མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དམར་ཤོག་ཚོགས་པའི་མགོ་ཁྲིད་ཟུར་པ་མའོ་ཞོ་པེན་གྱིས་དབང་ཆ་སྒེར་སྤྱོད་བྱས་ཏེ་རྒྱ་སྒོར་དུང་ཕྱུར་འགའ་ལྐོག་ཟ་བྱས་འདུག
ཁ་སང་ལན་ཀྲུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་དང་། ཟི་ལིང་གྲོང་ཁྱེར་དམར་ཤོག་ཚོགས་པའི་མགོ་ཁྲིད་ཟུར་པ་མའོ་ཞོ་པེན་ཟེར་བ་དེས། དབང་ཆ་སྒེར་སྤྱོད་བྱས་ཏེ་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པའི་ནག་ཉེས་འོག ཟླ་འདིའི་ཕྱི་ཚེས་ ༦ ཉིན་ལན་ཀྲུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁྲིམས་བཤེར་བྱས་པ་བརྒྱུད། མའོ་ཞོ་པེན་གྱིས་གཞུང་དང་སྒེར་གཉེར་ཁེ་ལས་ཁང་དག་ནས་རྒྱ་སྒོར་དུང་ཕྱུར་འགའ་སྒེར་སྤྱོད་ལྐོག་ཟ་བྱས་པ་ཁས་ལེན་བྱས་ཡོད་སྟབས། ཁོ་ལ་ཁྲིམས་ཆད་ལྕི་མོ་བབས་ཡོད་སྐོར་བརྗོད་འདུག
མའོ་ཞོ་པེན་གྱིས་ཕྱི་ལོ་ ༡༩༩༥ ལོའི་ལོ་མཇུག་ནས་ ༢༠༡༣ ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་ཞིན་ཐེ་རི་བོའི་གཏེར་རྡོ་རྒྱུན་ལས་ཨུ་ཡོན་གྱི་མགོ་ཁྲིད་དང་། ནུབ་ཕྱོགས་གཏེར་སྔོག་ཚད་ཡོད་འགན་ལེན་ཁེ་ལས་ཁང་གི་སྤྱི་གཉེར་བ། ཟི་ལིང་གྲོང་ཁྱེར་མི་མང་སྲིད་གཞུང་གི་གྲོང་ཁྱེར་མགོ་གཙོ། རྒྱ་ནག་ཟི་ལིང་རྒྱུན་ལས་ཨུ་ཡོན་(ཧྲུའུ་ཅི་)སོགས་ཀྱི་མིང་དང་དབང་ཤུགས་འཁུར་ཏེ། ཟི་ལིང་བོད་ཡུལ་ཚོང་གཉེར་ཚད་ཡོད་ཁེ་ལས་ཁང་། ཞིན་ཐེ་རི་བོའི་ཡུང་ཞིན་བཙོ་སྦྱངས་བཟོ་གྲྭ་སོགས་ལས་ཁུངས་དང་མི་སྒེར་ ༣༠ ལྷག་ལ་ཚོང་རྫས་འགྲེམ་འཚོང་དང་ལས་གཞི་འཆར་འགོད། ས་ཆ་ཉོ་ཚོང་སོགས་ཀྱི་ཐད་ངན་འབྲེལ་བྱས་ཏེ། མ་རྩ་རྒྱ་སྒོར་དུང་ཕྱུར་ ༡.༠༤༨༡༨༢༧༤ ལྷག་གི་ལྐོག་ངན་བླངས་ཡོད་པ་དང་། གཞན་ཡང་། ཕྱི་ལོ་ ༢༠༠༦ ལོར་མའོ་ཞོ་པེན་གྱིས་ནུབ་ཕྱོགས་གཏེར་ལས་ཚད་ཡོད་འགན་ལེན་ཁེ་ལས་ཁང་གི་སྤྱི་གཉེར་བའི་དབང་ཆ་སྤྱད་དེ། གན་རྒྱ་རྫུན་མ་བཟོས་ནས་ཁེ་ལས་ཁང་དེའི་གཞུང་དངུལ་རྒྱ་སྒོར་དུང་ཕྱུར་ ༤ ཧམ་འཁྱེར་སྒེར་སྤྱོད་བྱས་ཡོད་འདུག
ཕྱི་ལོ་ ༢༠༡༤ ཟླ་ ༤ པའི་ནང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་དང་འགལ་བའི་དོགས་གཞིའི་འོག་མའོ་ཞོ་པེན་ལ་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༧ པའི་ནང་ཁོའི་མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་ཐོབ་ཐང་བླངས་བ་མ་ཟད། ཏང་གི་སྒྲིག་འཛུགས་ནས་ཕྱིར་འབུད་བཏང་ཡོད་འདུག མའོ་ཞོ་པེན་གྱིས་ཕྱི་ལོ་ ༡༩༨༦ ནས་མཚོ་སྔོན་ཞིང་ཆེན་ནང་ལོ་ངོ་ ༣༠ མ་ཟིན་ཙམ་གྱི་རིང་གཏེར་ཁ་སྔོག་འདོན་གྱི་ཁེ་ལས་ཁང་གི་སྤྱི་གཉེར་བ་དང་དམངས་ཆེན་གྱི་འཐུས་མི་སོགས་དཔོན་གནས་གལ་ཆེན་བཟུང་ཡོད་འདུག
གསར་འགོད་པ། པདྨ་མཚོ།