བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་ཀོ་བརྗེ་བོ་བརྒྱབ་སྟེ་ཁོའི་ཚབ་ཏུ་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཧའོ་ཕིན་བསྐོ་བཞག་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག
ཁ་སང་ཏཱ་ཅི་ཡོན་གྱི་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཟླ་མཇུག་ལ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་ཀོ་ (Chen Quanguo) ཡི་གོ་གནས་བརྗེ་བོ་རྒྱག་རྒྱུ་དང་ཁོའི་ཚབ་ཏུ་ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཧའོ་ཕིན་ (Hao Peng) བསྐོ་གཞག་བྱ་རྒྱུ་ཡིན་པ་དང་། གནས་ཚུལ་དེའང་ཟླ་འདིའི་མཇུག་ཏུ་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་ཁྱབ་བསྒྲགས་བྱ་སྲིད་པ་རེད་ཅེས་བཀོད་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་གང་ཡང་བཀོད་མི་འདུག
ད་ལྟ་ལོ་ན་ ༦༠ ཡིན་པའི་ཁྲིན་ཆན་ཀོ་ནི་སྔོན་ཆད་ཧི་ནན་ཞིང་ཆེན་གྱི་རྩ་འཛུགས་ལས་ཁུངས་ཀྱི་འགན་འཛིན་དང་ཞིང་ཆེན་གྱི་དྲུང་ཆེ་གཞོན་པ་བྱས་མྱོང་ཞིང་། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་བསྐོས་ཡོད་པ་དང་། ཏཱ་ཅི་ཡོན་གྱི་གནས་ཚུལ་བཀོད་དོན་ལྟར་ན། ཁྲིན་ཆན་ཀོ་ལ་ཧི་ནན་ཞིང་ཆེན་གྱི་དྲུང་ཆེ་དང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཟུར་བའམ་ཅང་ཙེ་མིན་ཤོག་ཁོག་གི་ལེའུ་ཁྲང་ཁྲོན་གྱིས་རོགས་སྐྱོར་བྱས་ཡོད་ཚུལ་བཀོད་པ་མ་ཟད། ཁྲིན་ཆན་ཀོ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་མཐོ་རིམ་དཔོན་རིགས་ཚོའི་འདོད་པ་ཁེངས་མེད་སྐོར་སོགས་བཀོད་འདུག
དུས་དོན་དཔྱད་ཞིབ་པ་ཧྲི་ཅའོ་ཐན་ (Shi Jiutian) ལགས་ཀྱིས། བོད་ལྗོངས་ཀྱི་དྲུང་ཆེ་བརྗེ་བོ་རྒྱག་རྒྱུའི་གནས་ཚུལ་འཁྱམ་པོ་ཞིག་དང་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་དཔོན་རིགས་ཚོར་སྐྱོན་བརྗོད་མཉམ་ཡོང་གི་ཡོད་པ་དེས། གང་མགྱོགས་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པའི་མངོན་རྟགས་རེད་ཟེར།
ཉེ་ཆར་པེ་ཅིན་བོད་ཀྱི་གེ་སར་ཞིབ་འཇུག་ཆེད་མཁས་པ་རྒན་འཇམ་དཔལ་རྒྱ་མཚོས་ཁོ་རང་གི་ཝེ་པའོ་དྲ་བའི་སྟེང་། ཀྲུའུ་ཝེ་ཆོན་དང་ཡའེ་ཞའོ་ཝིན་གཉིས་ལ་སྐྱོན་བྱས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། བརྒྱུད་ལམ་ཁག་ཏུ་རྩོམ་ཡིག་དེའི་སྐོར་ལ་གླེང་སློང་མང་པོ་བྱུང་ཡོད་པ་དང་རྩོམ་ཡིག་དེའི་ནང་དམིགས་བསལ་ཡའེ་ཞའོ་ཝོན་གྱི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། “བོད་ལྗོངས་ཀྱི་སྲིད་བྱུས་སྟངས་འཛིན་བྱེད་ཕྱོགས་ཐད་ང་དང་ཝེ་ཆིན། སྲི་ཐར་གསུམ་གྱིས་གཏན་འབེབས་བྱས་པར་རྒྱ་ནག་དབུས་ཀྱི་རྒྱབ་སྐྱོར་དང་སྔགས་བརྗོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།” ཅེས་བཀོད་འདུག
ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཧའོ་ཕིན་ཡིས་སྔོན་ཆད་ཀན་སུའི་ཞིང་ཆེན་ལན་ཀྲུའུ་གྲོང་ཁྱེར་གྱི་མགོ་ཁྲིད་གཞོན་པ་བྱས་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མགོ་ཁྲིད་གཞོན་པ་དང་དམར་ཤོག་དྲུང་ཆེ་གཞོན་པའི་ལས་འགན་ཁུར་ཡོད་འདུག ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཀྱི་ལས་འགན་ཁུར་ཡོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།