རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མིའི་རྒྱུན་ལས་ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་བྱམས་པ་ཕུན་ཚོགས་ཀྱིས་རྒྱ་མི་རིགས་ཚོས་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་བྱེད་ཀྱི་ཡོད་པ་དེས་སྤྱི་ཚོགས་ལ་བརྡབ་གསིག་གཏོང་གི་ཡོད་སྐོར་བརྗོད་འདུག་ཟེར།
ཟླ་འདིའི་ཚེས་ ༢༡ ཉིན་ནས་བཟུང་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཟེར་བ་དེ་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བཙུགས་ཡོད་པའི་སྟེང་། ཁ་སང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་རྒྱུན་ལས་ཚོགས་གཞོན་བྱམས་པ་ཕུན་ཚོགས་ཀྱིས། རྒྱ་ནག་ནང་ཁུལ་གྱི་རྒྱ་མི་རིགས་ཚོས་གྲངས་ཉུང་མི་རིགས་ལ་ཁྱད་གསོད་བྱས་པའི་གནད་དོན་འབྱུང་བཞིན་ཡོད་པར་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་པའི་ནང་། བྱམས་པ་ཕུན་ཚོགས་ཀྱིས། བོད་ཁུལ་གྱི་སྐྱེལ་འདྲེན་གྱི་ལྟེ་བ་དང་མཐའ་མཚམས་བདེ་འཇགས་ཞིབ་བཤེར་ས་ཚིགས། མགྲོན་ཁང་སོགས་སུ་ཞབས་ཞུའི་ལས་རིགས་གཉེར་མཁན་ཚོས་ནམ་རྒྱུན་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་ཀྱི་གནས་ཚུལ་འབྱུང་བཞིན་ཡོད་དེ་སྤྱི་ཚོགས་ལ་བརྡབ་གསིག་ཕོག་གི་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ས་ཁུལ་གྱི་རང་སྐྱོང་ཁྲིམས་ལུགས་ལ་རྒྱབ་འགལ་འགྲོ་བཞིན་ཡོད་སྟབས། ངེས་པར་དུ་ཡོ་བསྲང་བྱ་དགོས་སྐོར་བརྗོད་ཡོད་ཟེར།
གོང་གི་གནས་ཚུལ་དེ་རའོ་ཊིར་སོགས་རྒྱལ་སྤྱིའི་བརྒྱུད་ལམ་རེ་ཟུང་དུའང་ཐོན་ཡོད་པ་དང་། ད་དུང་གནས་ཚུལ་དེའི་ནང་བོད་མི་ཚེ་རིང་ཞུ་བ་ཞིག་གིས། ༢༠༠༨ ལོའི་རྗེས་ནས་བཟུང་རྒྱ་རིགས་ཤིག་དང་བོད་རིགས་ཤིག་མཉམ་དུ་བོད་ལྗོངས་ས་ཁུལ་དུ་སྐྱོད་སྐབས། འབྲི་ཆའི་ཞིབ་བཤེར་ས་ཚིགས་ནས་རྒྱ་རིགས་དེ་ཞིབ་བཤེར་བྱ་མི་དགོས་པར་བཏང་ཡོད་པ་དང་། བོད་རིགས་དེར་ཞིབ་བཤེར་འདྲ་མིན་བྱས་རྗེས་བོད་ལྗོངས་ལ་འགྲོ་མ་བཅུག་པར་ཕྱིར་དཀའ་མཛེས་ལ་བཏང་ཡོད་པ་རེད། ད་ལྟ་སྤྱི་ཚོགས་ནང་། ཁྱི་དང་རྒྱ་མི་རིགས་བོད་ཁུལ་ལ་འགྲོ་རྒྱུ་ལས་སླ་ཡང་། བོད་མི་རིགས་བོད་ལྗོངས་ལ་འགྲོ་འཇུག་གི་ཡོད་པ་མ་རེད། ཅེས་པའི་བཤད་སྲོལ་ཡོད་པ་རེད། ཅེས་བརྗོད་འདུག
ཚེ་རིང་གིས་མུ་མཐུད་དུ། བྱམས་པ་ཕུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་མ་བྱས་སྔོན་ལ་ཆབ་མདོ་ནས་བྱ་བ་སྒྲུབ་སྐབས་ཁོ་ལ་མི་ཁ་ཤས་ཀྱིས་བསྔགས་བརྗོད་ཐོབ་ཡོད་ཀྱང་། ད་རེབ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་སྟེང་གྲངས་ཉུང་མི་རིགས་ལ་ཁྱད་གསོད་བྱས་པའི་གནད་དོན་དེ་གླེང་པ་ཧ་ཅང་ཕྱི་དྲགས་ཡོད་པ་རེད། ཁོ་ལོང་པ་རེད་དམ་ལྐུགས་པ་རེད། བོད་མི་རིགས་ལ་ཁྱད་གསོད་ཀྱི་གནད་དོན་དེ་ཧ་ཅང་ཚབས་ཆེན་གྱི་གནས་སྟངས་ལ་བསླེབས་ཡོད། མི་ཁག་ཅིག་གིས་བོད་བརྒྱུད་ནང་བསྟན་གྱི་མཚོན་རྟགས་དེ་ཚོ་ལྷམ་དང་། དོར་མའི་སྟེང་ལ་སྦྱར་ནས་བོད་པ་དང་ནང་པའི་དད་མོས་ལ་རྡོག་རོལ་གཏོང་གི་ཡོད་པ་དེ་དག་མཐོང་གི་ཡོད་པ་མ་རེད། ཅེས་སོགས་བརྗོད་འདུག
ཚེ་རིང་གིས་བོད་དང་གྲངས་ཉུང་མི་རིགས་ལ་མཐོང་ཆུང་དབྱེ་འབྱེད་ཀྱི་གནད་དོན་དེ་སྲིད་བྱུས་འཛིན་སྟངས་ཀྱི་གནད་དོན་ཞིག་ཡིན་ཞིང་། ལོ་རབས་ ༧༠ དང་ ༨༠ ནང་ལ་ཁྱད་གསོད་ཀྱི་གནས་ཚུལ་བྱུང་མེད་ཀྱང་། ཅང་ཙེ་མིན་གྱིས་སྲིད་དབང་བཟུང་རྗེས་རྒྱ་ནག་མི་རིགས་ཆེན་པོའི་རང་ལུགས་ཀྱི་སྲིད་བྱུས་དེས་གྲངས་ཉུང་མི་རིགས་ལ་གཉའ་གནོན་བྱེད་ཀྱི་ཡོད་པ་རེད། ཅེས་སོགས་བརྗོད་ཡོད་སྐོར་བཀོད་འདུག
ཨེ་ཤ་ཡའི་རྒྱ་སྐད་སྡེ་ཚན་ནང་པེ་ཅིན་དུ་གནས་སྡོད་བྱེད་པའི་སྐུ་ཞབས་ལེང་ (Liang) གིས། རྒྱ་ནག་ནང་མི་རིགས་དབྱེ་འབྱེད་ཀྱི་གནས་ཚུལ་མང་པོ་འབྱུང་བཞིན་པ་དང་། རྒྱ་ནག་གི་མགྲོན་ཁང་གི་བདག་པོ་ཚོས་ཡུ་གུར་མི་རིགས་མགྲོན་ཁང་དུ་སྡོད་མི་ཆོག་པའི་སྒྲིག་སྲོལ་དེ་བརྗོད་སྐབས། ཡུ་གུར་མི་རིགས་རྣམས་ལ་བཟོད་དཀའ་བའི་ཞེ་སྡང་ལང་གི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།