ཞང་བློན།
མིག་སྔར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྲིད་སྐྱོང་གི་འོས་བསྡུའི་དྲིལ་བསྒྲགས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ལ། རྩིག་གྱང་ཡོད་ཚད་སྦྱར་ཡིག་གིས་ཁེངས་པ་དང་། འདུ་འཛོམས་ཐམས་ཅད་ལ་སྲིད་སྐྱོང་འོས་མི་གཉིས་ཀྱི་སྐོར་གླེང་བ་ནི། རང་རེའི་བྱུང་རབས་ནང་སྔར་མཐོང་ཐོས་མ་བྱུང་བའི་གནས་ཚུལ་ཞིག་ཡིན། འོན་ཀྱང་གླེང་ཚད་དང་བྲིས་ཚད་ཕལ་མོ་ཆེས་འོས་མི་གང་ཟག་སྒེར་གྱི་གནད་དོན་ལ་ལྟ་བ་ཙམ་ལས། ལྟ་གྲུབ་དང་རིགས་ལམ་ལ་གཞི་བཅོལ་ཏེ་སྤྱི་ཚོགས་ཀྱི་གནད་དོན་གླེང་མཁན་ནི་རྩྭ་ཕུང་གི་གསེབ་ནས་ཁབ་རྙེད་དཀའ་བ་ལྟར། ཧ་ཅང་འཚོལ་དཀའ་བའི་ཚོད་དུ་འདུག དེ་བས་གྲོས་ཚོགས་ལམ་ལུགས་ཀྱི་མང་གཙོའི་ལམ་སྲོལ་ལག་བསྟར་བྱེད་པར་ཁས་ཆེ་བའི་སྤྱི་ཚོགས་ཤིག་གི་ནང་། གྲོས་ཚོགས་འཐུས་མི་ལས་འཛིན་སྐྱོང་གི་དབུ་ཁྲིད་འདེམས་རྒྱུར་གལ་འགངས་ཆེ་བར་འཛིན་པ་ནི། དེ་བས་ཀྱང་ཡ་མཚན་སྐྱེ་བའི་གནས་ཚུལ་ཞིག་ཡིན། ནུབ་ཕྱོགས་ལྟ་གྲུབ་རིག་པའི་སྲོལ་འབྱེད་སོ་ཁ་ར་ཋེ་ཡིས་”ཤེས་རབ་ཅན་གྱིས་བསམ་བློ་དང་། ། བློ་འབྲིང་གིས་ནི་བྱུང་བ་གླེང་། ། བླུན་ཞིང་རྨོངས་པའི་སྐྱེ་བོ་ཡིས། །རྟག་ཏུ་གང་ཟག་ཁོ་ན་གླེང་། །” ཞེས་པའི་ཞལ་གདམས་ལ་མཇལ་ན། ད་གཟོད་རང་ཅག་རྣམས་ཀྱི་མང་གཙོའི་གོ་རྟོགས་དེ་ཅི་འདྲའི་ཉམ་ཆུང་བའི་ཚད་ཅིག་ཏུ་ཡོད་པ་ལེགས་པར་ཤེས་ཐུབ། དེང་སྐབས་འོས་བསྡུའི་ཐོབ་ཐང་ཡོད་མེད་ཐམས་ཅད་ཀྱིས་ཁ་གདང་ཚད་ལ་”སྤེན་པ་ཚེ་རིང་གཅིག་གཅིག་རེད་དང་། བློ་བཟང་སེང་གེ་གཉིས་གཉིས་རེད།” ཟེར་བ་ལས་དོན་གཞན་ཅི་ཡང་གླེང་རྒྱུ་མི་འདུག་སྙམ་པ་དང་། སྲིད་སྐྱོང་འོས་བསྡུ་ཚར་ན་ཧ་ལམ་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་ཀ་ཚང་མ་ཚར་སོང་བ་རེད་སྙམ་པའི་ཚོར་བ་སྟེར་འོང་བས། ངས་ནི་ཐེངས་འདིར་འོས་བསྡུའི་སྐོར་གླེང་བར་མི་བྱའོ། །
དེ་ལྟར་ནའང་། འདས་པའི་ལོ་ཤས་རིང་གི་བཙན་བྱོལ་བོད་མིའི་ལས་དོན་ལ་སྤྱི་ཡོངས་ལ་བསམ་གཞིག་བྱེད་སྐབས། བཀའ་ཤག་སྐབས་འདི་པས་གསར་གཏོད་དང་། ཆིག་སྒྲིལ། རང་ཁ་རང་གསོ་བཅས་ཀྱི་ལྟ་གྲུབ་གཞི་ལ་བཞག་པའི་ཐོག་འཆར་གཞི་བཟོ་འགོད་དང་། ལས་འཆར་རིམ་སྤེལ་གནང་སྟེ། ད་ཆ་བཀའ་ཤག་སྐབས་གཅིག་གི་ལས་མཇུག་བསྒྲིལ་ལ་ཉེ་བར་ཐོན་ཡོད་པས། གོང་གསལ་ལྟ་གྲུབ་དང་མཐུན་པའི་ལས་འཆར་གང་ཞིག་བསྒྲུབས་ཡོད་མེད་ལ་དངོས་ཡོད་ཀྱི་འཚོལ་ཞིབ་བྱ་རྒྱུ་ནི། སྤྱི་ཚོགས་དཔྱད་ཞིབ་པ་ཞིག་གི་གཡོལ་དུ་མེད་པའི་འགན་འཁྲི་ཡིན་ལ། སླེབས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་སྟེང་། ལོ་ལྔའི་སྤྱི་ཡོངས་སྙན་ཐོ་བརྒྱུད་བསྒྲགས་བྱ་ངེས་ཡིན་པས། གྲོས་སུ་གཏོགས་པ་རྣམས་ལ་སླར་ཡང་དྲན་སྐུལ་དང་གྲོས་འདེབས་ཞུ་རྒྱུ་དེའང་གལ་འགངས་ཆེན་པོར་མཐོང་ཡོད། དེ་བས་སྤྱི་ཚོགས་ཀྱིས་གནད་དོན་ཆེ་ས་བསྐྱུར་ནས་ཆུང་སར་མགོ་གཡེང་བའི་དུས་སུ། གནད་དོན་ཆེ་ཁག་ཟུར་འདོན་གྱིས་གླེང་སློང་བྱ་རྒྱུ་ནི། འོས་ཤོག་ཁྲི་གཅིག་འཕེན་པ་ལས་ཀྱང་གལ་འགངས་ཆེ་བར་ངོས་འཛིན་བྱེད་ཀྱིན་ཡོད། གྲོས་ཚོགས་སྐབས་སྔ་མ་ཁག་ཏུ་ཁོ་བོས་དེ་འབྲེལ་གྱི་གནད་དོན་རེ་ཟུང་གླེང་ཡོད་ཅིང་། ད་ལན་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ཚོད་དང་དངུལ་འབོར་མང་ཤོས་གཏོང་སའི་ལས་འཆར་རེ་ཤས་དང་། ཞོར་དུ་ཁྲིམས་སྒྲིག་དང་འབྲེལ་བའི་དོན་གནད་ཁག་གཉིས་གླེང་རྒྱུ་ཡིན།
༡། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་དང་འབྲེལ་བའི་སྐོར།
“བཀའ་ཤག་སྐབས་བཅུ་བཞི་པའི་ལས་དོན་ཡོངས་རྫོགས་ཀྱི་ནང་ནས་གལ་འགངས་ཆེ་ཤོས་ནི་ཤེས་ཡོན་ཡིན་” པར་གྲགས་ཤིང་། དེའི་ནང་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་བྱ་རྒྱུ་དེ་ལས་འཆར་གལ་གནད་ཆེ་ཤོས་སུ་བརྩིས་ཡོད། བཀའ་ཤག་གསར་པ་ཕེབས་ནས་ལོ་གཅིག་འཁོར་ཉེའི་མཚམས། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་བྱ་རྒྱུའི་གནས་ཚུལ་ཞིག་ཐོན་པ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས། དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་གཏན་ཁེལ་བའི་གསར་འགོད་གསལ་བསྒྲགས་ཤིག་དངོས་སུ་སྤེལ་བ་རེད། དེ་ནི་གལ་ཆེའི་གནད་དོན་ཞིག་ཡིན་པས། སྤྱི་སེམས་ཅན་མང་པོས་བརྒྱུད་ལམ་སྣ་ཚོགས་ཐོག་ནས་བསྔགས་བརྗོད་ཕུལ་ཡོད། ལྷག་པར་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ ཉིན་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་བཞེས་ཏེ་ལོ་ཧྲིལ་པོ་གཅིག་ཏག་ཏག་འཁོར་བའི་སྐབས་དང་བསྟུན། བོད་ཀྱི་དུས་བབ་གསར་འགོད་པས་བོད་མི་མང་སྤྱི་འཐུས་གསུམ་ལ་བཀའ་ཤག་གི་ལོ་གཅིག་གི་ལས་དོན་དང་འབྲེལ་ཏེ་བཅར་འདྲི་ཞུས་པར། དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་“ཤེས་རིག་གི་ཐད་བོད་སློབ་འཛིན་ཚོགས་ཚུར་རྩིས་ལེན་བྱས་པ་དང་། མ་འོངས་པར་དཔལ་འབྱོར་ཐོག་འགལ་རྐྱེན་མེད་པའི་ཡིག་ཆ་བཞག་པ་དེ་ཡག་པོ་རེད།” ཅེས་དང་། མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ “ཤེས་ཡོན་ཐོག་ལོ་གཅིག་ནང་གྲུབ་འབྲས་འདི་རེད་ཟེར་བ་མེད་ཀྱང་། སློབ་གྲྭ་ཁག་གི་ཤེས་ཡོན་ལམ་ལུགས་བསྐྱར་ཞིབ་དང་། བོད་སློབ་འཛིན་ཚོགས་ཚུར་རྩིས་ལེན་བྱས་པ་དེ་ཚོ་ཡག་པོ་རེད།” ཅེས་གསུངས་ཡོད།
ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ཉིན་གཏན་ཉིན་སློབ་གྲྭ་ཁག་གི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེས་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་གཏན་ཁེལ་བའི་སྐོར་ལ་གསུང་བཤད་གནང་བ་དང་། སྐབས་དེར་ལོ་ངོ་ ༣༠ ཙམ་རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བའི་བོད་རིགས་དགེ་རྒན་རྒན་གྲས་ཤིག་གིས། དེ་འདྲའི་གསལ་བསྒྲགས་གནང་རྒྱུ་སྔ་དྲགས་ན་ཡག་པོ་མེད་ཚུལ་དང་། “ཆར་པ་དབབ་རྒྱུ་མེད་པའི་འབྲུག་སྐད་དེ་མ་གྲགས་ན་ཡག་གི་རེད།” ཅེས་ཞུས་པར། སྲིད་སྐྱོང་མཆོག་གིས་ “ད་ཐེངས་ཆར་པ་དབབ་རྒྱུ་མེད་པའི་འབྲུག་སྐད་མ་རེད། ཁྱེད་རང་སེམས་ཁྲལ་བྱེད་དགོས་མ་རེད།” ཅེས་བཀའ་ལན་གནང་བ་རེད།
ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠ ཉིན་ཏེ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་ཉིན་ ༨ པའི་ཞོགས་པར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས། ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་སྐབས། “ཕྱི་ལོ་ ༢༠༡༣ ཟླ་ ༡ པོའི་ནང་རྒྱ་གར་དབུས་གཞུང་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་ལོ་གསུམ་ནང་ཚུད་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་གནང་བ་ལྟར། དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སྔོན་སློབ་གྲྭ་ཁག་དང་། སྦེལ་ཀོབ་ཏུ་ཡོད་པའི་གཞི་རིམ་འོག་མའི་སློབ་གྲྭ་གྲངས་ ༤ སམ་བྷོཊ་བོད་སློབ་ཚོགས་པ་ནས་འཛིན་སྐྱོང་ཆ་ཚང་རྩིས་ལེན་ཞུས་ཟིན། ་་་དེ་འཕྲོས་སློབ་གྲྭ་ཁག་དུས་བཀག་ལོ་གསུམ་ནང་ཚུད་དུ་རྩིས་ལེན་ཐུབ་པ་བྱ་རྒྱུ་ཡིན།” ཞེས་གྲོས་ཚོགས་ལ་སྙན་གསན་ཞུས་པས། གྲོས་སུ་གཏོགས་པ་མང་པོས་བསྔགས་བརྗོད་ཡང་ཡང་ཕུལ་ཡོད་ལ། ཉིན་ཤས་རྗེས་ཕྲན་རང་ཉིད་ཀྱིས་ཀྱང་ཐག་རིང་ཨ་རིའི་ཡུལ་ནས་གུས་བརྩིའི་འཚམས་འདྲི་ཕུལ་བ་ཡིན།
ཕྱི་ལོ་ ༢༠༡༣ ཟླ་ ༡ པོའི་ནང་རྒྱ་གར་དབུས་གཞུང་ནས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ལ་ལོ་གསུམ་ནང་ཚུད་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་གནང་ནས། ད་ལྟ་ཕྱི་ལོ་ ༢༠༡༦ ཟླ་ ༣ པ་ཟིན་ཏེ། ལོ་གསུམ་གྱི་དུས་ཚོད་རྫོགས་ཟིན་པ་རེད། “ད་སློབ་གྲྭ་གང་དུ་ཡོད་དམ་” ཞེས་པའི་དྲི་བ་འདི་ངེས་པར་དུ་འདོན་དགོས་པའི་དུས་ལ་ཐོན་ཡོད། ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སུ་འཛིན་རིམ་བཅུ་གཉིས་ཅན་གྱི་སློབ་གྲྭ་ ༩ དང་། འཛིན་རིམ་བཅུ་པ་ཅན་གྱི་སློབ་གྲྭ་ ༦ གཞི་རིམ་བར་མའི་སློབ་གྲྭ་ ༧ ཡོད་པ་རེད། སློབ་གྲྭ་དེ་དག་ཡོངས་རྫོགས་རྩིས་ལེན་ཐུབ་མི་འདུག འབྲུག་སྒྲ་ག་ཚོད་གྲགས་ཀྱང་ཆར་པ་བབས་མི་འདུག འདས་པའི་ལོ་ཤས་ནང་རྩིས་ལེན་དང་འབྲེལ་བའི་འབིར་སྒྲ་ཤུགས་ཆེར་གྲགས་པར་བརྟེན། བོད་སློབ་འཛིན་ཚོགས་སློབ་ཁག་གི་སློབ་སྦྱོང་ཐད་ཤུགས་རྐྱེན་ཇི་འདྲ་ཐེབས་ཡོད་སྐོར་ཁོ་བོས་སྐབས་སྔ་མ་དག་ལ་གླེང་ཟིན་པས། འདིར་ཡིག་ཚོགས་མང་བར་འཇིགས་ཏེ་གླེང་བར་མི་བྱ། འོན་ཀྱང་ད་ནི་དངོས་གྲུབ་མ་བྱུང་ནའང་རྫོག་མགོ་གློད་རོགས་ཟེར་བའི་དཔེ་ལྟར། སློབ་གྲྭ་དེ་དག་ནང་སློབ་སྦྱོང་བྱེད་ཀྱིན་པའི་བོད་ཕྲུག་ཚོའི་བདེ་སྡུག་ལ། བཀའ་ཤག་གིས་འདི་བྱེད་འདི་མིན་གྱི་ཐག་གཅོད་གསལ་པོ་ཅིག་ངེས་པར་མ་གནང་ཚེ། གལ་གནད་ཆེ་ཤོས་སུ་འཛིན་པའི་ལས་དོན་དེར་འཐུས་ཤོར་ཆེ་ཤོས་འགྲོ་ཉེན་འདུག་གོ།
༢། བྷུན་ཏར་དགེ་འོས་སློབ་ཁང་དང་འབྲེལ་བའི་སྐོར།
འདས་པའི་གྲོས་ཚོགས་སྐབས་བཅུ་པོ་ཚང་མའི་སྟེང་ཤེས་རིག་ལས་ཁུངས་ཀྱིས་ “ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་དང་གནང་མུས་ཡིན་” སྐོར་དང་། དེའི་ནང་ནས་ཀྱང་བྷུན་ཏར་དགེ་འོས་སློབ་ཁང་ཆེད་འགྲོ་སོང་ས་ཡ་མང་པོ་བཏང་སྟེ་ཤེས་ཡོན་སྲིད་བྱུས་ལག་བསྟར་ཆེད་དགེ་རྒན་གསོ་སྐྱོང་གནང་གི་ཡོད་ཚུལ་གསུངས་པ་རེད། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་ཐོག་ད་སྔ་སྤྱི་ཚོགས་ནང་བགྲོ་གླེང་གང་མང་བྱུང་བ་མ་ཟད། གྲོས་ཚོགས་རང་ནས་ཀྱང་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་གནང་ཡོད་པས། འདིར་བསྐྱར་བཤད་དགོས་པ་མ་མཐོང་། འོན་ཀྱང་སྤྲིན་གསེབ་ཀྱི་ཆུ་ཤེལ་ཕོ་བྲང་དང་འདྲ་བའི་བྷུན་ཏར་དགེ་འོས་སློབ་ཁང་གི་དངོས་ཡོད་གནས་སྟངས་ཕྲན་ཙམ་མ་གླེང་ན། འབྲེལ་ཡོད་རེ་ཟུང་མ་གཏོགས་རྒྱུས་མངའ་གཏིང་ཟབ་ཡོད་མཁན་ཧ་ཅང་དཀོན་པའི་ཚོད་དུ་འདུག
ཤེས་ཡོན་སྲིད་བྱུས་ལག་བསྟར་ཆེད་ཆེད་འཛུགས་བྱས་པའི་བྷུན་ཏར་དགེ་འོས་སློབ་ཁང་ལ་དགེ་རྒན་ ༡༥ ཡོད་པ་དང་། དེའི་ནང་རྒྱ་གར་ ༡༣ དང་བོད་མི་ ༢ ཡོད་ཅིང་། རྒྱ་གར་དགེ་རྒན་གྱིས་དགེ་རྒན་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༨༧ ཟིན་ཡོད་པས། ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བཅུ་གཅིག་པའི་དགོངས་དོན་ཇི་བཞིན་བསྒྲུབ་ཐབས་མེད་པ་ནི་ཧ་ཅང་གསལ་པོ་རེད། ཕྱི་ལོ་ ༢༠༡༢ ནས་བཟུང་ད་བར་ལོ་བཞི་ཅན་གྱི་གཅིག་བསྡུས་དགེ་རྒན་འོས་སྦྱོང་ཐེངས་ ༣ དང་ལོ་གཅིག་ཅན་གྱི་དགེ་རྒན་འོས་སྦྱོང་ཐེངས་ ༢ གནང་ཡོད། ལོ་གཅིག་ཅན་གྱི་དགེ་རྒན་འོས་སྦྱོང་བ་དེ་དག་སློབ་ཐོན་ཟིན་ཞིང་། ཁོང་ཚོར་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་པའི་སྦྱོང་བརྡར་ཉིན་གཅིག་ཀྱང་ཐོབ་མེད་སྟབས། སློབ་གྲྭ་ཁག་གི་དགོས་མཁོའི་ཆ་རྐྱེན་ཇི་བཞིན་སྐོང་མི་ཐུབ་པར་བརྟེན། ཁོང་ཚོ་མང་ཆེ་བ་དགེ་རྒན་གྱི་ལས་སྒོར་ཞུགས་མ་ཐུབ་པར་ལས་མེད་དུ་ལྷག་ཡོད། ལོ་བཞི་ཅན་གྱི་གཅིག་བསྡུས་དགེ་རྒན་འོས་སྦྱོང་སྐབས་དང་པོ་ཟླ་གཅིག་གཉིས་ནང་སློབ་ཐོན་འབྱུང་གི་ཡོད། འོན་ཀྱང་ངས་ཤེས་ཚོད་བྱས་ན། ཁོང་ཚོར་ཡང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་པའི་སྦྱོང་བརྡར་ཇི་བཞིན་མ་ཐོབ་སྟབས། ཆེས་མཐའ་མཇུག་གི་ཡིག་རྒྱུགས་སླེབས་ཉེའི་མཚམས། སློབ་ཕྲུག་ཁག་ཅིག་ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་ཡིག་གསབ་སྦྱོང་བྱེད་དུ་མངགས་གཏོང་བྱས་ཡོད་པ་རེད། ལོ་བཞི་ཙམ་རིང་དགེ་འོས་སློབ་སྦྱོང་བྱས་ནས་ད་ཆ་ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་ཡིག་གསབ་སྦྱོང་བྱེད་དུ་གཏོང་དགོས་པའི་གནས་སྟངས་གང་ལ་ཐུག་སོང་བ་རེད་དམ།
མི་མང་པོ་ཞིག་གིས་བྷུན་ཏར་དགེ་འོས་སློབ་ཁང་གི་གནས་སྟངས་ཇི་བཞིན་ཤེས་རྟོགས་ཐུབ་རྒྱུ་ཕར་བཞག ཐ་ན་མཐོ་སློབ་དེ་གནས་གང་ཞིག་ཏུ་ཆགས་ཡོད་མེད་ཀྱང་ཆ་རྒྱུས་མེད། ཁོང་ཚོར་ཁག་མེད། དོན་དངོས་ཐོག་བྷུན་ཏར་དགེ་འོས་སློབ་ཁང་ནི་མིང་ཙམ་ཡིན་ཞིང་། ད་སྔ་བྷུན་ཏར་ཁུལ་དུ་སློབ་ཁང་དེ་འདྲ་ཡོད་པ་ལ། ཕྱིས་སུ་ཁང་སྲུང་མ་གཏོགས་སློབ་ཕྲུག་དང་དགེ་རྒན་ཚང་མ་ཝར་ཎ་མཐོ་སློབ་ཏུ་སྤོས་པ་མ་ཟད། མཐའ་ན་བྷུན་ཏར་དགེ་འོས་སློབ་ཁང་གི་ལས་ཁུངས་ཀྱང་ཝར་ཎ་མཐོ་སློབ་ཏུ་བཙུགས་ཡོད། གྲོས་ཚོགས་སྐབས་བརྒྱད་པ་དང་། དགུ་པ། བཅུ་པ་བཅས་སུ་ཤེས་རིག་བཀའ་བློན་གྱིས་ “སློབ་ཚན་རེ་ཟུང་ཝར་ཎ་མཐོ་སློབ་རང་དུ་སློབ་དགོས་པར་སོང་། གནས་སྐབས་རིང་སློབ་སྦྱོང་ཆེད་དུ་སོང་” བ་ཡིན་ཚུལ་གསུངས་ཀྱང་། ད་ལྟ་ད་དུང་ཡང་ཁོང་ཚོ་ཕྱིར་མི་ལོག་པའི་རྒྱུ་མཚན་གང་རེད་དམ། ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦ གི་སྔོན་རྩིས་ནང་བྷུན་ཏར་དགེ་འོས་སློབ་ཁང་དུ་སློབ་མ་གསར་བསྡུའི་ཆེད་དངུལ་འབོར་འབུམ་ཕྲག་ཁ་ཤས་བཀའ་ཁྲོལ་ཞུས་ཡོད་པ་ལ། དཔལ་འབྱོར་བཀའ་བློན་དང་གྲོས་འདོན་པ་ཡུ་རོབ་སྤྱི་འཐུས་ཟུར་པ་ཕ་ར་སི་བསོད་ནམས་ལགས་བཀའ་བསྡུར་གྱིས། སྔོན་རྩིས་བཀའ་ཁྲོལ་མ་གནང་བའི་སྐོར་དཔལ་འབྱོར་བཀའ་བློན་མཆོག་གིས་བཀའ་ཤག་ལྷན་རྒྱས་ལ་སྙན་གསེང་ཞུས་ཡོད་པ་རེད། དེར་བརྟེན་ ༢༠༡༦ ལོར་བྷུན་ཏར་དགེ་འོས་སློབ་ཁང་དུ་སློབ་མ་བསྡུ་བཞེས་གནང་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་འདུག ད་ནི་དངོས་གྲུབ་མ་བྱུང་ནའང་རྫོག་མགོ་གློད་རོགས་ཟེར་བའི་དཔེ་ལྟར། སློབ་ཁང་གསར་རྒྱག་དང་སློབ་མ་གསར་བསྡུ་མ་བྱུང་ནའང་། ད་ལྟ་སྐབས་བབས་སུ་སྦྱོང་བརྡར་སྤྲོད་བཞིན་པའི་དགེ་རྒན་འོས་སྦྱོང་བ་དེ་དག་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་ ༡༡ པའི་དགོངས་དོན་བཞིན་གསོ་སྐྱོང་བྱེད་པར་མ་འབད་ཚེ། ང་ཚོས་ལས་མེད་ཁྱུ་ཚོགས་ཤིག་གསོ་བར་སྒོར་མོ་ས་ཡ་མང་པོའི་འགྲོ་སོང་གཏོང་བ་དང་གཉིས་སུ་མ་མཆིས་སོ།།
༣། བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོ་བྱེད་པའི་སྐོར།
ནང་སྲིད་ལས་ཁུངས་སུ་ལས་འཆར་གལ་འགངས་ཆེ་བ་གཉིས་ཡོད་པ་ལས། གཞིས་ཆགས་སྲ་བརྟན་སྐོར་སྐབས་སྔ་མ་དག་ལ་གང་མང་གླེང་ཟིན་པས། ཀློག་པ་པོའི་མིག་ལ་ངལ་གསོ་སྦྱིན་པའི་ཆེད། འདིར་གལ་འགངས་ཆེ་བའི་ལས་གཞི་གཉིས་པ་བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོ་བྱེད་ཕྱོགས་སྐོར་སྙིང་བསྡུས་ཤིག་གླེང་བར་བྱ། དེའང་ ༢༠༠༧ ལོའི་ཟླ་བཅུ་པའི་ཟླ་མཇུག་ཏུ་བོད་མི་རྣམས་ལ་བཀའ་དྲིན་གཞལ་དུ་མེད་པ། ཚེ་རབས་ཀུན་གྱི་མགོན་སྐྱབས་དང་དཔུང་གཉེན་དམ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌར་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་སྐབས། ཁེ་ན་ཌའི་སྲིད་བློན་མཆོག་ལ་དཀའ་ངལ་ཅན་གྱི་སྐྱབས་བཅོལ་བོད་མི་གང་འཚམས་ཤིག་ཁེ་ན་ཌར་ལེན་ཐབས་འབོད་སྐུལ་མཛད་པ་བཞིན། སྲིད་བློན་མཆོག་ནས་དམིགས་བསལ་ཐུགས་འགན་བཞེས་ཏེ། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ནང་ཁེ་ན་ཌ་གཞུང་ཕྱོགས་ནས། བོད་མི་ཆིག་སྟོང་ཨ་རུ་ན་ཅལ་ཁོངས་ནས་ལེན་རྒྱུའི་ཐག་གཅོད་དང་གསལ་བསྒྲགས་གནང་བ་དང་། དེ་ལྟའི་གསལ་བསྒྲགས་གནང་རྗེས། བོད་མིའི་སྒྲིག་འཛུགས་ནས་ལས་དོན་དེའི་ཆེད་ཚོགས་ཆུང་ཟུར་འཛུགས་དང་། ཁྱབ་བསྒྲགས་རྒྱ་ཆེར་གནང་བ་རེད།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༧ ཉིན་ཁེ་ན་ཌའི་གཞུང་ནས་”གཞིས་སྤོས་དང་སྐྱབས་བཅོལ་གྱི་རྩ་ཁྲིམས་དོན་ཚན་ ༢༥།༢” འོག་ཨ་རུ་ན་ཅལ་ཁུལ་གྱི་བོད་མི་ཁག་ཅིག་ཁེ་ན་ཌར་གཞིས་སྤོས་བྱེད་ཕྱོགས་དང་འབྲེལ་བའི་འཕྲལ་སེལ་སྲིད་བྱུས་ཤིག་ཟུར་བཀོད་ཞུས་པ་རེད། སྲིད་བྱུས་དེའི་དགོངས་དོན་བཞིན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༠ ཉིན་ནང་སྲིད་ལས་ཁུངས་ཀྱིས་ཨ་རུ་ན་ཅལ་གཞིས་ཁོངས་ནས་བོད་མི་ཆིག་སྟོང་ཕྱི་ལོ་ ༢༠༡༦ ནང་ཚུད། ལོ་ལྔའི་ནང་གཏོང་ལེན་བྱ་རྒྱུའི་གཞུང་འབྲེལ་རྩ་འཛིན་ཡིག་ཆ་ཞིག་གཏན་འབེབས་གནང་ཡོད། ཁེ་ན་ཌའི་གཞུང་གི་དུས་བཀག་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༧ ཉིན་ལོ་ལྔའི་དུས་ཡུན་ཡོངས་སུ་རྫོགས་ཀྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༦ པའི་ནང་ལས་འཆར་དེ་མཇུག་བསྒྲིལ་བྱ་རྒྱུ་ཡིན་ཚུལ་གསུངས་ཡོད་པས། མ་མཐར་ཡང་ཟླ་གསུམ་ནང་ཚུད་དུ་ལས་གཞི་དེ་ཡོངས་སུ་མཇུག་བསྒྲིལ་དགོས་ཀྱི་ཡོད། འོན་ཀྱང་ཕྲན་གྱིས་ཤེས་ཚོད་བྱས་ན། གཞིས་སྤོས་ལས་འཆར་དེའི་ནང་རྒྱན་ཤོག་ཐོབ་པ་མི་ ༩༠༠ ཉེ་བ་ཞིག་ཡོད་པ་ལས། བརྒྱ་ཆ་ ༦༠ ཙམ་ད་དུང་ཡང་གཏོང་རྒྱུ་ལྷག་ཡོད་པ་དང་། ལྷག་འཕྲོས་མི་དེ་དག་ལས་མང་དག་ཅིག་གིས་འདི་ལོར་སུད་འཚོང་ལའང་མ་སོང་བར་ངང་སྒུག་བྱེད་བཞིན་ཡོད་པ་ཐོས་པས། དངོས་གྲུབ་མ་བྱུང་ནའང་རྫོང་མགོ་གློད་རོགས་ཞེས་པའི་དཔེ་ལྟར། ཡང་སྙིང་ལྷག་འཕྲོས་མི་དེ་དག་དུས་བཀག་ནང་ཚུད་དུ་ཁེ་ན་ཌར་གཞིས་སྤོས་ཐུབ་མིན་གྱི་ལན་གསལ་ཞིག་མ་གནང་ཚེ། ཕར་རིའི་ལྕི་བ་མེད་པ་དང་། ཚུར་རིའི་སླེ་པོ་མེད་པའི་གནས་སྟངས་ཤིག་ལ་སྐྱེལ་ཉེན་འདུག་གོ།
༤། སྨན་བཅོས་ལྟ་སྐྱོང་ལས་གཞི།
འཕྲོད་བསྟེན་ལས་ཁུངས་ཀྱི་མིག་སྔའི་ལས་འཆར་གལ་འགངས་ཆེ་ཤོས་ནི་ “སྨན་བཅོས་ལྟ་སྐྱོང་ལས་གཞི་” རེད། དེའང་བཙན་བྱོལ་བོད་མི་རྣམས་ནད་གཞི་ཚབས་ཆེ་དང་ཛ་དྲག་རིགས་བྱུང་སྐབས། སྨན་ཁང་ཆེ་ཁག་ལ་སྨན་བཅོས་རིམ་པ་གཉིས་པ་དང་གསུམ་པ་བྱེད་པར་སྐྱོད་དུས། དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་པས། དེའི་ཆེད་དམིགས་བསལ་སྲིད་བྱུས་ཤིག་དགོས་སྐོར་ཞུས་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ “བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྲིད་བྱུས་” གཏན་འབེབས་གནང་ཡོད། སྲིད་བྱུས་དེའི་འོག་སྨན་བཅོས་ལྟ་སྐྱོང་ལས་གཞི་ཞེས་པ་ཞིག་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ནས་མགོ་འཛུགས་ཀྱིས་སྤེལ་ཞིང་། ད་ཆ་ལོ་༤ ཙམ་འགྲོ་གི་ཡོད།
འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན་ད་བར་བོད་མི་ ༤༩༠༠༠ ཡིས་ལས་གཞི་དེའི་ནང་ཐོ་འགོད་བྱས་ཡོད་པ་དང་། ནད་པ་ ༢༠༠༠ ཙམ་ལ་སྨན་བཅོས་མཐུན་སྦྱོར་ཞུས་ཡོད་སྐོར་འཁོད་ཡོད། ལས་གཞིའི་འདིའི་ཐོ་འགོད་མཐའ་མ་དེ་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༠ ཟླ་ ༢ ཚེས་ ༢༩ བར་གནང་ཡོད་ཅིང་། དེའི་གྲངས་ཐོ་ཁག་སླེབས་ལ་ཉེ་བའི་གྲོས་ཚོགས་སུ་སྙན་གསེང་ཞུ་འཆར་ཡོད་པ་རེད། གོང་གསལ་གྲངས་ཐོར་བལྟས་ན་ཐོ་འགོད་བྱས་པའི་བསྡུ་དངུལ་གྱིས་སྨན་བཅོས་མཐུན་སྦྱོར་གྱི་འགྲོ་གྲོན་ཁ་བསྡུམས་དགོས་པའི་གནས་སྟངས་ཤིག་དགོས་ངེས་ཡིན། འོན་ཀྱང་ཕྲན་གྱིས་ཤེས་གསལ་ལྟར་ན། བསྡུ་དངུལ་དེ་དག་གིས་སྨན་བཅོས་འགྲོ་གྲོན་གསབ་རྒྱུ་ལྟ་ཅི། གཞུང་གི་བང་མཛོད་ནས་འགྲོ་སོང་མང་པོ་བཏང་སྟེ་དཔལ་འབྱོར་བཀའ་བློན་ཧང་སང་བའི་གནས་ཚུལ་ཐོན་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་རོགས་ཚོགས་ནས་འཕྲོད་བསྟེན་ལས་ཁུངས་ལ་ཨ་སྒོར་ས་ཡ་ ༣ དང་འབུམ་ ༢ ཀྱི་རོགས་དངུལ་གནང་བས། རོགས་དངུལ་དེ་དག་ཕལ་ཆེ་བ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་གུན་གསབ་ཏུ་སྤྱད་དེ། གྲོན་དངུལ་ཁ་མ་བསྡུམས་པའི་གནས་ཚུལ་དེ་འཇམ་ཐིང་ངེར་ཡལ་བཅུག་པའི་བྱ་ཐབས་སྤྱད་པ་རེད། མ་གཞི་ཨ་རིའི་རོགས་དངུལ་དེ་དག་ནི་ལོ་ ༡ དང་ ༢ ནང་ངེས་པར་འགྲོ་སོང་གཏོང་དགོས་པ་ལས། གཞུང་གི་བང་མཛོད་ནང་གསོག་ཉར་ཐུབ་པའི་དངུལ་ཞིག་མིན་སྟབས། འཕྲལ་སེལ་གྱི་བྱ་ཐབས་ཤིག་སྤྱད་པ་ཡིན་ངེས། འོན་ཀྱང་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྲིད་བྱུས་ནི། འཕྲལ་ཕུགས་རྒྱང་གསུམ་གྱི་དགོས་པར་དམིགས་ཏེ། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པས། དེའི་ལས་གཞི་ཡང་འཕྲལ་ཕུགས་རྒྱང་གསུམ་ལ་ངེས་པར་ཕན་པ་ཞིག་ལོས་དགོས།
འཕྲོད་བསྟེན་ལས་ཁུངས་ནས་བར་ལམ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འོག་བསྡུ་དངུལ་ཆག་ཡང་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། དེའི་ནང་གཉན་གནད་རེག་ཐུག་ཡོད་པའི་ནང་མི་(གཉན་གནད་རེག་དུག་གི་ནད་གཞི་ནད་པ་མི་ཚུད།)དང་། དབང་པོ་སྐྱོན་ཅན་གྱི་ནང་མི།(དབང་པོ་སྐྱོན་ཅན་གྱི་གང་ཟག་མི་ཚུད།) སེམས་ཁམས་འཁྲུག་པའི་ནད་ཕོག་པའི་ནང་མི།(སེམས་ཁམས་འཁྲུགས་པའི་ནད་པ་མི་ཚུད།) ཅེས་གསལ་ཡོད་པ་རེད། གསལ་བསྒྲགས་འདི་ལ་བལྟས་ན། ནད་ཀྱིས་མནར་བཞིན་པའི་གང་ཟག་དེ་དག་ལ་སྨན་བཅོས་ཆག་ཡང་གི་མཐུན་རྐྱེན་འདི་དག་ཐོབ་ཀྱི་མེད་པ་གསལ་པོར་ཤེས་ཐུབ། “བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྲིད་བྱུས་” ཐོག་མར་གཏན་འབེབས་གནང་སྐབས། ནད་གཅོང་དག་ལ་དམིགས་སུ་འཛིན་ཡོད་པ་མ་ཟད། ཨ་རིའི་རོགས་དངུལ་གྱི་སྲིད་བྱུས་ནང་དུའང་ནད་གཅོང་ཚོའི་བདེ་སྡུག་ལ་ལྟ་རྟོག་དགོས་སྐོར་གསལ་པོར་འཁོད་ཡོད་པས། ཡང་སྙིང་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་འོས་འཚམ་ཡིན་མིན་ལ་ངེས་པར་བསྐྱར་ཞིབ་བྱ་དགོས་པར་སྙམ། དངོས་གྲུབ་མ་བྱུང་ནའང་རྫོག་མགོ་གློད་རོགས་ཞེས་པ་ལྟར། སྨན་བཅོས་ལྟ་སྐྱོང་ལས་གཞི་འདིས་བཙན་བྱོལ་བོད་མི་ཡོངས་ཀྱི་འཕྲོད་བསྟེན་གྱི་འགན་སྲུང་མ་ཐུབ་རུང་། མ་མཐར་ཡང་ནད་ཀྱིས་མནར་བའི་ནད་གཅོང་ཚོའི་བདེ་སྡུག་ལ་ལྟ་རྟོག་མ་ཐུབ་ཚེ། ལྟོགས་དུས་སྤགས་ཀྱིས་མ་ཕན་ན། ཞིང་ཆུང་རམ་པས་ཁེངས་ཀྱང་ཁེངས། ཞེས་པའི་དཔེ་རུ་འགྱུར་ངེས་སོ།།
༥། དུས་འཁོར་དབང་ཆེན་དང་འབྲེལ་བའི་སྐོར།
བཀའ་ཤག་སྐབས་ ༡༥ པའི་ལས་དོན་ནང་ནས་གལ་འགངས་ཆེ་བ་གཅིག་ནི་ཕྱི་ལོ་ ༢༠༡༦ ལོར་དུས་འཁོར་དབང་ཆེན་གོ་སྒྲིག་བྱ་རྒྱུ་དང་། དེའི་གོ་སྒྲིག་གི་ལས་དོན་གཙོ་བོ་ཆོས་རིག་ལས་ཁུངས་ཀྱིས་འགན་འཁུར་བཞེས་པ་རེད། འོན་ཀྱང་དུས་འཁོར་དབང་ཆེན་དེ་གནས་སྟངས་མང་པོ་ཞིག་ལ་བརྟེན་ནས་ཕར་འགྱང་བྱ་དགོས་བྱུང་། ཕར་འགྱང་བྱེད་སྟངས་ཐད། བཀའ་ཤག་གིས་ཡར་ཞུས་པ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་མར་བཀའ་ཕེབས་སྐོར་གྱི་གཞུང་འབྲེལ་གསལ་བསྒྲགས་སྔ་ཕྱི་རིམ་པ་གཉིས་བྱུང་ཞིང་། གསལ་བསྒྲགས་ཐོག་མ་དེ་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་བཀའ་ཡི་བློན་པོ་ཁག་ཅིག་གིས་གནང་བ་དང་། གསལ་བསྒྲགས་གཉིས་པ་དེ་བཀའ་ཤག་གི་མཚན་ཐོག་ནས་དྲུང་ཆེ་ཁག་ཅིག་གིས་གནང་བ་རེད། དངོས་ཡོད་གནས་ཚུལ་གང་ཡིན་མིན་མང་ཚོགས་ཀྱིས་ད་ལྟ་ད་དུའང་གསལ་པོར་ཤེས་ཀྱི་མེད་མོད། གང་ལྟར་འདི་ལོར་དུས་འཁོར་དབང་ཆེན་གོ་སྒྲིག་ཞུ་ཐུབ་མེད་པ་ནི་ལྷོ་འཛམ་བུ་གླིང་གི་སྐྱེ་འགྲོ་ཚང་མས་ཤེས་ཀྱི་ཡོད། ཕྲན་གྱིས་ཤེས་འདོད་པ་ནི་ཡང་སྙིང་ཆོས་རིགས་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༦-༡༧ གྱི་སྔོན་རྩིས་ནང་དུས་འཁོར་དབང་ཆེན་ཆེད་སྔོན་རྩིས་བཀའ་ཁྲོལ་ཞུས་ཡོད་དམ་སྙམ་པ་པདེ་ཡིན། གལ་ཏེ་རྩིས་ལོ་གསར་པའི་ནང་དུས་འཁོར་དབང་ཆེན་ཆེད་སྔོན་རྩིས་བཀའ་ཁྲོལ་ཞུས་ཡོད་ན། བཀའ་ཤག་གིས་སླར་ཡང་དུས་འཁོར་དབང་ཆེན་ཕར་འགྱང་མི་འགྲོ་བའི་ཆེད། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ ༢༠༡༦-༡༧ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཉུང་འཕྲི་ཡོང་བའི་གསོལ་འདེབས་ཞུས་ཡོད་མེད་རྟོག་ཞིབ་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན། གལ་ཏེ་དེ་ལྟའི་སྔོན་ཚུད་ཀྱི་གྲ་སྒྲིག་ཅིག་གནང་མེད་ཚེ། གྲོས་ཚོགས་ནས་ཐེངས་འདིར་སྔོན་རྩིས་བཀའ་ཁྲོལ་གནང་རྒྱུར་ཐེ་ཚོམ་གནང་མི་སྲིད་པ་མ་རེད། མདོར་བསྡུས་ན། དངོས་གྲུབ་མ་བྱུང་ནའང་རྫོག་མགོ་གློད་རོགས་ཞེས་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་མིང་ཐོག་ནས་བཀའ་ཤག་གིས་དུས་འཁོར་དབང་ཆེན་གོ་སྒྲིག་ཞུ་མ་ཐུབ་རུང་། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཛད་དཀའ་མི་ཡོང་བ་ཞིག་བྱ་རྒྱུ་ནི། གལ་ཆེའི་ནང་གི་དོན་ཆེ་ཡིན་ནོ།།
༦། བཀའ་ཤག་གི་གསུང་འཕྲིན་དང་འབྲེལ་བའི་སྐོར།
དེ་སྔ་བོད་མིའི་རང་དབང་སྒེར་ལངས་དང་། བོད་མིའི་མང་གཙོའི་དུས་ཆེན། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་སོགས། གཞུང་འབྲེལ་མཛད་སྒོ་ཁག་ལ་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་ཕེབས་ཀྱི་ཡོད་ཅིང་། བཀའ་ཤག་གི་གསུང་འཕྲིན་གྱི་མཚན་བྱང་དུ་“བཀའ་ཤག་གི་གཏམ་བཤད་” དང་། མཇུག་ཏུ་བཀའ་ཤག་གིས་ཕྱི་ལོ་x ཟླ་x ཚེས་x ལ། ཞེས་འགོད་ཀྱི་ཡོད། འོན་ཀྱང་ཕྱི་ལོ་༢༠༡༢ ནས་བཟུང་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཁག་ར་ཐོན་ལུག་ཐོན་གྱིས་གཅིག་འགྱུར་མེད་པར་གྱུར་འདུག དེའང་། ཕྱི་ལོ་ ༢༠༡༢ ལོར་གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཐོག་སྤེལ་བའི་བཀའ་བློན་ཁྲི་པའི་ཡོངས་ཁྱབ་གཏམ་བཤད། བཀའ་བློན་ཁྲི་པ་བློ་བཟང་སེང་གེས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ལ། ཞེས་དང་། ཕྱི་ལོ་ ༢༠༡༣ གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་སྤེལ་བའི་དཔལ་ལྡན་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་བཤད། སྲིད་སྐྱོང་བློ་བཟང་སེང་གེས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ལ། ཞེས་པ། ཕྱི་ལོ་ ༢༠༡༤ གསུམ་བཅུའི་དུས་དྲན་ཐེངས་ ༥༥ པའི་ཐོག་སྤེལ་བའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཡོངས་ཁྱབ་གསུང་བཤད། སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༠ ལ། ཞེས་པ། ཕྱི་ལོ་ ༢༠༡༥ གསུམ་བཅུའི་དུས་དྲན་ཐེངས་ ༥༦ པའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤེལ་བའི་ཡོངས་ཁྱབ་གསུང་བཤད། སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༠ ལ། ཞེས་པ། ཕྱི་ལོ་ ༢༠༡༦ གསུམ་བཅུའི་དུས་དྲན་ཐེངས་ ༥༧ པའི་ཐོག་སྤེལ་བའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཡོངས་ཁྱབ་གསུང་བཤད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༠ ལ། ཞེས་པ་བཅས། ལོ་ལྔའི་རིང་གསུང་འཕྲིན་གྱི་མཚན་བྱང་དང་མཚན་འགོད་མི་འདྲ་བ་བཞི་ཙམ་བྱུང་ཡོད་ཅིང་། དེའི་ནང་”བཀའ་ཤག་གི་གསུང་འཕྲིན་དང་། བཀའ་ཤག་གིས།” ཞེས་པ་ཞིག་མཇལ་རྒྱུ་མེད། བཀའ་ཤག་གི་གསུང་འཕྲིན་དེ་བཀའ་ཁྲིའམ་སྲིད་སྐྱོང་གི་གསུང་འཕྲིན་དུ་བསྒྱུར་བའི་ཐག་གཅོད་ཆེན་པོ་དེ། སྡེ་ཚན་ནམ་གང་ཟག་སུ་ཞིག་གིས་དུས་ནམ་ཞིག་ལ་གནང་བ་རེད་དམ། ངས་ནི་སྲིད་སྐྱོང་གི་གསུང་འཕྲིན་དེ་གང་ཟག་སྒེར་པ་གཅིག་གི་དགོངས་ཚུལ་ཡིན་ནམ། ཡང་ན་བཀའ་ཤག་གི་དགོངས་ཚུལ་གང་ཡིན་ད་དུང་ཡང་མ་ཤེས་པར་ལྷག་ཡོད། ད་སྔ་གྲོས་ཚོགས་སུ་འདིའི་སྐོར་གླེང་བ་མ་ཐོས་པས། ཐེངས་འདིར་འདིའི་སྐོར་ངེས་པར་གླེང་བའི་རེ་འདུན་འཆང་གི་ཡོད།
༧། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་དང་འབྲེལ་བའི་སྐོར།
བོད་མིའི་སྒྲིག་འཛུགས་ལ་ལེའུ་བཅུ་གསུམ་དང་། དོན་ཚན་ང་བརྒྱད་ཅན་གྱི་བླང་དོར་སྒྲིག་གཞི་ཞིག་ཡོད་ཅིང་། ལེའུ་དང་པོའི་དོན་ཚན་བཞི་པའི་དགོངས་དོན་ལྟར། སྒྲིག་གཞི་འདི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་ཡོངས་ལ་ཁྱབ་པ་ཡིན། དུས་རྒྱུན་དྲུང་ཆེ་རྣམ་པ་དང་། སྡེ་ཚན་འགན་འཛིན་རྣམས་ཀྱིས་གཤམ་འོག་ལས་བྱེད་ཚོར་སྲི་ཞུའི་ལས་བྱེད་པའི་བླང་དོར་སྒྲིག་གཞི་ཁག་ལས་མི་འགལ་བར་མཛུབ་སྟོན་ཡང་ཡང་གནང་གི་ཡོད་ཅིང་། སྒྲིག་གཞི་དང་འགལ་རིགས་ལ་སྐབས་མཚམས་སོ་སོར་ཆད་པ་ནན་པོ་གཅོད་ཀྱི་ཡོད། དེ་ནི་སྒྲིག་འཛུགས་སྲ་བརྟན་དང་ལས་དོན་ཚགས་ཚུད་ཡོང་བར་ངེས་པར་དགོས་ངེས་ཤིག་རེད་སྙམ།
དེའང་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ནང་གསེས་ད་པར། སྤྱི་འཐུས་དང་། གནད་ཡོད་མི་སྣ་འོས་འདེམས་བྱེད་སྐབས་རང་གི་འོས་འཕེན་གྱི་ཐོབ་ཐང་ལེན་རྒྱུ་ལས་གཞན་ལ་དབང་ཚད་ནུས་ཤུགས་བེད་སྤྱོད་དམ། སྐུལ་སློང་བརྡ་སྟོན། འོས་བསྡུ་དང་འབྲེལ་བའི་ཆབ་སྲིད་ཀྱི་ཚོགས་འདུ་དང་བགྲོ་གླེང་ནང་ཞུགས་པ་ལྟ་བུའི་ཐེ་བྱུས་རིགས་གང་ཡང་བྱེད་མི་ཆོག་ཅེས་གསལ་ཡོད་པ་རེད། འོན་ཀྱང་བར་ལམ་ཨ་རིའི་བརྙན་འཕྲིན་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་ཀྱིས་གོ་སྒྲིག་བྱས་པའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་བགྲོ་གླེང་ནང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཕལ་ཆེ་བ་ཕེབས་ཏེ་ཆ་ཤས་བླངས་ཡོད་པ་བརྙན་པར་ཁག་ནང་གསལ་པོར་གཟིགས་རྒྱུ་ཡོད་པས། དེ་ནི་གོང་གསལ་སྒྲིག་གཞིའི་དགོངས་དོན་དང་དངོས་སུ་སྒྲིག་འགལ་བྱུང་བ་ཞིག་ཡིན། དེ་ལྟར་ནའང་་ལས་བྱའི་སྡེ་ཚན་གྱི་སྲི་ཞུ་བ་ཚོར་ཉེས་ཆད་འགེལ་བ་བཞིན། ཁོང་རྣམ་པར་ཡང་སྒྲིག་གཞི་གཅིག་མཚུངས་སུ་ལག་བསྟར་བྱས་པའི་གནས་ཚུལ་ཞིག་ད་བར་ཁོ་བོས་མཐོང་ཐོས་མ་བྱུང་བས། སླེབས་ལ་ཉེ་བའི་གྲོས་ཚོགས་ཐོག་སྒྲིག་འགལ་བྱེད་མཁན་རྣམས་ལ་བཀའ་ཤག་གིས་ཐག་གཅོད་ཇི་གནང་གི་གསལ་བཤད་མཐིལ་ཕྱིན་གནང་རྒྱུའི་རེ་བ་བཅངས་བཞིན་ཡོད། དེ་མིན་གྲལ་མགོ་ནས་སྟོད་ཧྲེང་ཕུད་ན། གྲལ་གཞུག་ནས་སྨད་ཧྲེང་འབུད་པའི་དཔེ་ལྟར། ཉིན་ཞིག་རི་ལུག་པ་ཐག་པས་མི་འདུམ་པའི་དུས་ཤིག་འཆར་ངེས་སོ། །
མཇུག་གཏམ།
གཞུང་འཛིན་ཆབ་སྲིད་པ་ནི་ལོ་ཤས་དང་། ཐ་ན་ཟླ་ཤས་ནང་འགྱུར་བ་འགྲོ་ངེས་པ་ཞིག་རེད། འོན་ཀྱང་རང་རེའི་སྒྲིག་འཛུགས་འདི་སྲ་བརྟན་དགོས་པ་དང་། སྒྲིག་འཛུགས་འདིའི་ལས་དོན་ཁག་ནི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པ་ཞིག་ངེས་པར་དགོས་པས། རང་རེས་རྩ་བ་བོར་ནས་ཡལ་གར་འཇུ་བའི་ངང་ཚུལ་དོར་ནས། རྣམ་དཔྱོད་གྱི་དཔལ་འབར་བའི་ཐུ་བྷོད་མི་རིགས་ཀྱི་གཟི་བརྗིད་བསྐྱར་གསོ་ཡོང་བར་གཞེན་སྐུལ་ཞུ་རྒྱུ་ཡིན། ཇཡཇགཏ། །
“སྲིད་སྐྱོང་གི་གསུང་འཕྲིན་དེ་གང་ཟག་སྒེར་པ་གཅིག་གི་དགོངས་ཚུལ་ཡིན་ནམ། ཡང་ན་བཀའ་ཤག་གི་དགོངས་ཚུལ་གང་ཡིན་ད་དུང་ཡང་མ་ཤེས་པར་ལྷག་ཡོད།” ཅེས་པའི་གནད་དོན་འདི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་བཀའ་བློན་ཟུར་པ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་གྲོས་ཚོགས་ནང་གླེང་སོང་།
རང་རེའི་སྤྱི་ཚོགས་ནང་དུ་གནད་ལ་འཁེལ་ཞིང་ནང་དོན་ཟབ་པའི་དཔྱད་བརྗོད་སྤེལ་མཁན་ནི་ཉིན་མོའི་སྐར་མ་ལྟ་བུ་རེད། དེའི་ཁྲོད་ནས
ཁང་གསར་རྡོ་རྗེ་དང་ཞང་བློན། སྐལ་བཟང་རྣམ་རྒྱལ་ཟེར་བ་གསུམ་གྱི་མིང་གློ་བུར་དུ་དྲན་སོང། ཁོང་ཅག་ནི་ང་ཆོར་མཁོ་བའི་ནོར་བུ་རེད། འདི་ལྟ་བུའི་ཆོལ་ཁ་དང་ལུང་ཚན་གྱི་དུག་དྲི་མེད་པའི་ཐོག་ནས་སྤྱི་དོན་སེམས་བཅངས་ཀྱིས་དཔྱད་བརྗོད་སྤེལ་བར་སྙིང་ཁོངས་ནས་རྗེས་སུ་ཡི་རངས་ཞུ། ང་དང་ང་འདྲའི་བླུན་རྨོངས་རྣམས་ཀྱིས་དེ་ཚོར་སློབ་སྦྱོང་བྱེད་དགོས་ཀྱི་འདུག
བདེན་ནོ།
དུས་རྒྱུན་བོད་རིགས་ནང་ཁུལ་ལ་སྡང་ཟུག་ཆེ་བའི་ཕྱོགས་རེས་ཅན་རྣམས་ཀྱི་མཐོ་བཤད་དམའ་བཤད་དང་མི་འདྲ་བར། དོན་གྱི་གནད་བཟུང་སྟེ། རང་གི་རིགས་ལ་ཞེན་པའི་ལམ་སྟོན་གྱི་དཔྱད་བརྗོད་ཚད་ལྡན་ཞིག་སྤེལ་འདུག ངེས་དོན་གྱིས་བོད་ལ་བློ་དཀར་མཁན་ཚོར་སེམས་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་རེད།
ངས་མཆན་གཅིག་བཏབ་ཡིན། འོན་ཀྱང་འཆར་རྒྱུ་མི་འདུག མཆན་ལ་ཤས་ལ་མི་འཆར་བ་ཅི་ཡིན། ཕལ་ཆེར་དྲ་ཚིགས་ནང་མཆན་༢༠ ཡན་མི་ཤར་བ་བཟོས་ཡོད་པ་འདྲ། དེ་དྲ་ཚིགས་ཀྱི་བཟོ་འགོད་ཀྱི་སྐྱོན་མིན་ནམ་སྙམ་པས་གཟིགས་པར་འཚལ།
ཞང་གློན་གྱིས་རྣམ་དཔྱོད་སྤྱི་ལ་བསམས་ནས་རྒྱུ་མཚན་ལུང་དུ་འདྲེན་ཏེ་མ་འོངས་བྱ་ཕྱོགས་ནང་དེ་ལྟ་བུའི་ནོར་ལམ་དུ་མུ་མཐུད་མི་འགྲོ་བར། སྟེང་འོག་བར་གསུམ་ལ་སྤྱི་སྨན་ཐད་འདྲོང་གནང་འདུག་པས། རྗེས་སུ་ཡིད་རང་དང་། གཤམ་ཏུ་མཆནཆུ་དྲི་ཁ་བ་ཇི་ལྟར་བཏབ་ཀྱང་། མིས་ཙམ་མ་ཟད་ཁྱིས་ཀྱང་མི་འཐུང་བར་གྱུར་འདུག
ཞང་བློན་མིང་ཐོག་བཏང་བའི་རྩོམ་ཡིག་འདི་མི་གཅིག་གིས་བྲིས་པ་ཞིག་མ་རེད། ཁ་ཕྱི་གཏད་དང་བྲོད་པ་ནང་གཏད་ཀྱི་གཞུང་ཞབས་རྙིང་པ་སྐོར་ཞིག་གིས་མ་རུང་ཁོག་བཅངས་དང་། ནད་རྙིང་བསྐྱར་སློང་། སྒེར་ནད་སྤྱི་ཐོག་ཏུ་སྤུངས་པ་ཞིག་རེད།
རྒྱ་ནག་གཞུང་ལ་ལན་འདེབས་ཆེད་འདི་འདྲ་དུས་ཚོད་གཏོང་བ་དང་འདི་ལྟ་བུའི་འཆར་གཞི་ལྡན་པའི་སྒྲིག་འཛུགས་ཤིག་བྱུང་ན་ཅི་མ་རུང་།
མི་འདི་ཚོ་གྲས་ཕ་མེས་ཡངས་མེས་དུས་ནས་དགྲ་བོ་རྒྱ་ནག་གཞུང་ལ་མེ་མདའ་མདེའུ་ཞིག་ཕར་བཞག་མཛུབ་མོ་ཞིག་སྟོན་མ་མྱོངས་དང་སྟོན་མ་ཕོད་པའི་གྲས་རེད།
འདི་ནས་ཁ་རྒྱག་པ་འདྲ་ཞིག་བཤད། མི་འདི་ཚོ་གྲས་ངོ་ཚ་ཟེར་བ་ཞིག་གཏན་ནས་མི་འདུག
གཉན་གནད་རེག་དུག་གི་ནད་གཞིའི་སྐོར་འཕྲོད་ལས་ནས་ཟུར་དུ་འཐུས་སྒོ་ཚང་བའི་ལས་གཞི་དང་ལྟ་རྟོགས་དེ་འདྲ་ཡོད་མིན་མི་ཤེས་ཀྱང་། དེ་སྔ་གདམ་ཀ་ཞེས་པའི་ཚོགས་པ་ཞིག་ཡོད་འདུག་ཀྱང་། དེང་ཚོགས་པ་དེ་མིང་གི་ལྷག་མ་ཙམ་དུ་གྱུར་ཟིན་པ་རེད། གཉིས་ནས་རྒྱ་གར་ལྷོ་གཞིས་ཆེ་ཁག་ཏུ་གཉན་ནད་རེག་དུག་ཅན་གྱི་ནད་པ་སྤྱི་ཚོགས་ཐོག་རང་ཉིད་མདུན་དུ་ཐོན་ནས། རོགས་སྐྱོར་འཚལ་མཁན་ཕོ་མོ་གྲངས་སུམ་ཅུ་ཙམ་ཞིག་གིས་འཕྲོད་ལས་ལ། སྔ་ཕྱིར་བདེ་སྡུག་ཞུས་ཀྱང་ཕུགས་རྒྱང་རིང་པོའི་གཟིགས་རྟོགས་ཤིག་གནང་གི་མེད་པར་ནད་པ་ཚོའི་ངག་ནས་ཐོས་རྒྱུ་འདུག་ལ། ལོ་སྔོན་མར་ལྷོ་ཕྱོགས་བཀྲ་ལྷུན་དུ་༸གོང་ས་མཆོག་གི་བཀའ་ཆོས་སྐབས་སུ་དགའ་ལྡན་ཕོ་བྲང་ལ་ནད་པ་རྣམས་ཀྱིས་སྙན་ཞུའི་ལམ་ནས་བདེ་སྡུག་ཞུས་འདུག་ཅིང་། དེ་ཡང་། ནད་པ་ནང་ཕན་ཚུན་རྒན་གཞོན་ལ་ལྟ་རྟོགས་དང་། རང་ཁ་རང་གསོས་ཀྱིས་ལས་གཞི་ཆུང་ཆུང་དེ་འདྲ་སྤེལ་རྒྱུ་སོགས་ལ་དམིགས་ཤིང་། སྤྱི་ཚོགས་ཀྱི་འགན་སྲུང་ལ་ལྟོས་ནས་ཟུར་སྡོད་ཀྱི་ཚོགས་པ་ཞིག་བཙུགས་འདོད་སོགས་ཀྱི་རེ་བ་ཞུས་པ་ཞིང་། དགའ་ལྡན་ཕོ་བྲང་ནས་རོགས་སྐྱོར་དང་༸གོང་ས་མཆོག་ནས་ཚོགས་པའི་མིང་ཡང་གསོལ་བསྩལ་གནང་ཡོད་པར་གོ་རྒྱུ་འདུག དེ་ལྟར་ཡིན་ཚེ། འཕྲོད་ལས་ཀྱི་དེའི་སྟེང་འཐུས་ཤོར་ཞིག་ངང་གིས་ཤོར་བཞིན་ཡོད་པ་ཟུར་བལྟས་ལེབ་མཐོང་རང་རེད།
འདི་ལོའི་འོས་བསྡུའི་རྒྱུན་རིམ་འཕྲོད་མི་ཉུང་ཤས་གཅིག་ནས་ཡང་ནས་བསྐྱར་ཟློས་ཀྱི་དགྲ་དགའ་གཉེན་སྡུག་ཟེར་བའི་ཚིག་དུམ་འདི་བེད་སྤྱོད་སྟངས་ལ་བསམ་ཞིག་བྱས་ཚེ་གྲུབ་འབྲས་གང་འདྲ་ཞིག་ཐོན་གྱི་ཡོད་དམ།
ཞང་གློན་གྱིས་རྣམ་དཔྱོད་སྤྱི་ལ་བསམས་ནས་རྒྱུ་མཚན་ལུང་དུ་འདྲེན་ཏེ་མ་འོངས་བྱ་ཕྱོགས་ནང་དེ་ལྟ་བུའི་ནོར་ལམ་དུ་མུ་མཐུད་མི་འགྲོ་བར་སྟེང་འོག་བར་གསུམ་ལ་སྤྱི་སྨན་ཐད་འདྲོང་གནང་བར་རྗེས་སུ་ཡིད་རང་དང་། གཤམ་འོག་ཏུ་མཆན་ཇི་ལྟར་བཏབ་ཀྱང་ཆུ་དྲི་ཁ་བས། མིས་ཙམ་མ་ཟད་ཁྱིས་ཀྱང་མི་འཐུང་བར་གྱུར་འདུག
དཔྱད་བརྗོད་འདི་འདྲ་ཞིག་འབྲི་བར་དུས་ཚོད་དགོས་ཤིང་། དཀའ་ཚེགས་མང་། དཔྱད་པ་དོན་སྙིང་ལ་ཟུག་པའི་རྣམ་དཔྱོད་དང་། སྤྱི་དོན་རས་སུ་མ་བོར་བའི་ལྷག་བསམ་གྱིས་བྲིས་པའི་དཔྱད་བརྗོད་འདི་འདྲ་ཞིག་བཀླག་རྒྱུ་བྱུང་བར་ཡིད་སེམས་ལ་སྤྲོ་བ་བརྟས།
འབྲི་མཁན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
གཉན་གནད་རེག་ཐུག་ཡོད་པའི་ནང་མི་(གཉན་གནད་རེག་དུག་གི་ནད་གཞི་ནད་པ་མི་ཚུད།)དང་། དབང་པོ་སྐྱོན་ཅན་གྱི་ནང་མི།(དབང་པོ་སྐྱོན་ཅན་གྱི་གང་ཟག་མི་ཚུད།) སེམས་ཁམས་འཁྲུག་པའི་ནད་ཕོག་པའི་ནང་མི།(སེམས་ཁམས་འཁྲུགས་པའི་ནད་པ་མི་ཚུད།) དེ་དག་ལས་འཆར་འདིའི་ནང་མི་ཚུད་པ་ནི། ནད་གཞི་འདི་རིགས་ཕོག་པའི་རིགས་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་ལྟ་སྐྱོང་ཟུར་དུ་གནང་གིས་ཡོད་པར་བརྟེན་ནས་ཡིན་པ་ལས་ལས་འཆར་འདིའི་ཐོབ་ཐང་མ་སྤྲད་པ་ཞིག་མིན་པ་ཡིན་ངེས་ལ་དཔྱད་པ་བྱ་གལ་མཐོང་།
ང་གིས་དུས་ཡུན་རིང་པོར་རྒྱུས་ལོན་བཟོས་པ་དང་ངོ་ཤེས་འགའ་ལ་ཁུང་གཏན་གནས་ཚུལ་དྲི་དུས་ཞང་བློན་ཟེར་ཁན་འདི་མི་ཁེར་གཅིག་མིན་པར་མི་མང་པོ་མཉམ་དུ་བསྡུས་པའི་ཚོགས་པ་གཅིག་རེད་གདའ། ཚོགས་པ་དེའི་མི་ཚང་མ་དེ་སྔ་བོད་གཞུང་ནང་ལས་ཀ་བྱེད་མྱོང་མཁན་ཤ་གཅིག་ཡིན་པ་མ་ཟད་འགོ་གཙོ་བོ་བྱེད་མཁན་དེ་བཀའ་ཤག་གི་དྲུང་འཕར་ལྷ་མོ་ཚེ་རིང་རེད་གདའ་ཟེར། ད་མི་དེ་ཚོས་ཅི་ལས་མི་ཤེས།
མི་སྒེར་གྱི་གནད་དོན་ཚིག་ཟུར་ཙམ་ལ་ཡང་མ་བཤད་པར་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་གསལ་གསལ་ཐིང་ཐིང་ངང་བཤད་ཡོང་དུས། དེ་ལས་སློབ་སྦྱོང་བྱེད་ཡག་ཕར་བཞག་ནས། ཡང་ཞེན་ཁོག་གི་ནད་ཀྱིས་མནར་བའི་མི་ཁ་ཤས་ཀྱིས་རྩོམ་ཡིག་འདི་མི་སྒེར་གྱི་གནད་དོན་ལ་ཕར་དྲུད་འགྲོ་བ་དེས། བླུན་ཞིང་རྨོངས་པའི་སྐྱེ་བོ་ཡིས། །རྟག་ཏུ་གང་ཟག་ཁོ་ན་གླེང་། ཞེས་པའི་མདོག་ངོ་མ་དེ་སྟོན་གྱི་མི་འདུག་གམ།
འདོད་རུང་མ་འདོད་རུང་ཞང་བློན་གྱིས་དེ་སྔ་བྲིས་པའི་དཔྱད་ཞིབ་རྩོམ་ཡིག་རྣམས་ལ་སྤྱི་ཚོགས་ཀྱིས་ཚད་མཐོ་པོའི་གདེང་འཇོག་བྱས་ཡོད་པ་མ་ཟད། སྤྱི་འཐུས་རྣམ་པས་ཀྱང་ལུང་འདྲེན་མང་པོ་གནང་སྟེ་ཤེས་ཡོན་ཚོགས་ཆུང་བཙུགས་ཐུབ་པ་བྱུང་བ་ཤེས་ཀྱི་མེད་པས།
ད་ད་དུང་ཡང་དོན་དངོས་ཀྱི་གནས་ཚུལ་ལ་ཁས་ལེན་བྱ་མ་ཐུབ་ན་སོ་སོས་སོ་སོར་འགྲམ་ལྕགས་ཞུས་ཏེ་ངུས་སྡོད་ལོ།
<> ཞང་བློན་ནས་སོ་ཁ་ར་ཋེའི་སྐད་ཆ་འདི་ལུང་དྲངས་ཚར་དུས་འོག་གི་མཆན་འདེབས་པ་འགའ་ཤས་ལ་སྙིང་རྗེ་ཡང་སྐྱེས།
ད་རང་རིགས་མང་ཚོགས་ཀྱི་སྤྱི་མཐུན་གྱི་བསོད་ནམས་ཕེལ་བ་ཡིན་ནམ་ཉམས་པ་ཡིན་མ་ཤེས་ཀྱང་། འདི་ལོར་རང་རེའི་མང་གཙོའི་ལམ་སྲོལ་བཀྲིན་ཆེ་བ་འདི་ལུང་ཚན་དང་མི་སྒེར་བརྩོད་བྱེད་ཀྱིན་པའི་གནས་སྟངས་ལ་དཔྱད་ན། བཙན་བྱོལ་སྤྱི་ཚོགས་འདིས་ལོ་མང་རིང་སྒྲུབ་པའི་ངལ་བ་འབྲས་མེད་ཙམ་མ་ཟད། དགྲ་དགའ་གཉེན་སྡུག་ཏུ་མི་འགྱུར་བའི་ངེས་པ་མི་འདུག་སྙམས་པའི་དོགས་གཞི་ཡང་འཆར་བཞིན་འདུག ལར་ནས་གངས་ལྗོངས་་སྣོད་བཅུད་དང་བཅས་བསྟན་དགྲས་དབང་སྒྱུར་སྐབས་ཡ་ལན་སྣ་གཅིག་མེད་ཐོག་འདི་ནས་ཀྱང་ཤེས་ཡོན་བེད་སྤྱད་ནས་དགྲ་ལ་བརྒོལ་ལན་ཙམ་ཡང་མེད་ཁར་ལས་འབྲས་ཆེད་བསད་ཀྱིས་ནང་ཁུལ་གཡོ་རྒྱུའི་ངན་སྤྱོད་སྤེལ་དང་སྤེལ་བཞིན་པ་ཁག་མཐོང་སྐབས། ༧རྒྱལ་བའི་དབང་པོ་ཞལ་བཞུགས་པའི་སྐབས་སུ་རང་རེའི་སྤྱི་འདི་མིང་གི་ལྷག་མ་ཙམ་དུ་གྱུར་ནས་རི་ལུག་ན་ཐག་པས་མི་འདོམ་གྱི་དཔེ་ལྟར་མི་འབྱུང་བའི་རེ་སྨོན་ཙམ་ལས་གོང་གི་ཆེད་རྩོམ་ལ་ཁྱད་ཆོས་དང་ཡོན་ཏན་དམིགས་བསལ་གང་ཡང་མ་མཐོང་།།
ཁ་ནིང་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྐྱོང་འོས་མི་གཉིས་ལ་རྒྱ་ནག་གཞུང་ལ་བརྡ་ལན་ག་རེ་སྤྲོད་རྒྱུ་ཡོད་ཅེས་དྲིས་དུས། སྤེན་པ་ཚེ་རིང་གིས་བློ་བཟང་སེངྒེར་སྐྱོན་བརྗོད་བྱས་ནས་བརྡ་ལན་འདི་ཡིན་ཞེས་རང་མདོག་གསལ་སྟོན་བྱས་པ་རེད། ཧ་ཧ་ཧ་་་་་་་་་་་་་་་་་ དེ་ནས་བཟུང་ངའི་འོས་ཤོག་དེ་འགྱུར་བ་ཕྱིན་སོང་་་་་་་་་་
༧གོང་ས་མཆོག་གིས་བློ་བཟང་སེང་གེར་བསྔགས་བརྗོད་ཆེན་པོ་གནང་བ་དང་། ད་བར་ལོ་ཉི་ཤུའི་རིང་སྤེན་པ་ཚེ་རིང་ལ་བསྔགས་བརྗོད་རྐང་གཅིག་གནང་མེད་པ་དེས་ག་རེ་མཚོན་གྱི་ཡོད་དམ།
ད་ཐེངས་སྤེན་པ་ཚེ་རིང་ལ་འོས་ཐོབ་ན། བཙན་བྱོལ་སྤྱི་ཚོགས་ནང་གི་ན་ཚ་རྙིང་པ་བསྐྱར་ལོག་བརྒྱབ་པ་དང་། ཆོལ་མི་མང་དབར་གྱི་འགལ་བ་གསལ་སྟོན་བྱས་པ། སྐབས་འཚོལ་རིང་ལུགས་ལ་རྒྱལ་ཁ་ཐོབ་པ་བཅས་མཚོན་ཐུབ།
བཙན་བྱོལ་བོད་གཞུང་འདི་༸གོང་ས་མཆོག་གིས་དབུ་ཁྲིད་དེ་མི་ལོ་ལྔ་བཅུའི་རིང་སྲ་ཐག་ཐག་བསྐྱངས་ནས་ལྕགས་རི་ལྟར་གྱུར་པ་འདི་ཉིད། འབྱུང་འགྱུར་མི་ལོ་ལྔའི་ནང་སོག་མའི་ཕོན་ཐག་ཆད་པ་ལྟར། བལྟ་ས་བརྟེན་ས་མེད་པ་ཞིག་ཏུ་འགྱུར་མི་འཇུག་མཁན་ཚོས་ཆོལ་ཞེན་ལས་གལ་ཆེ་བ་ནི་རྒྱལ་ཞེན་ཡིན་པ་ཤེས་དགོས། དེ་ཤེས་མཁན་རྣམས་ཀྱིས་ད་རེས་སྲིད་སྐྱོང་དེ་སྤེན་ཚེ་ལས་དགའ་བ་མི་འདུག
ལས་བྱེད་བླང་དོར་སྒྲིག་གཞི་ཟེར་བ་དེ་སྐུ་ངོའི་གདན་ཐོབ་ཡོད་པ་ཚོ་བརྐྱང་ཕྱག་འཚལ་ས་དང་། ལས་བྱེད་དཀྱུས་མ་ཚོ་སྐུམ་ཕྱག་འཚལ་ས་རེད་དོ།
དེང་སང་ཞང་བློན་གཙོས་པའི་དུས་རྒྱུན་སློབ་སྦྱོང་ཏོག་ཙམ་ཡོད་ཟེར་མཁན་ཚོའི་གདོང་རིས་ངོ་བ་དེ་ཐོན་ཡོང་གི་འདུག་གཱ། ༧གོང་ས་མཆོག་གིས་མི་ལ་སློབ་སྦྱོང་ཡོད་རུང་ལྷག་བསམ་དང་དྲང་བདེན་མེད་པ་སྤྱི་ཚོགས་གཏོར་བཤིག་ཚབ་ཆེན་གཏོང་མཁན་ཞིག་ཆགས་ཀྱི་རེད་ཅེས་གསུངས་པ་དེ་ཅི་མ་བདེན། ་་་་་་་་་་་་
མ་བཀླགས་དཀའ་མེད་ཀྱི་དཔྱད་རྩོམ་ཞིག་རེད། བྷུན་དར་གྱི་བདག་མེད་དགེ་འོས་ཚོ་ལས་ཀའི་ཆེད་ཤེས་རིག་ལྷན་ཁང་གི་སྒོ་འགྲམ་དུ་རྒྱུག་པའི་རྐང་རྗེས་ལ་གྲངས་ཀ་མེད། ལས་མེད་དགེ་འོས་སྐོར་ཞིག་ད་ལྟ་དགོན་སྡེ་དང་གྲྭ་ཚང་། ཡང་ན་རང་ཉིད་ཀྱི་ཆེད་ལས་འབྲེལ་བ་གང་ཡང་མེད་པའི་ལས་ཀ་དེ་འདྲ་བྱས་ནས་གཏན་ཉིན་སློབ་གྲྭ་དག་ག་དུས་བརྩིས་ལེན་གྱི་རེད་དམ། བཟང་ཐག་ངན་ཐག་ཅིག་ནམ་ཞིག་ཡོང་གི་རེད་དམ་ཞེས་འཛུབ་རྩེ་གྲངས་ཀ་ལ་བསྐོན་ནས་འདུག སྐུ་མཁྱེན། དངོས་གྲུབ་མ་བྱུང་ནའང་། འཛོག་མགོ་གློད་རོགས་་་་་
ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་སྲིད་སྐྱོང་འོས་མི་སྒེར་པ་ཞིག་གི་འོས་ཤོག་དང་རྒྱབ་སྐྱོར་ཆེད་རྒྱུགས་ནས་མ་བསྡད་པར་ཤེས་རིག་ལས་ཁུང་དང་འབྲེལ་བའི་ཤེས་ཡོན་གྱི་ལས་འཆར་འདི་རིགས་ཐད་དགོངས་བཞེས་མང་ཙམ་གནང་ནས་བཞུགས་ན་བོད་གཞུང་ནས་གསོལ་ཕོག་དང་ཐོབ་ཐང་གཞན་ཕུལ་བ་དེ་དག་ཆུས་མི་ཟ་བའི་ཁྱད་པར་ཡོད་རེད།
འོ། ང་རང་གིས་ཞང་བློན་ལགས་ཀྱི་དཔྱད་བརྗོད་དེ་ཀློག་པ་ཡིན། ཧང་སང་བའི་ཡག་པོ་བྲིས་འདུག་ལ་དུས་རྒྱུན་དུ་དོ་སྣང་དཔེ་ཡག་པོ་གནང་འདུག དངོས་གནས་དུས་དེང་སང་ང་ཚོ་བཙན་བྱོལ་བའི་སྒྲིག་འཛུགས་དེའི་ནང་ཞང་བློན་འདྲ་བ་དེ་འདྲ་བརྒྱ་ཡོད་ནའང་ཉུང་དྲག་འདུག དཔོན་ངན་དང་ཆོལ་ཞེན་པ་དེ་འདྲ་གཅིག་ཡོད་ཀྱང་མང་དྲག་པས་ང་ཚོས་ངེས་པར་དུ་གནས་ཚུལ་དེ་ཚོ་འཐེན་འདོན་བྱ་དགོས་ལ་བོད་སྤྱི་པའི་འཐུས་མི་ཡིན་ཟེར་བ་དེ་ཚོས་ཆོལ་ཞེན་སྤངས་ནས་གནས་ཚུལ་དེ་ཚོ་ངེས་པར་དུ་འཐེན་འདོན་དགོས་ཞེས་ནན་ནན་ཞུ་རྒྱུ་ཡིན། ཞང་བློན་ལགས། ཐུགས་རྗེ་ཆེ།
སྐུ་ངོ་དེ་ཚོ་ཆབ་སྲིད་དང་འོས་བསྡུའི་བགྲོ་གླེང་ལ་ཕེབས་པ་མ་ཟད་བཞུགས་གྲལ་གྱི་མདུན་ལ་བཞུགས་པ་དང་། གསོལ་ཇ་བཞེས་ཏོག་མཆོད་ཀྱིན་ཕན་ཚུན་ལ་ལན་ཡག་པོ་བརྒྱབ་མིན་གྲོས་བསྡུར་བྱེད་པ་ང་རང་གིས་དངོས་སུ་མཐོང་སོང་། སྒྲིག་གཞིའི་ནང་”འོས་བསྡུ་དང་འབྲེལ་བའི་ཆབ་སྲིད་ཀྱི་ཚོགས་འདུ་དང་བགྲོ་གླེང་ནང་ཞུགས་”མ་ཆོག་ཅེས་བཀོད་ཡོད་དུས་ད་སྐུ་ངོ་དེ་ཚོ་ལ་ཆད་པ་མ་བཅད་ན་རྗེས་སུ་ལས་བྱེད་དམངས་ཀྱིས་སྒྲིག་གཞི་བརྒལ་དུས་ཆད་པ་ཇི་ལྟར་འགེལ་རྒྱུ་ཡིན།
དེ་བཞིན་ནང་སྲིད་དང་ཤེས་རིག་བཀའ་བློན་གཉིས་ཀྱིས་ཀྱང་མངོན་གསལ་དོད་པོས་རང་ཉིད་ཀྱི་སྲིད་སྐྱོང་འོས་མི་སུ་ཡིན་མིན་ཁྱབ་བསྒྲགས་བྱས་པ་དེ་བཀའ་བློན་གྱི་ལས་འཁུར་དམ་བཅའ་དང་ཡོངས་སུ་འགལ་བ་རེད་ལ་བཅའ་ཁྲིམས་ཀྱི་འབྲུ་དོན་དང་འགལ་བ་རེད། དེ་བས་ཅེམ་ཅེ་ལྷ་མོ་རྒྱ་རི་སྒྲོལ་མས་རང་ཉིད་ལས་ཐོག་བཀའ་བློན་ཡིན་བཞིན་དུ་བཀའ་བློན་ལས་དགོངས་པ་ཞུ་གི་མིན་ཞེས་གསལ་བསྒྲགས་སྤེལ་དགོས་དོན་གང་རེད་དམ། སུ་ལ་ཀྱག་ཀྱག་རེད། ཁྲིམས་དང་སྒྲིག་གཞིར་རྡོག་རོལ་བཏང་ནས་སྤྱི་ཚོགས་ཟང་ཟིང་བཟོས་ཚེ་དེའི་འགན་ཡོངས་རྫོགས་ཁྱོད་ཚོ་སྒང་ལ་སྡོད་མཁན་ཚོར་ཡོད་ད། ད་དུང་ཉམས་ཆུང་མི་མང་བཙོན་ཁང་ནང་བཅུག་གི་ཡིན་ཟེར་བ་སོགས་སྡིག་ར་བསྐུལ་བ་ནི་རྒྱ་ཆེའི་མང་ཚོགས་ལ་མཐོང་ཆུང་རང་རེད།
ཞང་བློན་ལགས་ཀྱི་རྩོམ་ཡིག་གི་ནང་དོན་ནི་གྲོས་ཚོགས་འཐུས་མི་མང་པོས་ཀྱང་མ་ཤེས་པའམ་གླེང་མ་མྱོང་བའི་གནས་ཚུལ་རྐྱང་རྐྱང་རེད་འདུག་པས། རྩོམ་པ་པོ་ཁོང་གིས་སྤྱི་ཚོགས་ཀྱི་གནད་དོན་ཆེ་ཁག་ལ་ཐུགས་ཁུར་གཟབ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩོམ་ཡིག་འདིའི་ནང་དོན་ལ་བལྟས་ན་ “རྨང་གཞི་བརྟན་པོ་”དང་། “ལྷིང་འཇགས་པོ་” ཟེར་བ་དེ་འདྲ་གཏན་ནས་མེད་པ་ཤེས་ཐུབ།
མི་རིགས་ཀྱི་ལས་དབང་ཛ་དྲག་ལ་ཐུག་སྐབས་ཤེས་ཡོན་ཅན་ཚོའི་ནུས་ཤུགས་མཉམ་སྤུང་བྱས་ན་ཅི་འདྲའི་དགའ་བ་ལ་ཨང་།
དྲུང་ཆེ་ཨ་ཅང་། ཉིན་ཤས་སྔོན་དུ་ནང་སྲིད་དང་ཤེས་རིག་བཀའ་བློན་གཉིས་ཀ་བཀའ་བློན་ལས་ཐོག་ནས། མི་དམངས་མདུན་ལ་ཐོན་ཏེ་སྲིད་སྐྱོང་འོས་མི་བློ་སེང་ལ་རྒྱབ་སྐྱོར་བྱས་པ་དེ། བོད་ཀྱི་ལོ་རྒྱུས་སྟེང་གི་བཀྲུས་ན་མི་དག་པའི་ཉེས་པ་ཚབས་ཆེན་ཞིག་མ་རེད་དམ། དེ་གཉིས་ལ་བསམས་ན། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱི་བྱེད་སྟངས་དེ་ནི་དངོས་ནས་ཚད་ལྡན་ཞིག་རེད། ཁོང་མོས་བཀའ་ཤག་ལས་འགན་ནས་དགོངས་ཞུས་པའི་རྗེས་བསམ་ཚུལ་བརྗོད་པ་རེད།
དཔྱད་བརྗོད་རྩོམ་ཡིག་འདི་ཉིད་གསེར་སྲང་སྟོང་གི་རིན་གོང་ལས་ཀྱང་ཆེ། འདི་འདྲའི་དཔྱད་བརྗོད་པ་རེ་ཟུང་ཡོད་ན། དངོས་ནས་བློ་བདེ་སེམས་བདེ་ཞིག་རེད། ཤེས་ཡོན་པ་ཞེས་པའི་ཐ་སྙད་འཇུག་ཡུལ་ངོ་མ་དེའང་གང་ཟག་འདི་འདྲ་རེ་ཟུང་ཡིན་རྒྱུ་རེད།
བཙན་བྱོལ་སྤྱི་ཚོགས་ནང་རིན་ཐང་ཅན་གྱི་དཔྱད་བརྗོད་སྤེལ་མཁན་ཁང་གསར་རྡོ་རྗེ་དང་ཞང་བློན་ལྟ་བུ་མི་ཉུང་ཤས་ཤིག་རེད། ངོ་མ་ཀློག་རིན་འོས་པའི་རྩོམ་ཡིག་ཅིག་འདུག