ཧྥ་རན་སའི་རྒྱལ་སར་ཨེ་ཤ་ཡ་དབུས་ཁུལ་གྱི་མི་རིགས་ཁག་གི་སྐད་ཡིག་རིག་གཞུང་དཔྱད་ཞིབ་དང་བོད་རྒྱའི་གནད་འདོན་འགྲིག་འཇགས་ཡོང་ཐབས་བཅས་ཀྱི་སྐོར་ལ་ཚོགས་ཆེན་ཞིག་འཚོགས་རྒྱུ་ཡིན་འདུག
ཟླ་འདིའི་ཚེས་ ༡༧ ནས་ ༢༠ ཉིན་བར་ཧི་མ་ཡའི་རིག་གཞུང་ཞིབ་འཇུག་ཁང་ (CNRS) གི་གོ་སྒྲིག་འོག ཧྥ་རན་སིའི་རྒྱལ་ས་ཕ་རི་སིར། ཨེ་ཤ་ཡའི་དབུས་ཁུལ་གྱི་བོད་དང་ཤར་ཨེ་ཤ་ཡའི་རྒྱ་ནག ལྷོ་ཤར་ཨེ་ཤ་ཡའི་འབར་མ་དང་ནུབ་ཨེ་ཤ་ཡའི་རྒྱ་གར་སོགས། ཨེ་ཤ་ཡའི་རྒྱལ་ཁབ་དང་མི་རིགས་ཁག་གི་སྐད་ཡིག་རིག་གཞུང་དང་ཆོས་ལུགས་རིག་གནས། ཡུལ་སྲོལ་གོམས་གཤིས་བཅས་ཀྱི་ཐད་དཔྱད་ཞིབ་དང་། ལྷག་པར་དུ་བོད་རྒྱ་གཉིས་བར་གྱི་རིག་གཞུང་ཞིབ་འཇུག་འབྲེལ་མོལ་བསྐྱར་འཛུགས་ཡོང་ཐབས། ལྷོ་ཤར་ཨེ་ཤ་ཡའི་རི་ཁུལ་གྱི་དཔལ་འབྱོར་འཚོ་གནས་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་ཚོགས་ཆེན་ཞིག་འཚོགས་འཆར་ཡོད་འདུག
ཚོགས་ཆེན་དེའི་སྟེང་བླ་མ་ཀུན་བཟང་རྣམ་རྒྱལ་དང་གཡུང་དྲུང་མཚོ་མོ། བསྟན་འཛིན་སྦྱིན་པ་གསུམ་དང་། རྒྱལ་ཁབ་གཞན་ནས་ཨ་རིའི་མིའི་རིགས་རིག་པ་བ་ཝེ་ལེམ་སི་ཀེན་ནིར་ (William Skinner) དང་སི་རེ་ལན་ཁའི་མིའི་རིགས་རིག་པ་སི་ཊན་ལིན་ (Stanley Tambiah)། ལྷོ་ཤར་ཨེ་ཤ་ཡའི་ལོ་རྒྱུས་ཞིབ་འཇུག་པ་ཐའེ་ལན་གྱི་ཋོང་ཆཱེ་ཝེ་ནེ་ཆ་ཁུད་ (Thongchai Winichakul) ཨེ་ཤ་ཡའི་དེང་རབས་ལོ་རྒྱུས་རིག་པ་བ་ཝེ་ལིམ་བན་སི་ཆིན་ཌིད་ (Willem Van Schendel)། ཨ་རིའི་ཆབ་སྲིད་རིག་པ་བ་ཇེམ་སི་ཁོ་ཊི་ (James C. Scott) སོགས་མཉམ་ཞུགས་གནང་འཆར་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།