སི་ཁྲོན་ཞིང་ཆེན་གྱི་མགོ་ཁྲིད་ཝི་ཧོང་གིས་སྒྲིག་འགལ་ཚབས་ཆེན་བྱས་ཏེ་ད་ལྟ་རང་ནོངས་བསམ་ཞིབ་བྱེད་བཞིན་པའི་སྒང་ཡིན་སྐོར་བསྒྲགས་འདུག
ཁ་སང་སྔ་དྲོར་རྒྱ་ནག་གསར་འགྱུར་གཞུང་སྒྲུབ་ཁང་གི་གསར་འགོད་གསལ་བསྒྲགས་ཐོག རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ནས་སི་ཁྲོན་ཞིང་ཆེན་གྱི་མགོ་ཁྲིད་ཝེ་ཧོང་གིས་སྒྲིག་འགལ་ཚབས་ཆེན་བྱས་ཏེ་རང་ནོངས་བསམ་ཞིབ་བྱེད་དུ་འཇུག་བཞིན་ཡོད་ལ། མི་འགྱངས་བར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༧ ཉིན་སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་བྱ་བའི་ཚོགས་འདུ་ཁྲིན་ཏུའུ་རུ་ཚོགས་ཡོད་པ་དང་། ཚོགས་འདུ་དེ་ཧ་ཅང་གལ་ཆེན་ཡིན་ཡང་ཝེ་ཧོང་ཚོགས་ཞུགས་བྱས་མེད་པ་མ་ཟད། འབྲེལ་གཏུག་བྱེད་མ་ཐུབ་པར་བརྟེན་ཁོ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གླེང་གཞི་ཐོག་མར་བྱུང་ཡོད་པ་མ་ཟད། ཀྲུའུ་ཡོང་ཁཱང་གི་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་ཀྱི་ཉེས་དོན་ལ་ལྐོག་འབྲེལ་ཡོད་སྐོར་རྗོད་ཀྱི་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་དེ་བདེན་པ་ཡིན་མིན་གསལ་ཁ་བཏོན་མེད་པ་རེད། ཁ་སང་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས་གནས་ཚུལ་དེ་བདེན་པ་ཡིན་མིན་འདྲི་སྐབས་གཞི་ནས་བདེན་པ་ཡིན་སྐོར་བརྗོད་ཡོད་པ་རེད།
ཝི་ཧོང་ཕྱི་ལོ་ ༡༩༨༦ ལོར་སི་ཁྲོན་ཞིང་ཆེན་དམར་ཤོག་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་ཆེད་ལས་ཞིབ་འཇུག་ཐོན་རྗེས། སི་ཁྲོན་ཞིང་ཆེན་དམར་ཤོག་ཚོགས་པའི་ནང་ལས་ཀ་བྱས། ཕྱི་ལོ་ ༢༠༠༢ ནས་ ༢༠༠༧ བར་སི་ཁྲོན་ཞིང་ཆེན་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དམར་ཤོག་རྩ་འཛུགས་ཚན་པའི་མགོ་ཁྲིད་ཀྱི་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༡ ནང་སི་ཁྲོན་ཞིང་ཆེན་གྱི་མགོ་ཁྲིད་དུ་བསྐོ་བཞག་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།