ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀི་རེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་གཉིས་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་ཐུག་འཕྲད་ཀྱིས་བྱང་ཀོ་རི་ཡའི་རྡུལ་མཚོན་དང་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་སྐོར་ལ་གྲོས་མོལ་བྱེད་རྒྱུ་རེད།
དེ་རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། སང་ཉིན་རེས་གཟའ་མིག་དམར་ནས་ཉིན་གསུམ་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཨ་རིར་སྐོར་སྐྱོད་བྱ་འཆར་ཡོད་པ་དང་། ཐེངས་འདིའི་སྐོར་སྐྱོད་ཀྱི་དམིགས་འདུན་གཙོ་བོ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་དང་ཚོད་ལྟ་བྱས་པའི་གནད་དོན་དང་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་བཅས་ཀྱི་སྐོར་ལ་གྲོས་མོལ་བྱ་རྒྱུ་སོགས་ཡིན་འདུག
ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀི་རེ་ (John Kerry) ལགས་ཀྱིས། རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་ཉིན་བཞིན་དམག་དཔུང་རྟེན་གཞིའི་རིགས་མང་པོ་འཛུགས་སྐྲུན་དང་དྲག་ཆས་འགྲེམ་འཇོག་བྱེད་ཀྱི་ཡོད་པ་མངོན་གསལ་ཡིན་པ་ལྟར། གནས་ཚུལ་དེ་ཤར་ནུབ་རྒྱལ་ཁབ་ཁག་གི་ཛ་དྲག་གི་སེམས་འཚབ་ཅིག་ཆགས་ཡོད། ང་ཚོས་ཡང་ནས་བསྐྱར་དུ་རྒྱ་ནག་གཞུང་ལ་བརྩི་བཀུར་ཆེན་པོའི་ཐོག་ནས་རྒྱ་ནག་གཞུང་གིས་ལྷོ་རྒྱུད་མཚོ་ཁུལ་དུ་དྲག་ཆས་དམག་དཔུང་རྩ་འཛུགས་བྱེད་པར་འཛམ་གླིང་རྒྱལ་ཁབ་ཡོངས་ལ་སྙན་སེང་ཞུ་དགོས་སྐོར་བཤད་པ་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་དེ་དོན་སྣང་མེད་བཏང་སྟབས་ད་ལྟ་གླེང་གཞི་པོ་ཆགས་ཀྱིན་ཡོད་སྐོར་བརྗོད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཀྲུན་ཡེན་ (Hua Chunying) གྱིས། པེ་ཅིན་གཞུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་དམག་དཔུང་རྩ་འཛུགས་བྱེད་པ་ནི། རྒྱལ་སྤྱིའི་རྩ་ཁྲིམས་ཁྲོད་རང་སྲུང་ཁེ་དབང་དང་མཐུན་པ་ཞིག་ཡིན་སྟབས། རྒྱལ་ཁབ་གཞན་པས་རྒྱ་ནག་གི་རང་སྲུང་ཁེ་དབང་བཀག་འགོག་མི་ཆོག རྒྱ་ནག་གཞུང་གིས་རང་རྒྱལ་མངའ་ཁོངས་ཀྱི་ནགས་ཚུལ་གླིང་ཕྲན་ (Woody Island) སྟེང་དགོས་ངེས་ཀྱི་རྒྱལ་སྲུང་དམག་དཔུང་འགྲེམ་འཇོག་བྱེད་པ་དེ། ཨ་རིའི་གཞུང་གིས་ཧ་ཝའེ་ (Hawaii) གླིང་ཚོམ་སྟེང་རྒྱལ་སྲུང་དམག་དཔུང་འགྲེམ་འཇོག་བྱེད་པ་དང་གཅིག་མཚུངས་ཡིན་ལུགས་སོགས་བརྗོད་འདུག
རྒྱ་ནག་གཞུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་གྱི་མུ་འཁྱུད་གླིང་ཚོམ་ (Paracels) གྱི་ཆ་ཤས་ནགས་ཚུལ་གླིང་ཕྲན་ (Woody Island) སྟེང་དྲག་ཆས་དམག་དཔུང་གི་རྟེན་གཞི་བཙུགས་ཏེ། མེ་ཤུགས་འཕུར་མདེལ་འགྲེམ་འཇོག་བྱས་ཡོད་པ་དང་། དེ་ལ་ཨ་རི་དང་ཐའེ་ཝན། ཝེ་ཋི་ནམ་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་སེམས་འཚབ་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་བྱང་ཀོ་རི་ཡས་རྒྱང་ཐག་རིང་པོར་སྙོབ་ཐུབ་པའི་མེ་ཤུགས་འཕུལ་མདེལ་གསར་བཟོ་དང་ཚོད་ལྟ་བྱས་པར། ཨ་རི་དང་ལྷོ་ཀོ་རི་ཡ་གཙོས་པའི་ཤར་ནུབ་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཀྱི་ཡོད་པ་ལྟར། ད་ལན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀི་རེ་དང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་གཉིས་སང་ཉིན་རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་ཐུག་འཕྲད་ཀྱིས་གོང་ཞུས་གནད་དོན་དང་རྩོད་གླེང་ཁག་གི་ཐོག་གྲོས་མོལ་བྱ་འཆར་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།