གཞུང་དངུལ་ལོག་སྤྱོད་བྱས་པའི་ཉེས་མིང་འོག་ཡེ་ཤུའི་ཆོས་རྟགས་གཏོར་བའི་ལས་འགུལ་ལ་ངོ་རྒོལ་བྱེད་མཁན་གྱི་ཆོས་དཔོན་ཞིག་འཛིན་བཟུང་བྱས་ཡོད་འདུག
ཕྱི་ཚེས་ ༦ ཉིན་གཞུང་དངུལ་ལོག་སྤྱོད་བྱས་པའི་ཉེས་མིང་འོག རྒྱ་ནག་ཀྲེ་ཅང་ཞིང་ཆེན་གྱི་གཞུང་འབྲེལ་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀོ་ཡས་སི་འཛིན་བཟུང་བྱས་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་ཕྱི་ལོ་ ༢༠༡༤ ལོར་རྒྱ་གཞུང་གིས་ཁྲིམས་འགལ་འཛུགས་སྐྲུན་གྱི་ཉེས་མིང་འོག ཀྲེ་ཅང་ཧང་ཀྲུའུ་རུ་ཡོད་པའི་ལྷ་ཁང་མང་པོ་གཏོར་བཤིག་གཏོང་སྐབས། ས་གནས་མི་མང་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཀོ་ཡས་སི་ཡིས་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་པར་བརྟེན། གཞུང་དངུལ་ལོག་སྤྱོད་ལ་ཁ་གཡར་ནས་ཁོང་འཛིན་བཟུང་བྱས་པའི་དོགས་པ་ཆེན་པོ་ཡོད་སྟབས། འཛིན་བཟུང་གི་རྒྱུ་རྐྱེན་གསལ་པོ་བཟོ་དགོས་པའི་འབོད་སྐུལ་བྱེད་བཞིན་འདུག ཕྱི་ལོ་ ༢༠༡༥ ཟླ་ ༣ པའི་ནང་ཀྲེ་ཅང་ཝིན་ཀྲུའུ་ཕིན་རྫོང་གི་ཡེ་ཤུའི་ཆོས་དཔོན་ཧང་ཡེ་ཙི་ཡིས། རྒྱ་གཞུང་གིས་ཡེ་ཤུའི་ཆོས་རྟགས་གཏོར་བཤིག་གཏོང་བར་བཀག་འགོག་བྱས་རྐྱེན་ལོ་ ༡ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་སྔོན་ཀྲེ་ཅང་ཞིང་ཆེན་ཧང་ཀྲུའུ་གྲོང་ཁྱེར་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་དང་ཧང་ཀྲུའུ་ཡེ་ཤུའི་ཆོས་ལུགས་རྒྱལ་གཅེས་ལས་འགུལ་ཚོགས་པ་གཉིས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཧང་ཀྲུའུ་ཙུང་ཡེ་ལྷ་ཁང་གི་ཆོས་དཔོན་ཀོ་ཡས་སི་ལ་འབྲེལ་ཡོད་ལས་ཁུངས་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། མི་སྒེར་གྱི་བྱ་སྤྱོད་ལ་བརྟེན་ནས་ཞིབ་བཤེར་བྱེད་དགོས་བྱུང་ཡོད་སྐོར་བསྒྲགས་འདུག
ཀོ་ཡས་སི་ནི་རྒྱ་ནག་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་སྐབས་ ༧ པའི་ཚོགས་མི་དང་། ཙུང་ཡེ་ལྷ་ཁང་གི་ཆོས་དཔོན་གྲགས་ཅན་ཞིག་ཡིན་ནའང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་ཧང་ཀྲུའུ་གྲོང་ཁྱེར་ཡེ་ཤུའི་ཆོགས་ལུགས་མཐུན་ཚོགས་ཀྱིས་ཀོ་ཡས་སི་ཡི་ཆོས་དཔོན་གྱི་གོ་གནས་མེད་པ་བཟོ་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་ཡོད་འདུག ཙུང་ཡས་ལྷ་ཁང་ཕྱི་ལོ་ ༢༠༠༥ ལོར་གསར་དུ་བཙུགས་ཡོད་པ་དང་། ད་ལྟའི་ཆར་ཡེ་ཤུའི་ཆོས་པ་ཆིག་ཁྲི་ཙམ་གྱིས་རྒྱུན་དུ་ལྷ་ཁང་དེའི་ནང་ཆོས་ལུགས་ཀྱི་ཆོ་ག་སྤེལ་བཞིན་ཡོད་ཅིང་། ལྷ་ཁང་དེའི་ནང་དུས་གཅིག་ལ་མི་གྲངས་ ༥༥༠༠ ཙམ་ཤོང་ཀྱི་ཡོད་པས་འཛམ་གླིང་ཐོག་གི་རྒྱའི་ཡེ་ཤུའི་ལྷ་ཁང་ཆེས་ཆེ་ཤོས་དེ་ཆགས་ཡོད་འདུག
ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་འབྲེལ་ཡེ་ཤུའི་ཆོས་ལུགས་རྒྱལ་གཅེས་ལས་འགུལ་ཚོགས་པས་རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཁྲི་ ༢༣༠༠ ནས་ ༤༠༠༠ ཙམ་ཡོད་སྐོར་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༢ ནང་རྒྱ་གཞུང་གིས་ཀྲེ་ཅང་ཞིང་ཆེན་ཝིན་ཀྲུའུ་སོགས་ཀྱི་ནང་༼གསུམ་བསྒྱུར་གཅིག་གཏོར་༽ཟེར་བའི་ལས་འགུལ་སྤེལ་མགོ་བཙུགས་ཡོད་པ་དང་། ད་ལྟའི་བར་ཉུང་མཐར་ཡེ་ཤུའི་ལྷ་ཁང་ ༡༢༠༠ ལྷག་གི་ཆོས་རྟགས་བཙན་གྱིས་གཏོར་ཡོད་པ་དང་། ལྷག་པར་དུ་ཝིན་ཀྲུའུ་ཧྲན་ཅང་ལྷ་ཁང་རྩ་གཏོར་བཏང་བར་འཛམ་གླིང་གི་ཡུལ་ལུང་གང་སར་ཡོད་པའི་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མང་པོས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།