ཁ་སང་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ས་ར་སི་ཝལ་ མཆོག་གཙོས་པའི་ཨ་རིའི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ཞིག་དྷ་རམ་ས་ལར་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚོར་གཟིགས་ཞིབ་གནང་ཡོད་འདུག
འདི་གའི་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༢ ཡས་མས་སུ་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སི་ཝལ་(Sarah Sewall) མཆོག་དང་ཨ་རིའི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་བཅས་བཞུགས་སྒར་དྷ་རམ་ས་ལར་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་མཆོག དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་སོགས་ཀྱིས་ཐེབས་བསུ་སྣེ་བསུ་ཞུས་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོང་དུ་ཕེབས་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དེའི་རྗེས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་ཕེབས་ཏེ། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་དང་འབྲེལ་བའི་འཕྲོད་བསྟེན་ལས་གཞི་ཁག་ངོ་སྤྲོད་མཚམས་སྦྱོར་ཞུས་རྗེས། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཕེབས་ཏེ་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་ཚན་པས་ད་ལྟའི་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་སོགས་ངོ་སྤྲོད། དེའི་རྗེས་བོད་ཀྱི་དཔེ་མཛོད་ཁང་དུ་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་གི་ཡང་སྲིད་འཚོལ་ཞིབ་གནང་སྟངས་སྐོར་ངོ་སྤྲོད་གནང་ཡོད་འདུག
དེ་རིང་ཞོགས་པར་དྷ་ས་ནོར་བུ་མགྲོན་ཁང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གི་མི་སྣ་དང་ལྷན་དུ་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ལ་གླེང་མོལ་གནང་ཡོད་པ་དང་། དེའི་རྗེས་ཀྱི་ཆུ་ཚོད་ ༩ པའི་སྟེང་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྗེས་ཕྱིར་ཕེབས་ཡོད་འདུག
ལྕམ་ས་ར་སི་ཝལ་མཆོག་ནི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེའི་ལས་རོགས་དང་། ཨ་རིའི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཨ་རིའི་སྤྱི་དམངས་བདེ་འཇགས་ལྷན་ཁང་བཅས་ཀྱི་དྲུང་ཆེ་དང་། ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བཅས་ཡིན།
ཐེངས་འདིའི་གཟིགས་སྐོར་ནི་གཞུང་འབྲེལ་གྱི་ཐོག་ནས་ཡིན་སྟབས། སྐུ་ཚབ་རྣམ་པས་བཞུགས་སྒར་དྷ་ས་ཁུལ་གྱི་གསར་འགོད་པའི་བཅར་འདྲི་དང་གསར་འགོད་གསལ་བསྒྲགས་སོགས་གང་ཡང་གནང་མེད་པ་རེད།
གསར་འགོད་པ། པདྨ་རྒྱལ།