ནང་པའི་དགོན་པ་ཞིག་ལ་མེ་སྐྱོན་བྱུང་སྟེ་དགོན་པའི་གྲྭ་ཤག་དང་རླངས་འཁོར་སོགས་མེར་འཚིགས་ཡོད་པ་མ་ཟད་གྲྭ་བ་བཞི་ལ་རྨས་སྐྱོན་བྱུང་ཡོད་འདུག
དེ་རིང་ཨེ་བྷེ་སེ་སེ་བན་ (abc7news) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པའི་ཐོ་རངས་ཆུ་ཚོད་ ༢ ཙམ་ལ་ཨ་རིའི་མངའ་སྡེའི་གྲོང་ཁྱེར་ཨོ་ཀ་ལན་ཌི་ (Oakland) ཡི་ཤར་རྒྱུད་སྲང་ལམ་ཨང་བཅུ་བའི་ནང་ཡོད་པའི་ནང་པའི་ལྷ་ཁང་ཞིག་ནང་མེ་སྐྱོན་བྱུང་སྟེ། དགོན་པ་དང་ཁྱིམ་མཚེས་དུད་ཚང་གཉིས། དགོན་པའི་འགྲུལ་འཁོར་ལྔ་དང་གྲྭ་ཤག་བཅས་མེར་འཚིགས་ཡོད་པ་མ་ཟད། དགོན་ནང་གི་གྲྭ་བ་བཞི་ལ་ཤི་རྨས་ཚབས་ཆེན་ཕོག་ཡོད་འདུག
ཨོ་ཀ་ལན་ཌི་གྲོང་ཁྱེར་གྱི་མེ་གསོད་ཚན་པའི་འགན་འཛིན་ཨེན་མ་ཁི་ཝ་ཧོར་ཊིར་ (Ian Mcwhorter) ཟེར་བ་ཞིག་གིས། ཐེངས་འདིའི་མེ་སྐྱོན་གྱི་འབྱུང་རྐྱེན་གཙོ་བོ་ཕལ་ཆེར་ཆོ་འཕྲུལ་དུས་ཆེན་ལ་འཁེལ་ཡོད་སྟབས། ལྷ་ཁང་ནང་ལཱ་སྒྲོན་མང་པོ་སྦར་ཡོད་པས་ཡིན་སྐོར་བརྗོད་འདུག
གནས་ཚུལ་འདིའི་ནང་། ནང་པའི་ལྷ་ཁང་དེར་མེ་སྐྱོན་བྱུང་རྐྱེན་གཙོ་བོ་མཆོད་སྒྲོམ་སྟེང་ལཱ་སྒྲོན་མང་པོ་སྦར་ཡོད་པས་ཡིན་ཞིང་། ཐེངས་འདིའི་མེ་སྐྱོན་ཁྲོད་དགོན་པའི་འདུ་ཁང་དང་ནང་དངོས་ཡོངས་རྫོགས། གྲྭ་ཤག་བཅས་མེར་འཚིགས་ཡོད་པ་མ་ཟད། གྲྭ་ཤག་ནང་ཉལ་བའི་གྲྭ་བ་བཞི་ལ་ཤི་རྨས་ཚབས་ཆེན་ཕོག་ཡོད་པ་དང་། དགོན་པའི་ཁྱིམ་མཚེས་དུད་ཚང་གཉིས་ཀྱི་རྒྱུ་དངོས་ཚང་མ་མེར་འཚིགས་ཡོད་ཀྱང་ནང་མི་ཚོ་ཕྱིར་འབྲོ་ཐུབ་ཡོད་འདུག ནང་པའི་དགོན་པ་དེའི་མིང་དང་དགོན་བདག ག་དུས་གསར་འཛུགས་བྱས་པ་སོགས་ཀྱི་གནས་ཚུལ་ཞིབ་ཁྲ་བཀོད་མི་འདུག
གསར་འགོད་པ། པདྨ་རྒྱལ།