བསྟན་འཛིན་པདྨ།
༄༅། །རྒྱ་ནག་གཞུང་གི་དཔོན་རིགས་འགའ་ཤས་ཀྱི་ཀུན་སློང་ལ་རྟག་ཏུ་དོགས་པ་སྐྱེ་དགོས་པ་ནི་ཁོ་ཚོའི་བྱེད་སྟངས་ཀྱི་རིམ་པ་ལས་མངོན་ཐུབ། དེའང་བོད་ཀྱི་སྐད་ཡིག་ཤེས་མཁན་བོད་མི་ཚོས་མ་བསྐུལ་དང་བླངས་ཀྱིས་བོད་ཀྱི་སྐད་ཡིག་མི་ཤེས་པའི་བོད་མི་རྣམས་ལ་སློབ་ཁྲིད་བྱེད་པའི་རྩ་ཆེའི་བྱ་བ་དེ་དག་བཀག་སྡོམ་དང་ཁྲིམས་འགལ་གྱི་ཉེས་འཛུགས་བྱེད་ཀྱི་ཡོད། ད་རེས་ཁམས་སྐྱེ་རྒུ་མདོ་གྲོང་ཁྱེར་ལ་མཚོན་ན། གྲྭ་པ་འགའ་ཤས་ཀྱིས་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་པ་དེ་བཀག་པ་རེད། དེར་བརྟེན་ཁམས་སྐྱེ་རྒུ་མདོ་ནས་ཡིན་པའི་བོད་མི་ན་གཞོན་རང་ལོ་ ༣༠ ཡིན་པའི་བཀྲ་ཤིས་དབང་ཕྱུག་ལགས་[༢]ཀྱིས་རང་ཉིད་ཀྱི་ཚ་མོ་གཉིས་ལ་བོད་ཀྱི་སྐད་ཡིག་མུ་མཐུད་སྦྱོང་འཇུག་རྒྱུའི་འདུན་པ་ཆེན་པོ་ཡོད་སྟབས་ས་གནས་སུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་ཡང་། ས་གནས་དེར་བོད་ཡིག་སྦྱོང་སའི་མཐུན་རྐྱེན་ཧ་ལམ་མེད་པ་ཤེས་རྟོགས་བྱུང་རྗེས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁག་གཞི་ལ་བཞག་ནས་བོད་ཀྱི་སྐད་ཡིག་སློབ་གསོ་ཡར་རྒྱས་གཏོང་བར་འབྲེལ་ཡོད་དཔོན་རིགས་དང་ལས་བྱེད་ཚོར་ནན་སྐུལ་ཞུ་ཆེད་རྒྱ་ནག་པེ་ཅིན་དུ་གསར་ལམ་ཁག་དང་ཁྲིམས་ཁང་བཅས་ནས་རོགས་སྐྱོར་ཐོབ་ཐབས་བྱས།[༢] འོན་ཀྱང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཁོང་གསང་བས་འཇུ་བཟུང་བཙན་ཁྲིད་ཀྱིས་[༣]ད་ལྟ་ཡུལ་ཤུལ་བཀག་ཉར་ཁང་གཙོ་བོའི་ནང་བཀག་སྐྱིལ་བྱས་ནས་ད་བར་ཟླ་གཉིས་ལྷག་སོང་ཟིན་པ་དང་། ཉེ་ཆར་ཁོང་ལ་ཁ་བྲལ་རྒྱུད་སྐུལ་བྱས་པའི་ཉེས་འཛུགས་ཀྱང་བྱས། ད་ལྟའི་ཆར་ཁོང་གི་ནང་མིར་ས་གནས་ནས་ཁྲིམས་རྩོད་པ་རག་གི་མེད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཁོང་དང་འབྲེལ་བའི་གནད་དོན་འདིར་རྒྱལ་སྤྱིའི་ནང་དོ་སྣང་སླེབས་ཡོད་པ་དང་། ལྷག་པར་དུ་ཁེ་ན་ཌའི་སྨྲ་བརྗོད་རང་དབང་གསར་འགོད་མཐུན་ཚོགས་ནས་ཁོང་ཀློད་གྲོལ་ཡོང་ཐབས་ཀྱི་ཞུ་གཏུག་ཅིག་མགོ་འཛུགས་བཞིན་ཡོད།[༤]
བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དགོས་པ་གསུང་མཁན་བཀྲ་ཤིས་དབང་ཕྱུག་ལགས་དང་པོ་མིན་ལ་མཐའ་མའང་མིན། ཁྲིམས་མཐུན་གྱི་ཞུ་གཏུག་དེ་དག་ལ་འབྲེལ་ཡོད་རྒྱ་གཞུང་དཔོན་རིགས་རིམ་པ་ཁག་གིས་ལྷག་བསམ་རྣམ་དག་གིས་གསན་གཟིགས་ལག་ལེན་བསྟར་ཚེ་ཕྱོགས་ཕན་ཚུན་གཉིས་ཀར་ཕན་ཐོགས་ཡོད་པ་སྨོས་ཅི་དགོས། འོན་ཀྱང་དཔོན་རིགས་འགའ་ཤས་ཀྱིས་ལྷོད་གཡེང་སྣང་མེད་དམ། ཡང་ན་བསམ་བཞིན་དུ་གཞུང་དང་མི་མང་བར་དང་། མི་རིགས་ཕན་ཚུན་བར་མི་མཐུན་པའི་བསམ་ཚུལ་དང་ཚོར་སྣང་བཟོ་བཞིན་ཡོད་པ་ནི། དོན་ལ་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཙོས་པའི་ཁྲིམས་ལུགས་ཁག་ལ་རྩིས་མེད་རྡོག་རོལ་བཏང་བ་ཉག་གཅིག་ཡིན། མི་རིགས་ཀྱི་ཕ་སྐད་སྲུང་སྐྱོབ་བྱེད་རྒྱུའི་འབད་བརྩོན་གནང་བ་དེ་ཁྲིམས་འགལ་ཇི་ལྟར་ཆགས་པ་ཡིན་ནམ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཙོས་པའི་ཁྲིམས་ཡིག་ཁག་གི་ནང་མི་རིགས་ཚང་མར་སོ་སོའི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་རང་དབང་དང་ཐོབ་ཐང་ཡོད་སྐོར་གསུངས་པ་དེ་དག་ལག་བསྟར་མེད་པར་ཤོག་བུའི་སྟེང་དུ་འཇོག་རྒྱུ་དང་དྲིལ་བསྒྲགས་ཁོ་ནའི་ཆེད་དུ་ཡིན་ནམ།
དེ་སྔ་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢ ཉིན་ཁམས་སྐྱེ་རྒུ་མདོ་ནས་ཡིན་པའི་རང་ལོ་ ༧༠ ཡས་མས་སོན་པའི་བོད་རིགས་ཤེས་ཡོན་ཅན་ཞིག་གིས་གསུངས་པ་ལྟར་ན། དེང་སྐབས་སྐྱེ་རྒུ་མདོའི་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་བཅས་སུ་བོད་རིགས་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱོང་རྒྱུའི་མཐུན་རྐྱེན་ཞན་པའམ་མེད་པའི་རྐྱེན་གྱིས་བོད་རིགས་ཁྲོད་དུ་བོད་ཡིག་མི་ཤེས་མཁན་མང་དུ་འགྲོ་ཡི་ཡོད་པ་དང་། དེའི་རྐྱེན་པས་བོད་ཡིག་དཔེ་དེབ་ཀྱི་ཁྲོམ་ར་རྒྱ་ཇེ་ཆུང་དུ་འགྲོ་ཡི་ཡོད་པའི་གནས་སྟངས་གསུངས་སོང་།
ཉེ་བའི་ཆར་ལ་མཚོ་སྔོན་ཞིང་ཆེན་ནང་གི་གནས་སྟངས་འདི་ལྟར་ཆགས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། ༢༠༡༠-༢༠༢༠ ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་རྩ་གནད་བསམ་འཆར་ཞེས་པ་དེ་ཡིན་པ་དང་། དེའི་ནང་ཞིང་ཆེན་ཡོངས་སུ་བོད་རྒྱ་སྐད་ཡིག་གཙོ་ཕལ་དབྱེ་འབྱེད་ཀྱིས་རྒྱ་ཡི་སྐད་ཡིག་སློབ་ཁྲིད་བརྒྱུད་ལམ་སྐད་ཡིག་གཙོ་བོ་དང་བོད་ཀྱི་སྐད་ཡིག་གཞོགས་ཁྲིད་བྱ་རྒྱུ་ཡིན་པ་གསལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ནང་ཚུད་དུ་སློབ་ཆུང་ཡོངས་རྫོགས་ནས་རྒྱའི་སྐད་ཡིག་གཙོར་བཟུང་གིས་སྐད་གཉིས་སློབ་གསོ་ལག་ལེན་འཁེལ་བར་བྱེད་རྒྱུ་དང་། དེ་བཞིན་མི་རིགས་ས་གནས་ཁག་ཏུ་སློབ་ལོ་མ་རན་གོང་གི་སྐད་གཉིས་ཅན་གྱི་བུ་བཅོལ་ཁང་འཛུགས་པར་རྒྱབ་སྐྱོར་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་ཀྱི་བུ་བཅོལ་ཁང་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཀྱི་བྱིས་པ་མཉམ་བསྲེས་འཛིན་གྲྭ་འཛུགས་རྒྱུ་སྐུལ་སྤེལ་བྱ་རྒྱུ་ཡིན་པ་སོགས་གསལ་ཡོད་པ་མཐའ་དག་འཛམ་གླིང་སྤྱི་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ཆུང་བྱིས་པ་རྣམས་ལ་ཕ་སྐད་གཞིར་བཞག་གི་སློབ་གསོ་སྤྲོད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་རྦད་དེ་ལྡོག་ཕྱོགས་སུ་གྱུར་ཡོད་པ་མ་ཟད། སྐད་གཉིས་སློབ་གསོ་དེའང་གཙོ་འཐེན་སྐད་གཉིས་སློབ་གསོ་ཆགས་ཀྱི་ཡོད་སྟབས། དེའང་ཚན་རིག་དང་མཐུན་པ་ཞིག་རྩ་བ་ནས་མིན།
སྲིད་བྱུས་དེ་ཉིད་འདས་པའི་ལོ་ཤས་ནང་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ཙམ་དུ་མ་ཟད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆུ་རྫོང་དུའང་ལག་བསྟར་བྱེད་ཀྱི་ཡོད་པ་སྟེ། རྨ་ཆུ་སློབ་འབྲིང་གི་སློབ་ཁྲིད་བརྒྱུད་ལམ་རྒྱའི་སྐད་ཡིག་ཏུ་བསྒྱུར་པའི་རྐྱེན་གྱིས་ཚེ་རིང་སྐྱིད་གཙོས་པའི་བོད་རིགས་སློབ་ཕྲུག་ཚང་མ་བློ་ཕམ་དང་ཡི་མུག་པའི་གནས་སྟངས་སུ་གྱུར་ཡོད་པ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་སློབ་འབྲིང་སློབ་མ་ཚེ་རིང་སྐྱིད་ཀྱི་རང་ལུས་མཆོད་མེར་ཕུལ་བའི་ལས་འགུལ་[༥]ནས་གསལ་པོ་ཤེས་ཐུབ།
བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་ཡི་ཡོད་པའི་ཛ་དྲག་གི་གནས་སྟངས་ཐོག་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་ཁ་གསལ་ཡོད་ལ། སྟོང་ལོ་གསར་པའི་ནང་ལའང་དེ་ལྟ་བུའི་ཞུ་གཏུག་རབ་དང་རིམ་པ་ཕུལ་ཡོད་པ། དཔེར་ན། ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༧ ཉིན་མཁས་དབང་དམ་པ་བཀྲ་ཤིས་ཚེ་རིང་ལགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཕུལ་བའི་འཕྲིན་ཡིག་ནང་གཙོ་བོ་ཕ་སྐད་སློབ་སྦྱོང་དང་བེད་སྤྱོད་གཏོང་བའི་སྐོར་ལ་གསུངས་ཡོད། དེ་བཞིན་རྒྱ་ནག་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་སྡེ་ཚན་ནས་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༧ དང་ ༨ ཉིན་གཉིས་རིང་པེ་ཅིན་དུ་ཆེད་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་ཞིག་བསྐོངས་པར། ཚོགས་བཅར་བ་བོད་རིག་པའི་མཁས་དབང་རྣམ་པས་མཁས་དབང་དམ་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་འཕྲིན་ཡིག་གི་ནང་དོན་དེར་གོ་བསྡུར་གནང་རྗེས་ཁོང་རྣམ་པའི་དགོངས་འཆར་ཞིབ་ཕྲ་ཞིག་ཀྱང་བཏོན་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༡༠ པའི་ནང་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་དགེ་རྒན་དང་སློབ་ཕྲུག་བརྒྱ་ཕྲག་མང་པོས་མཚོ་སྔོན་ཞིང་ཆེན་གྱིས་འཛིན་པའི་སྐད་ཡིག་སྲིད་བྱུས་ཐད་ལ་བསྒྱུར་བཅོས་གཏོང་རྒྱུའི་སླད་སྙན་ཞུ་ཕུལ་ཡོད།
ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནང་འཛམ་གླིང་ཡོངས་ནས་བོད་རིག་པའི་མཁས་དབང་དགུ་བཅུ་ལྷག་གིས་རྒྱ་ནག་གི་སྲིད་འཛིན་གྱི་ལས་འགན་བཞེས་ལ་ཉེ་བའི་ཞིས་ཅིན་ཕིན་ལ་བོད་རིགས་གནས་སྡོད་ས་ཁུལ་ཡོངས་སུ་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཐོག་སེམས་འཚབ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་བོད་པའི་སློབ་གྲྭ་ཁག་གི་སློབ་ཁྲིད་བརྒྱུད་ལམ་སྐད་ཡིག་བོད་ཀྱི་སྐད་ཡིག་ནས་རྒྱའི་སྐད་ཡིག་ཏུ་བསྒྱུར་དང་སྒྱུར་བཞིན་ཡོད་པ་དེ་དག་ཚད་ལྡན་མིན་པ་དང་། སྲིད་བྱུས་དེ་ཉིད་བོད་རང་སྐྱོང་ལྗོངས་སུ་རྒྱུན་རིང་ལག་བསྟར་བྱས་པའི་གྲུབ་འབྲས་ཅི་བྱུང་མིག་མཐོང་ལག་ཟིན་ཡིན་པ་གསུངས་ཡོད། ཞུ་སྐུལ་དེ་ཉིད་[༦]འབུལ་མཁན་ཡོངས་ནས་བརྒྱ་ཆ་ ༨༥ བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ལ་སྐུ་ཚེ་ཧྲིལ་པོ་དཔྱད་ཞིབ་གནང་མཁན་གྱི་ནུབ་ཕྱོགས་མཁས་པ་ཤ་སྟག་ཡིན་པ་དང་། ཁོང་ཚོས་བོད་ཀྱི་སྐད་ཡིག་གི་རིན་ཐང་གསལ་པོ་མཁྱེན་གྱི་ཡོད་པ་བཤད་མི་དགོས་པའི་ཐོག དེང་གི་ཆར་བོད་ཀྱི་སྐད་ཡིག་གཙོས་པའི་བོད་ཀྱི་ཆོས་དང་རིག་གཞུང་ཐོག་དོ་སྣང་བྱེད་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ནང་མང་དུ་འགྲོ་ཡི་ཡོད་པ་མ་ཟད། ཡར་ཐོན་ཅན་གྱི་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ནང་བོད་རིག་པའི་ལྟེ་གནས་མི་ཉུང་བ་བཙུགས་ཡོད། དེར་བརྟེན་རྒྱ་གཞུང་གིས་བོད་ཀྱི་གཏམ་དཔེར། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མི་ཆོད། །ནོར་བུ་མི་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚངས་བྱུང་། །ཞེས་པ་ལྟར་ད་ལྟ་བོད་ཀྱི་སྐད་ཡིག་དང་རིག་གཞུང་བདག་གཅེས་མ་བྱས་ན་ནམ་ཞིག་ཕྱི་དྲགས་པའི་གནས་སྟངས་ཡོང་ངེས་རེད།
ལོ་གཉིས་ཀྱི་གོང་ཕྱི་ལོ་ ༢༠༡༤ ཟླ་ ༡ ནང་མཚོ་སྔོན་ཞིང་ཆེན་དམངས་འཐུས་དང་སྲིད་གྲོས་གཉིས་ཀའི་ཚོགས་ཆེན་ནང་ར་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དབུ་འཛིན་འཇིགས་མེད་རྒྱལ་མཚན་ལགས་ནས་ཀྱང་རྒྱ་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་ཁྲིམས་དང་སྲོལ་ཡིག་གི་ནང་དོན་ལྟར་བོད་ཁུལ་གྱི་སློབ་གསོའི་བྱ་བ་ལག་བསྟར་བྱེད་ཀྱི་མེད་སྐོར་དགོངས་འཆར་དོན་ཚན་ ༩ བཏོན་ཡོད་པ་དང་།[༧] དེ་བཞིན་ཕྱི་ལོ་ ༢༠༡༥ ནང་སྤྱི་ཚོགས་དྲ་ལམ་ཁག་གི་ནང་དུ་ཟི་ལིང་གྲོང་ཁྱེར་གྱི་བོད་རིགས་ཉིས་འབུམ་ལྷག་གི་ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་སྦྱོང་སའི་མཐུན་རྐྱེན་བསྐྲུན་རྒྱུའི་ཐོག་ཞུ་གཏུག་བྱས་ཡོད་པ་རེད།
འདས་པའི་ལོ་གྲངས་ལྔ་བཅུ་ལྷག་གི་ནང་བོད་ནང་གི་བོད་ཀྱི་སྐད་ཡིག་གནས་སྟངས་ཐོག་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་སོགས་བོད་ནང་གི་བླ་ཆེན་དང་མཁས་དབང་། ཉམས་ཞིབ་པ་དང་རྩོམ་པ་པོ། དགེ་རྒན་དང་སློབ་ཕྲུག ཕ་མ་དང་སེར་སྐྱ་མང་ཚོགས་བཅས་ལ་གནད་དོན་འདིའི་ཐོག་སེམས་འཚབ་ཤུགས་ཆེ་ཡོད་པ་ཧ་ཅང་གསལ་པོ་རེད། འོན་ཀྱང་འབྲེལ་ཡོད་རྒྱ་གཞུང་དཔོན་པོ་དང་ལས་བྱེད་རིམ་ཁག་གིས་གནད་དོན་འདི་ཚོར་སྣང་མེད་ཀྱིས་འོས་ཤིང་འཚམས་པའི་ལག་ལེན་བསྟར་རྒྱུར་ནར་འགྱངས་བྱས་དང་བྱེད་བཞིན་ཡོད་པ་རེད། དེས་བོད་མི་རིགས་ལ་གྱོང་གུད་ཆེན་པོ་སྤྲོད་ཀྱི་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཁབ་དང་འཛམ་གླིང་སྤྱི་ལའང་གྱོང་གུད་ཆེན་པོ་ཞིག་ངང་ངམ་ཤུགས་ཀྱི་ཡོང་ངེས་དང་། སྒོས་སུ་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཡིད་ཆེས་བརླག་ཉེན་དང་། རྒྱལ་ཁབ་ཕྱི་ནང་དུ་རྒྱ་གཞུང་གི་ཆེས་མཐོང་ལའང་ཧ་ཅང་གནོད་ཚབས་ཡོང་རྒྱུ་བཅས་ཀྱི་འགན་ལེན་ཆ་ཚང་རྒྱ་གཞུང་གི་དཔོན་རིགས་ཁོ་ནར་ཡོད་དོ།། །།
བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་ལས་བྱེད་བསྟན་འཛིན་པདྨ།
ཟུར་མཆན།
[༡]Wong, E.(28 November 2015). Tibetans Fight to Salvage Fading Culture in China. Retrieved on 29 November2015 from http://www.nytimes.com/2015/11/29/world/asia/china-tibet-language-education.html?_r=1
[༢]Kessel M. Jonah. (28 November 2016). A Tibetan’s Journey for Justice. Retrieved from http://www.nytimes.com/video/world/100000004031427/a-tibetans-journey-for-justice.html
[༣]Wong, E. (10 March 2016). Tibetan Entrepreneur Has Been Illegally Detained. Retrieved on 11 March 2016 from http://www.nytimes.com/2016/03/11/world/asia/china-tibet-tashi-wangchuk.html?mwrsm=Email&_r=0
[༤]Wong, E. (30 March 2016). China Charges Tibetan Education Advocate With Inciting Separatism. Retrieved on 31 March 2016 from http://www.nytimes.com/2016/03/31/world/asia/china-tibet-tashi-wangchuk.html?_r=0
[༥]Jacobs, A.(22 March 2012).Tibetan Self-Immolations Rise as China Tightens Grip. Retrieved on 23 March 2012 from http://www.nytimes.com/2012/03/23/world/asia/in-self-immolations-signs-of-new-turmoil-in-tibet.html
[༦]An Appeal to Vice-President Xi Jinping from the International Tibetan Studies Community.(2012). Retrieved from http://www.petitions24.net/an_appeal_to_president_xi_jinping_from_the_tibetologist_community
[༧]བཙན་པོའི་མགར་གྱི་དྲ་བ། ༼༢༠༡༤། ༠༡། ༢༤༽ འཇིགས་མེད་རྒྱལ་མཚན་གྱིས་བོད་ཁུལ་སློབ་གསོར་བཏོན་པའི་བསམ་འཆར། དྲ་འཐུད་http://www.tbmgar.com/zwndbw.asp?id=2487ནས་ལུང་འདྲེན་བྱས།