེ་སྐྱོན་ཁྲོད་ལས་བཟོ་བ་ ༩༣༡ རྐྱེན་ལམ་དུ་ཤོར་ཡོད་པ་དང་། ༢༠༠༢ ལོར་ལས་བཟོ་བ་ ༧༠༠༠ རྐྱེན་འདས་སུ་གྱུར་ཡོད་འདུག
ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་ ༡༡ ནང་ཧེ་ལོང་ཅང་ཞིང་ཆེན་གྱི་གཏེར་འདོན་ས་ཚིགས་ཤིག་ཏུ་གློག་སྐུད་རྩུབ་བརྡར་གྱི་མེ་སྐྱོན་ཁྲོད་ལས་བཟོ་བ་ ༢༡ རྐྱེན་འདས་སུ་གྱུར་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་བྱང་རྒྱུད་ཀྱི་ཧྲན་ཞེ་ (Shanxi) ཞིང་ཆེན་གྱི་རྡོ་སོལ་གཏེར་ཁུངས་ཤིག་ཏུའང་མེ་སྐྱོན་བྱུང་སྟེ་ལས་བཟོ་བ་ ༨ རྐྱེན་འདས་དང་མི་ ༡༣ ཤི་རྨས་ཕོག་ཡོད་སྐོར་བཀོད་འདུག རྒྱ་ནག་ནི་འཛམ་གླིང་སྟེང་རྡོ་སོལ་ཐོན་སྐྱེད་མཁན་ཨང་དང་པོ་དང་། ལས་བཟོ་བའི་ཚེ་སྲོག་ལ་འཇིག་ཉེན་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།