ཟླ་འདིའི་ཚེས་ ༤ ཉིན། རྒྱ་གར་རྒྱལ་ས་ལྡི་ལིའི་ཨོ་བྷེ་རོ་ཡི་གསོལ་མགྲོན་ཁང་(Oberoi hotel)དུ། རྒྱ་གར་གྱི་མཐོ་རིམ་དཔོན་རིགས་དང་། ཆབ་སྲིད་དང་ཤེས་ཡོན་ཐད་ཀྱི་གནད་ཡོད་མི་སྣ་སྐོར་ཞིག་གིས་༧གོང་ས་མཆོག་དགུང་གྲངས་ ༨༠ བཞེས་པའི་གྱ་སྟོན་སྲུང་གཙི་ཞུས་པའི་ཐོག་གནད་ཡོད་མི་སྣ་ཚོས་གསུང་བཤད་གནང་བ་འདིར་བོད་བསྒྱུར་བྱས།
རྒྱ་གར་གྱི་སྲིད་བློན་ཟུར་བ་མན་མཱ་ཧན་སིང་ (Dr.Manmohan Singh) མཆོག་གིས་གསུངས་དོན། ང་དེ་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་དུས་དྲན་སྲུང་གཙིའི་དུས་སྟོན་ཐོག་བཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་དཀོན་མཆོག་གིས་འགྲོ་བ་མིའི་རིགས་ལ་གནང་བའི་འབུལ་སྐྱེས་རླབས་ཆེན་ཞིག་ཡིན། ང་ཁོང་ལ་ཐེངས་ཁ་ཤས་མཇལ་རྒྱུའི་གོ་སྐབས་བྱུང་སོང་། ང་ཁོང་ལ་ག་དུས་མཇལ་ཡང་ཁོང་ནི་སེམས་ཞི་ཞིང་དུལ་བ་དང་ཞི་བདེ་བག་ཕེབས་ལྡན་པ་ཞིག་རེད། ༧གོང་ས་མཆོག་གིས་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་ལོ་ངོ་སྟོང་ཕྲག་མང་པོ་དར་བཞིན་པའི་དཔལ་ཡོན་དང་རིག་གཞུང་གི་ངོ་བོ་མཚོན་གྱི་ཡོད། ང་ཚོའི་ཕ་ཡུལ་ནི་ཟས་སྣ་དང་ཆོས་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་ཚོ་བཞུགས་ཡུལ་ཞིག་ཡིན། དྲང་བདེན་ལ་མོས་པའི་ང་ཚོའི་གནའ་རབས་ཀྱི་རིག་གཞུང་བཟང་པོས་ང་ཚོའི་རྒྱལ་ཁབ་དང་མི་མང་ལ་དྲང་བདེན་གྱི་ལམ་སྟོན་གནང་བ་ལྟར། ད་ལྟའི་དུས་ཚོད་འདིར་༧གོང་ས་མཆོག་ནི་དཀོན་མཆོག་གིས་བྱ་གཞག་དེ་དག་བསྒྲུབ་ཆེད་འགྲོ་བ་མིའི་རིགས་ལ་གནང་བའི་འབུལ་སྐྱེས་རླབས་ཆེན་ཞིག་ཡིན། ད་ལྟ་ང་ཚོ་ལྷིང་འཇགས་མེད་པའི་འཛམ་གླིང་འདིའི་ནང་འཚོ་བཞིན་ཡོད། ང་ཚོ་ཚན་རིག་དང་འཕྲུལ་རིག་གིས་འཕོ་འགྱུར་གཏོང་བཞིན་པའི་འཇིག་རྟེན་ནང་འཚོ་བ་སྐྱེལ་བཞིན་ཡོད་སྟབས། ངས་འདིར་དགེ་སྐྱོན་གཉིས་ཀ་ཡོད་པ་རེད་བསམ་གྱི་འདུག ད་ལྟ་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་གདོང་ལེན་བྱེད་དགོས་པ་ནི་ཚན་རིག་དང་འཕྲུལ་རིག་གཉིས་གང་འདྲ་བྱས་ཏེ་འགྲོ་བ་མིའི་རིགས་ལ་ལེགས་སྐྱེས་འབུལ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་ལས་གནོད་འཚེ་གཏོང་མཁན་ཞིག་ཏུ་མ་ཆགས་པ་བྱེད་དགོས་པ་དེ་ཡིན་སྟབས། ༧གོང་ས་མཆོག་གི་མཛད་འཕྲིན་དེ་ད་ལྟའི་འཛམ་གླིང་འདིར་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། ང་ཚོས་ཚན་རིག་མེད་པར་ལས་ཀ་གང་ཡང་བྱེད་མི་ཐུབ་ཀྱང་། དེང་གི་ཚན་རིག་དང་ཆོས་ཀྱི་སྟོབས་ཤུགས་ཟུང་འབྲེལ་བྱས་ཏེ། ང་ཚོའི་རྒྱལ་ཁབ་འདི་སྐྱོང་རྒྱུ་གལ་ཆེན་པོ་ཡིན་སྟབས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེ་དང་མཛད་འཕྲིན་རྒྱས་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད་ཞུ་བཞིན་ཡོད།
ང་རང་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་གནང་རྒྱུའི་གོ་སྐབས་ཐེངས་མང་ཐོབ་མྱོང་ཡོད་པ་མ་ཟད། ངས་ཁོང་མཇལ་མ་ཐག་ཁོང་གིས་ག་དུས་ཡིན་ཡང་ངའི་སེམས་ལ་བདེ་སྐྱིད་སྤྲོད་ཀྱི་འདུག ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ང་ཚོའི་གནའ་བོའི་དཔལ་ཡོན་གྱི་སྐུ་ཚབ་ཡིན་པ་མ་ཟད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ད་ལྟའི་རྣམ་སྤྲུལ་ཞིག་ཀྱང་ཡིན། ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཡུན་རིང་བཞུགས་པའི་སྨོན་ལམ་འདེབས་བཞིན་ཡོད། དེ་འདྲ་བྱུང་བ་ཡིན་ན་རྒྱ་གར་མི་མང་དང་ཨེ་ཤ་ཡའི་མི་མང་། འཛམ་གླིང་མི་མང་ལ་ཁོང་གི་བྱིན་རླབས་འཇུག་ཐུབ་པ་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་སྐྱེས་ཆེན་དམ་པ་ཞིག་ཡིན་སྟབས། མི་སུ་ཞིག་ཁྱེད་ལ་ཐུག་འཕྲད་ཀྱང་ཁྱེད་ཀྱིས་མི་དེའི་སེམས་ལ་ཞི་བདེ་དང་གདོང་ནས་འོད་མདངས་འཕྲོ་འཇུག་ཐུབ་ཀྱི་ཡོད། ཁྱེད་ཀྱིས་ང་ཚོའི་རྒྱལ་ཁབ་འདི་ཞི་བདེ་དང་འཆམ་མཐུན། བཟོད་སྒོམ་ཅན་ཞིག་ཏུ་འགྱུར་རྒྱུར་བྱིན་རླབས་སྩོལ་རོགས། ཁྱེད་རང་རྒྱ་གར་མི་མང་ལ་བཀའ་དྲིན་ཆེན་པོ་ཡིན། ང་ཚོའི་ཕུགས་བསམ་ད་དུང་མངོན་འགྱུར་ཐུབ་མེད། ང་ཚོའི་ཡུན་རིང་གི་ཕུགས་འདུན་སྟེ་ང་ཚོའི་རྒྱལ་ཁབ་འདི་དེང་རབས་ཚན་རིག་དང་འཕྲུལ་རིག བཟང་སྤྱོད་བཅས་ཀྱིས་བརྒྱན་པའི་ཡུལ་གྲུ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་སྟབས། ཁྱེད་ཀྱིས་ང་ཚོའི་རྒྱལ་ཁབ་འདིའི་ཕུགས་བསམ་འགྲུབ་རྒྱུར་ལམ་སྟོན་གནང་རོགས་ཞུ་བཞིན་ཡོད། ཅེས་གསུངས་སོང་།
སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌི་ཝ་ནི་ (Lal Krishna Advani) མཆོག་གིས་གསུངས་དོན། ང་དེ་རིང་འདིར་ཡོང་ཐུབ་པར་དགའ་པོ་བྱུང་། གང་ཡིན་ཟེར་ན། ང་ཚོ་ཚང་མར་༧གོང་ས་མཆོག་གིས་ད་བར་མཛད་འཕྲིན་བསྐྱངས་ཏེ། དགུང་གྲངས་བརྒྱད་བཅུར་ཕེབས་པའི་གྱ་སྟོན་སྲུང་གཙི་ཞུ་རྒྱུའི་བསྐལ་བཟང་འདི་འདྲ་ཐོབ་ཀྱི་མ་རེད། ང་༧གོང་ས་མཆོག་གི་དུས་སྟོན་འདི་འདྲར་ཡོང་བ་ཐེངས་མ་དང་པོ་མིན་པར། ཁོང་དང་ང་ལོ་མང་གོང་ནས་ཐེངས་མང་མཇལ་མྱོང་ཡོད། ཁོང་དང་ངའི་མཐའ་མའི་མཇལ་འཕྲད་དེ། དེ་སྔོན་ར་ཤི་གྷེ་ཤིའི་ཧིན་རྡུའི་བླ་ཆེན་ཅི་དྷར་ཎཎ་དྷི་མཆོག་གིས་ཕྱོགས་བསྒྲིགས་གནང་བའི་ཧིན་རྡུའི་ཆོས་ལུགས་ཀྱི་ཀུན་བཏུས་ཚིག་མཛོད་དབུ་འབྱེད་གནང་སྐབས་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཧིན་དུའི་བླ་མ་ཆེ་ཆུང་སུ་འདྲ་ཞིག་དང་ཐུག་རུང་ཨོག་ཚོམ་ཡོད་ཚེ་འཐེན་རྐྱང་མཛད་ཀྱི་འདུག དེར་ང་རང་ཧང་སང་བ་མ་ཟད་ངས་འཚམས་འདྲི་ཞུ་སྟངས་དེ་འདྲ་མཐོང་བ་ཐེངས་མ་དང་པོ་ཡང་ཡིན། འོན་ཀྱང་ཁོ་ཚོ་ཚང་མས་ཁོང་གི་འཚམས་འདྲི་ཞུ་སྟངས་དེ་ལ་དགའ་དགའ་སྤྲོ་སྤྲོའི་ངང་ནས་དང་ལེན་ཞུ་ཡི་འདུག ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཁྱད་ཆོས་གཙོ་བོ་གཅིག་ནི། ཁོང་ག་པར་ཕེབས་པ་ཡིན་ཡང་མི་ཚང་མས་ཁོང་ལ་དགའ་པོ་བྱེད་ཀྱི་འདུག སྐབས་དེར་ང་འགྲོ་སའི་ར་ཤི་གྷེ་ཤིའི་ལྷ་ཁང་ནང་རྒྱ་མི་ཞིག་འདུག ངས་ཁོས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བ་ཡོད་པའི་དེབ་ཅིག་འཁྱེར་ཡོད་པ་མཐོང་བྱུང་། དེབ་དེའི་ནང་ཏཱ་ལའི་བླ་མ་མཆོག་གི་ཁྱད་ཆོས་དེ་བཤད་འདུག ༧གོང་ས་མཆོག་གིས་ར་ཤི་གྷེ་ཤིའི་ཡེ་ཤུའི་དུས་སྟོན་ཞིག་ལ་ཕེབས་སྐབས། ཡེ་ཤུའི་ཆོས་ལུགས་གསར་མ་དང་རྙིང་མའི་ཆོས་དཔོན་རྒན་རབས་གཉིས་འདུག སྐབས་དེར་༧གོང་ས་མཆོག་གིས་ཁོ་གཉིས་ལ་འཐམ་གནང་སྟེ། མཉམ་འཛོམས་བྱེད་བཅུགས་ནས་ཁོང་གིས་ཁོ་གཉིས་ཀྱི་ཨོག་ཚོམ་ནས་འཐེན་པ་གནང་སོང་བས་གཉིས་ཀ་དགའ་པོ་བྱུང་སོང་། ངས་དེ་ནི་ཁོང་གིས་སུ་གཅིག་ལའང་གནོད་འཚེ་བྱ་རྒྱུའི་ཀུན་སློང་རྩ་བ་ནས་མ་འཆང་བས་ཡིན་པ་ངོས་འཛིན་བྱུང་། ཁོང་གི་བཟང་པོའི་ཡོན་ཏན་དེ་རང་ཆས་སུ་ཡོད་པ་མ་ཟད། དེ་ནི་ཁོང་གི་མི་ཚང་མ་བཟང་པོ་ཡིན་པ་ངོས་འཛིན་གནང་ནས་མཛད་རྗེས་འཇོག་གནང་མཛད་པ་ལས་བྱུང་བ་ཞིག་ཀྱང་ཡིན། ཁོང་གིས་བཟང་པོའི་ཡོན་ཏན་དར་སྤེལ་དང་འགྲོ་བ་མིའི་བདེ་རྩར་ཕན་པའི་ཕྱག་ལས་གནང་བ་མ་ཟད། འགྲོ་བ་མིའི་རིགས་ཚང་མ་གཅིག་མཚུངས་ཀྱི་འདུ་ཤེས་བཟུང་སྟེ་གུས་བརྩི་དང་བྱམས་སྐྱོང་གནང་བཞིན་ཡོད་སྟབས། ད་ལྟ་འཛམ་གླིང་མི་མང་གིས་ཁོང་ལ་དགའ་པོ་དང་དད་ཞེན་བྱེད་ཀྱི་ཡོད་པ་མ་ཟད། ང་ཁོང་ལྟ་བུའི་མཆེད་གྲོགས་བྱུང་བར་ཧ་ཅང་དགའ་སྤོབས་སྐྱེ་བཞིན་ཡོད། ཅེས་གསུངས་སོང་།
རྒྱ་གར་གྱི་ཁྲིམས་འཛིན་བློན་ཆེན་ཟུར་བ་རམ་ཇི་ཐ་མ་ལ་ནི་ (Ram Jethamalani) མཆོག་གིས་གསུངས་དོན། ༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་རྗེས་འབྲང་པ་དང་ཁོང་ལ་ཡིད་སྨོན་གནང་མཁན་ཚོ་ལ་ང་སྡིག་ཅན་ཡིན་པ་རང་སྐྱོན་ངོས་ལེན་ཞུ་རྒྱུ་སྦྲགས། ང་ལ་གདེང་འཇོག་འདི་འདྲ་གནང་སྟེ་སྐྱེས་ཆེན་དམ་པ་ཁོང་གི་སྐོར་ལ་སྐད་ཆ་བཤད་བཅུག་པར་དགའ་སྤོབས་ཆེན་པོ་སྐྱེས་བྱུང་། སྐབས་རེར་སྡིག་ཅན་པ་ཡིན་ཡང་བསམ་ཤེས་ཅན་གྱི་སྐད་ཆ་དེ་འདྲ་བཤད་རྒྱུ་ཡོད་པ་རེད། གཅིག་བྱས་ན་དེ་ནི་ངའི་མི་ཚེའི་ནང་གུས་བརྩི་ཞུ་འོས་པའི་ཁྲིམས་ཀྱི་ཉམས་མྱོང་ལོ་ ༧༥ ཙམ་ཡོད་པ་ལས་བྱུང་བ་ཞིག་ཡིན་རྒྱུ་རེད་བསམ་གྱི་འདུག ཡིན་ཡང་ངས་ང་རང་ད་དུང་སྡིག་ཅན་པ་ཉམས་ཆུང་ཞིག་ཡིན་བསམ་གྱི་ཡོད། ང་༧གོང་ས་མཆོག་ལ་ལོ་མང་ནས་ཡིད་སྨོན་བྱེད་མཁན་ཞིག་ཡིན། དེའི་རྒྱུ་མཚན་གཙོ་བོ་ག་རེ་རེད་ཟེར་ན། ཁོང་ནི་སངས་རྒྱས་འཚོ་བཞུགས་གནང་བ་ཞིག་ཡིན་པ་མ་ཟད། བཅོམ་ལྡན་འདས་ཀྱི་དམ་ཆོས་ཉམས་ལེན་གནང་མཁན་ཞིག་ཀྱང་ཡིན།
མི་རབས་གསར་པ་ཚོས་ཉེ་ཆར་བཏོན་པའི་དེབ་ ༼Religion gone astray ཆོས་ལོག་ལམ་དུ་ཕྱིན་པ།༽ཟེར་བའི་དེབ་དེ་བཀླག་དགོས། དེབ་འདི་མཁས་དབང་གསུམ་གྱིས་མཉམ་རུབ་ཀྱིས་བྲིས་པ་རེད། ཡེ་ཤུའི་བླ་ཆེན་དང་། ཇིའུ་ཡི་བླ་ཆེན། གཞན་དེ་ཁ་ཆེའི་བླ་མ་ཞིག་བཅས་རེད། དེབ་དེའི་ནང་ཆོས་ཚང་མར་རྒྱུ་རྐྱེན་ཡོད་པ་མ་ཟད། རྒྱུ་རྐྱེན་དེ་དག་སོ་སོ་རང་ཉིད་ཀྱིས་བསམ་བློ་བཏང་། རྒྱུ་མཚན་བཀོད་ནས་གྲུབ་དགོས་པ་བསྟན་ཡོད་པ་ལྟར། ཆོས་ཐམས་ཅད་ལ་དོར་དགོས་པའི་སྐྱོན་ཆའང་ཡོད་སྟབས། དེ་དག་སོ་སོ་རང་ཉིད་ཀྱིས་དོར་བ་དང་སྟངས་འཛིན་བྱེད་དགོས། ངས་དུས་རྒྱུན་དེབ་དེ་མི་རབས་གསར་པའི་སློབ་མ་ཚོས་ཀློག་ཆེད་སློབ་གྲྭ་དང་མཐོ་སློབ་ཁག་གི་སློབ་གཞིར་བདམས་ནས་སློབ་ཁྲིད་བྱེད་དགོས་པའི་བརྒྱུད་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། མི་རབས་རྒན་པ་ཚོས་ཀྱང་གཟིགས་ཐུབ་ན་ཡག་པོ་ཡོད་པ་རེད་བསམ་གྱིན་འདུག
ང་ནི་ཁྲིམས་ལུགས་ཙམ་མིན་པར་ཆོས་ལུགས་དོན་གཉེར་བྱེད་མཁན་གྱི་སློབ་མ་ཞིག་ཀྱང་ཡིན། ངས་སློབ་མ་ཡིན་ཟེར་བ་དེ་ཆོས་ལུགས་ཚང་མའི་སློབ་མ་ཡིན་ཟེར་གྱིན་ཡོད། ང་ནི་ནང་པ་སངས་རྒྱས་ཀྱི་ཆོས་སྟོན་པ་པོ་སངས་རྒྱས་བཅོམ་ལྡན་འདས་ལ་དད་མོས་ཞུ་མཁན་ཞིག་ཡིན། ཁོང་རྒྱ་གར་ལ་འཁྲུངས་པ་ཞིག་ཡིན་སྟབས་རྒྱ་གར་བ་ཚོས་སྤོབས་པ་བྱེད་དགོས་པ་ཞིག་རེད། དུས་རྒྱུན་ང་དེབ་ལྟ་ཀློག་བྱ་རྒྱུར་དགའ་པོ་ཞེ་དྲགས་ཡོད། སྙན་ངག་པ་ཨེ་ཌི་ཝན་ཨར་ཎོལ་ཌི་ (EDWIN ARNOLD) ལགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐོར་ལ་བྲིས་པའི་སྙན་དེབ་༼ཨེ་ཤ་ཡའི་སྒྲོན་མེ་ (THE LIGHT OF ASIA) ༽ཅེས་པའི་ནང་གི་ཚིགས་བཅད་ཤོ་ལོ་ཀ་མཐའ་མ་དེའི་ནང་༼ང་ཚོ་ནི་འཁུན་སྒྲ་བཅོམ་མཁན་གྱི་རླུང་འཚུབ་ཁྲོད་ཀྱི་སྐད་སྒྲ་དེ་ཡིན་ཡང་། ད་དུང་སྐད་སྒྲ་དེ་བཅོམ་རྒྱུ་མ་བརྙེད་པར་ལྷག་ཡོད། (We are the voices of the wandering wind that moan for rest, but rest can never find) ༽ ཅེས་བྲིས་ཡོད་པ་ལྟར། ང་ཚོའི་དེང་དུས་ཀྱི་མི་ཚེ་སྐྱེལ་སྟངས་འདི་ཡང་རླུང་འཚུབ་ལྟར། མི་མངོན་པར་རྩོལ་བ་དང་ལས་སླ་པོའི་ཐོག་ནས་སྐྱེལ་བ། རྒོལ་མཆོང་བྱེད་པ་དང་དོན་དུ་གཉེར་བ་སོགས་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད།
ངས་དེ་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་སྤྲུལ་དང་རྗེས་འཇུག་པ་རྣལ་མ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་ཞིག་ཡིན་གསུང་གི་ཡོད་ཀྱང་། ཁོང་གིས་ནང་པ་སངས་རྒྱས་ཀྱི་བསྟན་པ་དར་ཆེད་ཆོས་གསུང་བ་དང་དོན་གཉེར་སོགས་མཛད་ནས་མཛད་རྗེས་མང་པོ་འཇོག་གནང་ཡོད། ང་འདིར་ཁྱེད་རྣམ་པ་དང་མཉམ་དུ་འཛོམ་རྒྱུ་བྱུང་བར་དགའ་པོ་བྱུང་། ངས་ང་ཚོས་དེ་རིང་ནས་བཟུང་སྟེ་ང་ཚོར་ཕན་ཐོགས་སྐྲུན་མཁན་གྱི་གྲུབ་མཐར་དད་གུས་ཞུ་དགོས་པ་ཞུ་རྒྱུ་མ་ཟད། དེས་ང་ཚོར་ཕན་བདེ་སྐྲུན་རྒྱུ་ཉག་ཅིག་ཡིན་པ་ལབ་འདོད་བྱུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་མཚན་སྙན་གྲགས་ཡོད་པའི་མཁས་དབང་ཞིག་ཡིན། ངས་ག་དུས་ཁོང་བསམ་བློ་བཏང་བ་ཡིན་ཡང་ང་བག་ཡོད་ཚུལ་ལྡན་ཆགས་ཏེ། ཁོང་གི་སྐུ་མདུན་དུ་འཚེར་སྣང་སྐྱེས་ནས་ཁ་གདངས་ནས་སྐད་ཆ་བཤད་རྒྱུ་ཡང་ཁག་པོ་ཆགས་ཀྱི་འདུག
༧གོང་ས་མཆོག་གིས་ངའི་མི་ཚེར་ཤུགས་རྐྱེན་ཆེན་པོ་ཐེབས་བཅུག་པ་མ་ཟད། ཁོང་གིས་ང་བོད་ཀྱི་ཆབ་སྲིད་ཀྱི་རྗེས་འབྲང་པ་ཞིག་ཏུ་འགྱུར་གནང་མཛད་སོང་། ངས་ཀྱང་ཁོང་གིས་སྟོན་གནང་མཛད་པའི་ཐབས་ལམ་དེ་ནི་རྒྱ་མི་དང་འབྲེལ་ལམ་འཛུགས་རྒྱུའི་ཐབས་ལམ་ཁོ་ན་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། མཐའ་མའི་དུས་ལ་རྒྱ་མིས་རྒྱ་གར་ལ་ཚོད་ལྟ་བྱེད་འཇུག་གི་རེད། ང་ད་ལྟ་དགའ་པོ་འདུག རྒྱ་གར་གཞུང་གིས་ཐེ་ཚོམ་མེད་པར་བློ་སྟོབས་སྐྱེད་ནས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ལག་བསྟར་བྱས་ཏེ། ༧གོང་ས་མཆོག་ལ་བོད་ནང་སྐུ་ངལ་འཕྲད་དེ་གནོད་འཚེ་ཕོག་མཁན་ཡིན་པ་ངོས་འཛིན་ཐུབ་ནས་སྐྱབས་བཅོལ་གྱི་གནས་བབ་སྤྲད་ཡོད་པ་རེད། རྒྱ་གར་གཞུང་གིས་རྒྱ་ནག་གི་ཁོང་ཁྲོ་དང་བྱ་སྤྱོད་ལ་ཞེད་སྣང་མ་བྱས་པར་ཁོང་ལ་ཆེ་བསྟོད་ཞུས་ཏེ། ངས་ང་ཚོས་བློ་སྟོབས་སྐྱེད་ནས་རྒྱལ་སྤྱིའི་ཐོག་ཁོང་ལ་སྐྱབས་བཅོལ་གྱི་ཐོབ་ཐང་དང་བསྙེན་བཀུར། ཆེ་མཐོང་བཅས་ཞུས་པ་དེ་ནི་ཧ་ཅང་འོས་པ་ཞིག་ཏུ་མཐོང་གི་ཡོད། ང་ཚོ་རྒྱ་གར་བས་འབྲས་བུ་བཟང་པོ་བསགས་ཡོད་སྟབས་ད་ལྟ་ང་ཚོར་ལས་བཟང་གི་འབྲས་བུ་ལོངས་སུ་སྤྱོད་རྒྱུ་རག་ཡོད་པ་རེད། ངས་ང་ཚོར་ཁྱེད་ཀྱི་བྱིན་རླབས་དགོས་པ་མ་ཟད། རྒྱ་གར་བས་ཁྱེད་ཀྱི་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད།
ང་ཚོས་ཁྱེད་ཀྱི་ཕུགས་འདུན་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད་པ་མ་ཟད། ངས་ཐེ་ཚོམ་སྤུ་ཙམ་མེད་པའི་ཐོག་ནས་ཁྱེད་ལ་བར་ཆད་བཟོ་མཁན་ལས་རྣམ་པར་རྒྱལ་ནས། ཁྱེད་ཀྱི་ཕུགས་བསམ་མངོན་འགྱུར་ཐུབ་རྒྱུ་ཉག་ཅིག་རེད། ང་རང་གི་ཉམས་མྱོང་ལ་གཞིགས་ན། ཁྱེད་ཀྱི་བང་མཛོད་ལྟར་གྱི་ཆོས་ཀྱི་ཤེས་བྱ་དང་ཆོས་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དགྲ་བོ་ལས་རྣམ་པར་རྒྱལ་ཏེ། ཁྱེད་ཀྱིས་འཐབ་རྩོད་གནང་བཞིན་པའི་རྒྱལ་ཁ་དེ་བོད་པར་འཐོབ་རྒྱུ་རེད་བསམ་གྱིན་འདུག ཁྱེད་ཀྱིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་པ་ལས་རང་བཙན་དགོས་གསུང་གི་མེད་སྟབས། ཁྱེད་ཀྱི་ཆོས་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ། ཉིན་ཞིག་རྒྱ་མིས་མགོ་བཏགས་ཞུས་ཏེ། དགའ་དགའ་སྤྲོ་སྤྲོའི་ངང་གྲོས་མོལ་གནང་རྒྱུའི་གོ་སྐབས་འཐོབ་རྒྱུ་ཡིན་པ་མ་ཟད། ཁྱེད་ཀྱིས་རྒྱ་ནག་མི་མང་དང་མཇལ་ནས་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཀྱང་གང་མགྱོགས་རེག་གི་རེད་བསམ་གྱི་འདུག ཅེས་གསུངས་སོང་།
ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་ (Kailash Satyarthi) མཆོག་གིས་གསུངས་དོན། ༧གོང་ས་མཆོག་གཙོས་པའི་ཆོས་གྲོགས་སྐྱེས་ཕོ་མོ་རྣམ་པར་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། དེ་རིང་ང་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༡༩༨༡ ལོ་དང་༡༩༨༢ ལོར་ང་༧གོང་ས་མཆོག་ལ་ཐེངས་དང་པོ་འཇར་མན་དུ་མཇལ་བ་ཡིན། དེ་ལ་སྒྲུང་ཞིག་ཡོད། ང་ཆུང་དུས་ནས་ཕུགས་བསམ་ཞིག་ཡོད་པ་ནི་ཉིན་ཞིག་ངས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཞིག་གི་མདུན་ནས་བཀའ་སློབ་ཞུ་རྒྱུ་བྱུང་ན་བསམ་མཁན་ཞིག་ཡིན། ཐེངས་ཤིག་ང་འཇར་མན་རྒྱལ་ས་བྷར་ལན་གྱི་དུས་སྟོན་ཞིག་ལ་སྐད་ཆ་བཤད་པར་སྐད་བཏང་བྱུང་། སྐབས་དེར་༧གོང་ས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་འདུག སྟབས་ལེགས་ནས་ངེད་གཉིས་སྡོད་ས་མཉམ་དུ་འཁེལ་འདུག ཁོང་གིས་ང་ལ་ལག་པ་འཆང་བྱུང་བས་ངའི་སེམས་ནང་ཆོས་ཀྱི་གསོན་ཤུགས་ཤིག་རྒྱས་སོང་བས། ངས་ཉིན་ཤས་རིང་ལག་པ་འཁྲུ་རྒྱུ་མིན་བསམ་པའི་ཀུན་སློང་ཞིག་འཁོར་བྱུང་། ༧གོང་ས་མཆོག་གིས་སུ་དང་ཐུག་འཕྲད་གནང་ཡང་དབུ་ཐུག་གནང་གི་ཡོད་པ་ལྟར། ང་ལའང་སྐབས་དེར་དབུ་ཐུག་གནང་བྱུང་བས། ངས་ཉིན་ཤས་རིང་མགོ་ཡང་འཁྲུ་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན། ངས་དངོས་གནས་ཉིན་ཤས་རིང་མགོ་དང་ལག་པ་འཁྲུས་མེད། དེ་རིང་ཁོང་གི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་ཡོད་པ་དེ་ནི། འགྲོ་བ་མིའི་རིགས་ཀྱི་བདེ་རྩ་དང་། ཞི་བདེ་དང་བྱམས་བརྩེ་བཅས་ཀྱི་ཆེད་དུ་སྲུང་གཙི་ཞུ་བཞིན་ཡོད་པ་རེད། ང་ཚོས་ག་རེ་བྱས་ནས་༧གོང་ས་མཆོག་གི་གྱ་སྟོན་སྲུང་གཙི་ཞུ་ཡི་ཡོད་རེད་ཟེར་ན། གལ་ཆེའི་དབྱིན་ཡིག་སི་བཞི་ (4C) ཐོག་ནས་ཞུ་བཞིན་ཡོད་པ་མ་ཟད། དེ་ཚོ་ནི་ད་ལྟའི་ང་ཚོའི་རྒྱལ་ཁབ་དང་འཛམ་གླིང་ལ་དགོས་མཁོ་ཆེན་པོ་ཡོད་པ་ཞིག་ཆགས་ཡོད། དང་པོ། (Courage) སྙིང་སྟོབས་ཆགས་ཡོད་པ་དང་། སྙིང་སྟོབས་ནི་བཟང་སྤྱོད་ལ་རྟེན་ནས་ཡོང་གི་ཡོད་སྟབས། གལ་སྲིད་ཁྱེད་ཀྱི་མི་ཚེ་དང་སྤྱི་ཚོགས་འཚོ་བའི་ནང་བཟང་སྤྱོད་མེད་པ་ཆགས་པ་ཡིན་ན། ང་ཚོ་སྡར་མ་ཆགས་རྒྱུ་ཡིན་པ་མ་ཟད། ད་ལྟ་ང་ཚོའི་མིག་མདུན་དུ་དྲང་བདེན་མཐོང་རྒྱུ་ཡོད་པ་མ་ཟད། མི་དགེ་བའི་ལས་ཀྱང་མཐོང་རྒྱུ་ཡོད་ནའང་ང་ཚོས་སྣང་མེད་བཏང་དང་གཏོང་གི་ཡོད་སྟབས། དེ་རིང་ང་ཚོས་ཁོང་གིས་སྙིང་སྟོབས་བསྐྱེད་དེ་ལོ་ངོ་མང་པོར་ཕྱག་ལས་གནང་བར་གུས་བརྩི་ཞུས་ཏེ་སྲུང་གཙི་ཞུ་བཞིན་ཡོད་པ་རེད། གཉིས་པ། ཆོད་སེམས་(Conviction) ཟེར་བ་དེ་རེད། ཁོང་ལ་ག་རེ་ཡིན་ཡང་བྱེད་འདོད་ཀྱི་ཆོད་སེམས་ཡོད་པ་རེད། ཆོད་སེམས་ཟེར་བ་དེ་ཁྱེད་རང་མི་དྲང་པོ་དྲང་བཞག་ཡིན་ན་ཡོང་གི་རེད། ང་ལོ་བཅོ་ལྔར་སླེབ་སྐབས་ངས་རིགས་རུས་དང་འབྲེལ་བ་གང་ཡང་མེད་པའི་ད་ལྟའི་ངའི་མིང་འདི་བཏགས་པ་ཡིན། མིང་འདིའི་དོན་དག་ལ་བདེན་དོན་རྩོད་མཁན་ཟེར་གྱི་ཡོད་པ་རེད། ཆོད་སེམས་ཟེར་བ་དེ་དྲང་བདེན་ནས་ཡོང་གི་ཡོད་པ་རེད། གསུམ་པ། བྱམས་བརྩེ་(Compassion) ཟེར་བ་འདི་མི་ཚེའི་ཁ་ལོ་སྒྱུར་མཁན་ཞིག་ཡིན་པ་མ་ཟད། ང་ཚོ་ཚང་མའི་རྒྱུད་ལ་ཡོད་ཡོད་པ་ཞིག་རེད། ཟླ་ཤས་གོང་ང་དང་༧གོང་ས་མཆོག་ཐུག་སྐབས་ངེད་གཉིས་ཀྱིས་རྒྱུན་རིང་བགྲོ་གླེང་བྱས་པ་ཡིན། ངས་ནོ་བྷེལ་གཟེངས་རྟགས་ལེན་སྐབས་ཀྱི་གཏམ་བཤད་ནང་ངའི་མི་ཚེའི་ཕུགས་བསམ་ནི་བྱམས་བརྩེ་སྟོབས་ཤུགས་འཛམ་གླིང་ཡོངས་ལ་དར་སྤེལ་གཏོང་ཐུབ་པ་བྱ་རྒྱུ་དེ་ཡིན་ལབ་པ་ཡིན། ང་ཚོ་ཚང་མས་ཁྱེད་ཀྱི་སྐུ་མདུན་ནས་བྱམས་བརྩེའི་བསམ་པ་སྦྱོང་དགོས་པ་མ་ཟད། ངས་ཀྱང་སྦྱོང་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱིན་ཡོད། ངས་གལ་ཆེན་དོན་ཆེན་དུ་བརྩི་བཞིན་པའི་དོན་དག་བཞི་པ་སྟེ། ཁོང་ལ་བྱིས་པའི་ངང་ཚུལ་ཡོད་པ་དེ་ (Childish)ཡིན། ངས་བྱིས་པའི་ངང་ཚུལ་ཟེར་བ་དེ་ལོ་ནའི་བབ་ནས་ཞུ་ཡི་མེད། ༧གོང་ས་ཏཱ་ལའི་བླ་མ་ཆོག་གིས་འཇིག་རྟེན་ཀུན་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཀྱི་གཟིགས་ཚུལ་དེར་ཟེར་གྱིན་ཡོད། ཁོང་ལ་མི་ཚང་མས་ཕྲུག་གུར་དགའ་པོ་བྱེད་པ་ལྟར་གྱི་དགའ་པོ་དེ་འདྲ་བྱེད་དགོས་དོན་ནི། ཁོང་ལ་བྱིས་པ་ལྟར་གྱི་སེམས་པ་གཙང་མ་དང་ཉམས་ཆུང་གི་བསམ་པ་ཞིག་ཡོད་པས་རེད། ང་ཚོས་བཟང་པོའི་ཡོན་ཏན་དེ་རང་རྒྱུད་ནས་ནམ་ཡང་འདོར་རྒྱུ་ཡོད་པ་མ་རེད། ང་ཚོས་ཕྱིའི་རྣམ་པའི་ཐོག་ནས་དུས་སྟོན་སྲུང་གཙི་ཞུ་རྒྱུ་སྟབས་བདེ་པོ་ཡིན་ཡང་། ནང་སེམས་ནས་རང་རྒྱུད་དུལ་རྒྱུ་དེ་ནི་གཏན་གྱི་བདེ་བ་དངོས་ཡིན་སྟབས། ང་ཚོས་ངས་གོང་དུ་བཤད་པའི་ཚིག་བཞི་པོ་དེ་སེམས་ནང་ཉར་ནས་ཁོང་གི་གྱ་སྟོན་འདི་དོན་ཡོད་པ་ཞིག་བྱེད་དགོས། ཞེས་གསུངས་སོང་།
རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་བ་པི་ཌི་ཌམ་བྷ་རམ་ (P. Chidambaram) མཆོག་གིས་གསུངས་དོན། དེ་རིང་གནམ་ལོ་གསར་བའི་ཚེས་མགོ་འདིར་ང་ཚོས་༧གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་སྐུའི་གྱ་སྟོན་སྲུང་གཙིའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོ་འདི་ནི་གསར་དུ་ཚེས་པའི་ལོ་ཧྲིལ་བོར་སྲུང་གཙི་བྱ་རྒྱུ་ཡིན་པ་མ་ཟད། ངས་བསམ་ན་མཛད་སྒོ་འདིས་མི་མང་པོ་ཞིག་ལ་འདས་པའི་ལོ་ངོ་ ༥༠ ལྷག་རིང་གི་བྱ་གཞག་ལ་ཕྱི་མིག་ལྟ་བའི་དུས་བཟང་གི་གོ་སྐབས་ཤིག་ཀྱང་ཆགས་ཡོད་པ་རེད་བསམ་གྱི་འདུག ཏཱ་ལའི་བླ་མ་ཞེས་པའི་མཚན་འདིར་མི་མང་པོ་ཞིག་ལ་གོ་དོན་ཡང་སྣ་ཚོགས་ཡོད་རྒྱུ་རེད། ཁོང་གི་མཛད་རྣམ་ཁག་ཏུ་ཁོང་གིས་མི་རེ་འགས་ངོས་ལ་སངས་རྒྱས་ཞེས་དང་། ཡང་མི་རེ་ཟུང་གིས་ངོས་ལ་དཀོན་མཆོག་གི་རྒྱལ་པོ་ཞེས་བརྗོད་ཅིང་། ཏཱ་ལའི་བླ་མ་ཞེས་པའི་ཚིག་དོན་ལྟར་ན། ཏཱ་ལའི་ཞེས་པ་རྒྱ་མཚོའི་དོན་དང་བླ་མ་ཞེས་པ་དགེ་རྒན་གྱི་དོན་རེད་ཅེས་གསུངས་འདུག ཏཱ་ལའི་བླ་མ་ཁོང་རང་ཉིད་ལ་མཚོན་ན་ཏཱ་ལའི་བླ་མ་ནི་སྤྱིར་བཏང་གི་ཆོ་ལོ་ཕལ་བ་ཞིག་ཏུ་བཞེད་ཀྱི་ཡོད་པ་དང་། ཁོང་གིས་ནམ་རྒྱུན་ངོས་སྤྱིར་བཏང་གི་འགྲོ་བ་མི་ཞིག་ཡིན། ངོས་བོད་རིགས་ཤིག་ཡིན། ངོས་ཀྱི་འདམ་ག་ལྟར་ངོས་ནང་པའི་རྗེས་འཇུག་པ་བྱས་པ་ཡིན་ཞེས་གསུངས་ཡོད་པ་ལྟར། ངས་བསམ་ན་ཡིག་ཕྲེང་ཐུང་ཐུང་འདི་གསུམ་ལ་གོ་བ་གཏིང་ཟབ་ལྡན་པའི་བསླབ་བྱ་ཞིག་རེད་ལ། འདི་ནི་ལོ་རྒྱུས་རང་བཞིན་དང་གུས་ཞབས་རང་བཞིན་ལྡན་པའི་བསླབ་བྱ་ཞིག ང་ཚོ་འགྲོ་བ་མིའི་རིགས་ལ་བསྩལ་བའི་བསླབ་བྱ་ཞིག་རེད།
ངས་དེ་རིང་འདིར་སྐད་ཆ་བཤད་པ་ལྟར། ལོ་ངོ་བརྒྱ་ཕྲག་མང་པོར་མི་མང་ས་ཡ་ ༦༠ ལྷག་ཡུལ་གྱར་ཆགས་དང་ཆགས་བཞིན་ཡོད་ཅིང་། ཏཱ་ལའི་བླ་མ་མཆོག་གནས་ངེས་མེད་དུ་གྱར་བའི་མི་མང་གི་སྐུ་ཚབ་ལྟ་བུ་ཡིན་པ་འདིར་བཞུགས་ལྷན་རྒྱས་ཚང་མས་དྲན་པ་གནང་རོགས། བོད་ཀྱི་གནད་དོན་གྱི་ཐད་ནས་ཞུས་ན། དེ་རིང་འདིར་བཞུགས་པའི་སྐུ་མགྲོན་རྣམ་པའི་ཁྲོད་དུ། བོད་ཀྱི་གནས་སྟངས་ཐད་གླེང་སློང་བྱས་པར་མ་འཇོན་མ་འགྲུབ་པའི་བློ་འགྱོད་ཡོད་མཁན་ཡོད་སྲིད་པ་རེད། ང་རང་ཉིད་ལ་མཚོན་ནའང་བོད་ཀྱི་གནས་སྟངས་ལ་བསམ་བློ་བཏང་བ་དང་། བོད་ཀྱི་རྩ་དོན་གླེང་སློང་བྱས་པར་མ་འཇོན་མ་འགྲུབ་པའི་བློ་འགྱོད་གང་ཡང་མེད་ཅེས་ལབ་ཐུབ་ཀྱི་མེད། ཅེས་གསུངས་སོང་།
རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཀ་རན་སིང་ (Dr Karan Singh) མཆོག་གིས་གསུངས་དོན། ཕྱི་ལོ་ ༡༩༥༦ ལོར་༧གོང་ས་མཆོག་རྒྱ་གར་ལ་ཕེབས་སྐབས། རྒྱ་གར་གྱི་སྲིད་བློན་ཐོག་མ་ནེ་རུ་ལྷན་བཅར་ཐོག་རྒྱ་ནག་གི་སྲིད་བློན་ཀྲའུ་ཨིན་ལེས་ང་ལ་༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་ངོ་སྤྲོད་གནང་བྱུང་། སྐབས་དེར་ཁོང་གིས་ང་ལ་༧གོང་ས་མཆོག་གིས་དུས་སྐབས་དཀའ་ངལ་ཆེ་ཆུང་ཇི་འདྲ་ཞིག་ལ་ཐུག་ཀྱང་། ཐུགས་ནམ་ཡང་གཡེལ་བ་མེད་པར་བཏང་སྙོམས་ངང་བོད་མིའི་འཐབ་རྩོད་ཀྱི་དབུ་ཁྲིད་ལམ་སྟོན་མཛད་ཀྱི་ཡོད་སྟབས། ད་ལྟ་བྱ་བ་བཟང་པོ་ལ་འབྲས་བུ་སྨིན་ནས་བོད་མིའི་སྤྱི་ཚོགས་རྡོག་སྒྲིལ་པོའི་ངང་གནས་ཐུབ་པ་བྱུང་ཡོད། ༧གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོ་གཞན་དོན་མཛད་ནས་གཞན་ལ་བདེ་སྐྱིད་སྩོལ་བཞིན་ཡོད་སྟབས། མཆེད་གྲོགས་རྒན་འཁོགས་ངས་ཁོང་ལ་བདེ་སྐྱིད་ཐོབ་པའི་ཤིས་ཚིག་འདི་འབུལ་རྒྱུ་ཡིན། ཁྱེད་ཀྱི་གཟིམ་ཆུང་ལ་ནོར་ལྷ་གནས་པ་ཤོག ཁྱེད་གྱི་གསུང་ལ་དབྱངས་ཅན་མའི་བྱིན་རླབས་འཇུག་པར་ཤོག ཁྱེད་ཀྱི་མཚན་སྙན་ཚེས་བཅོ་ལྔའི་ཟླ་ལྟར་ཡུལ་གྲུ་གང་སར་ཁྱབ་པར་ཤོག ཁྱེད་ལ་ལོ་ངོ་བརྒྱ་ཕྲག་མང་པོར་རྗེས་འཇུག་པས་བསྐོར་ནས་བཞུགས་པར་ཤོག ཅེས་གསུངས་སོང་།
ཐེངས་འདིའི་དུས་སྟོན་ཐོག་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིང་མཆོག་གིས་ཚོགས་བཅར་བ་ཡོངས་ཀྱི་ཚབ་ཞུས་ཏེ། ༧གོང་ས་མཆོག་ལ་ཙན་དན་ལས་གྲུབ་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་རྩེ་མོར་ཆོས་ཀྱི་འཁོར་ལོ་ཡོད་པ་ཞིག་ཕྱག་རྟགས་སུ་ཕུལ་ཡོད།
ཐེངས་འདིའི་གྱ་སྟོན་མཛད་སྒོ་སྟེང་རྒྱ་གར་གྱི་སྲིད་བློན་ཟུར་པ་མན་མོ་ཧན་སིང་( Dr.Manmohan Singh)དང་། སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌི་ཝ་ནི་ (Lal Krishna Advani)། རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་པི་ཅི་ཏམ་བྷ་རམ་ (P. Chidambaram)། དེ་བཞིན་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་གཅིག་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་(kailash satyarthi)། རྒྱ་གར་གྱི་གནའ་བོའི་སྒྱུ་རྩལ་ཐོག་མཁས་ལས་པ་ལྕམ་སྐུ་ཀ་པི་ལ་ཝཏ་སཱ་ཡན་ (Dr.Kapila Vatsyayan)། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཀ་རན་སིང་ (Dr Karan Singh)། ཁྲིམས་རྩོད་པ་གྲགས་ཅན་དང་རྒྱ་གར་ཁྲིམས་འཛིན་བློན་ཆེན་ཟུར་པ་སྐུ་ཞབས་རམ་ཇི་ཐ་མ་ལ་ནི་(Ram Jethamalani)། གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་ཤར་མི་ལ་ཊ་གོར་ (Sharmila Tagore)སོགས་མཉམ་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། དོན་གྲུབ།
༸གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་ཞིང་ཐུགས་བཞེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།
གོང་གི་རྒྱ་གར་གྱི་སྲིད་དོན་པ་འདི་ཚོ་ཤེས་ཡོན་ཐོག་ནས་བཤད་ན་རྒྱ་གར་ནང་གི་ཤེས་ཡོན་ཡག་ཤོས་རིགས་རེད། ཡིན་ནའང་། ཁོང་ཚོ་སྲིད་སྟེགས་སྟེང་དུ་སྡོད་དུས་༸གོང་ས་མཆོག་གཙོས་བོད་ཀྱི་གནད་དོན་སྐོར་གྱི་ཚིག་གཅིག་རྐྱང་བཤད་མྱོང་མེད། དེང་སང་རྒས་ཡོལ་དང་སྲིད་སྟེགས་མེད་པའི་སྐབས་སྐད་ཆ་རྫིག་པོ་དང་སྙན་པོ་ཇི་ལྟར་བཤད་ཀྱང་མི་སྒེར་གྱི་དག་སྣང་སྐད་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ད་མང་པོ་མི་བཤད་ཚང་མ་བསུན་པོ་བཟོ་ཡི་རེད།
ང་ཚོ་བཙལ་བྱོལ་དུ་སླེབས་པ་ནས་བཟུང་རྒྱ་གར་གཞུང་གི་མཐོ་རིམ་མི་སྣས་སྐད་ཆ་ཡག་ཤོས་དང་ གུས་ཞབས་ཆེ་ཤོས་ཞིག་གནང་བ་དེ་རིང་ཐོག་དང་པོ་རེད་ འོན་ཀྱང་དེ་ཚོ་ཚང་མ་རྒྱ་གར་གྱི་གསར་གྱུར་བརྒྱུད་ལམ་གང་དུ་ཡང་མཐོན་མེད་པ་ནི་བློ་ཕམ་གྱི་རང་བཞིན་དང་རྒྱ་གར་གཞུང་ད་དུང་ཡང་གུང་བྲན་ལ་ཞེད་སྣང་ཡོད་པ་གསལ་པོ་རེད་ འོན་ཀྱང་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་དགའ་བསུ་ཞུ།།
ང་ཚོ་བོད་་པ་རྣམ་མཚན་གནས་དང་རྐུབ་བརྐྱགས་ལ་དགའ་བའི་ཡིན་ནམ་ཅི། གོང་་དུ་འདྲངས་པའི་གསུང་བཤད་དག་ནི་ཆབ་སྲིད་པ་རྐྱང་རྐྱང་གི་རེད་འདུག། གནད་འགག་ཅན་གྱི་ཤེས་ཡོན་པ་སྐད་དུ་གྲགས་པ་སྐུ་ཞབས་ར་མ་ཅན་རྡར་གུ་ཧ(Rama Chandra Guha) ལྟ་བུ་གསར་འགོད་པའི་ངོས་མ་ཟིན་པ་ཡིན་ནམ་ཡང་ན་ཁོང་གི་སྐད་་ཆ་གལ་ཆེན་དུ་མ་བརྩིས་་བ་ཡིན། གསར་ཤོག་གཅིག་ལ་མཚོན་ན་སྣ་མང་གི་སྐད་ཆ་དང་བསམ་ཚུལ་སྤེལ་རྒྱུ་གལ་ཆེན་མ་ཡིན་ནམ། ག་དུས་ཡིན་ཡང་ཆབ་སྲིད་པ་དང་བླ་མ་ལས་གཞན་པའི་ལས་རིགས་དང་ཚན་པ་གཞན་དག་གི་མི་སྣ་གལ་ཆེན་དུ་མི་མཐོང་བ་ནི་རུལ་སྐྱོན་ཞིག་མ་ཡིན་ནམ།
དོན་གྲུབ་ལགས་ཀྱིས་གསར་འགྱུར་ཡག་པོ་ཞིག་བསྒྱུར་གནང་འདུག་པས་ཐུགས་རྗེ་ཆེ་ཞུ།
ང་ཡི་སྐྱབས་མགོན། ཁ་བའི་ལྗོངས་ཀྱི་སྙིང་ནོར། སྙིགས་དུས་ཀྱི་སངས་རྒྱས། འཛམ་གླིང་ཞི་བདེ་དེད་དཔོན། སྐུ་ཚེ་ཁྲི་ཕྲག་བར་དུ་བརྟན་གྱུར་ཅིག