ཤར་ཕྱོགས་ཁུག་རྟ།
ཉེ་རབས་བོད་ཀྱི་སྲིད་དོན་བྱུང་རབས་ཡིག་ཚགས་དང་དབུས་ཀྱི་དམངས་ཁྲོད་གསུང་གཞས་དག་ལ་རྒྱུས་ཡོད་ཅིག་ཡིན་ན། ཀ་ཤོད་ཆོས་རྒྱལ་ཉི་མ་ཟེར་ན་མི་མཁྱེན་མཁན་མེད། ཕྱོགས་བསྐྱོད་ལས་བྲེལ་བར་གསེང་མིན་ན་རྩོམ་འདིར་ཀ་ཤོད་པའི་སྐོར་ཞིབ་ཏུ་བརྗོད་དགོས་པའི་གནས་ཚུལ་རེ་འགའ་འདུག་ཀྱང་། དུས་ལ་བབ་ན་སྡིངས་ཆ་ཆེ་སར་ཞིབ་ཏུ་བརྗོད་ངེས་ཡིན། སྐབས་འདིར་སྡོམ་ཚིག་རང་བཞིན་དུ་བཀོད་ན་ཀ་ཤོད་ཆོས་རྒྱལ་ཉི་མ་ལགས་ནི་དེ་སྔ་བོད་མ་ཤོར་གོང་གི་བཀའ་ཤག་ལྷན་རྒྱས་ཁྲོད་ཀྱི་བཀའ་བློན་མགོ་གཉིས་མ་༼དཱ་མ་རུ་ཡང་ཟེར།༽ཞེས་ཡོངས་སུ་གྲགས་པ་དེ་ལྟར་རེད་ལ། རྩ་དོན་དང་སྒེར་དོན་བརྗེ་བོ་རྒྱབ་བཞག་པའི་གནས་ཚུལ་མང་པོ་ཡོད་པའི་ཁྲོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་འཁྲུལ་བྲལ་ཆུང་སྲིད་རིན་པོ་ཆེ་ལའང་དོགས་གཞིའི་ལས་རྩོམ་མཁན་གྲས་ནས་ཀྱང་གདོང་དུ་ཐོན་མཁན་ཧུར་བརྩོན་ཅན་ཞིག་ཡིན་པས། གནས་ཆུང་སྐུ་ཕེབས་ཁོའི་སྟེང་ཁྲོས་ཏེ་སྡིག་མཛུབ་བསྟན་པའི་གྲངས་༼བརྙན་ཐུང་ཞིག་ཀྱང་ཡོད། མཆན། ༽ངེས་ཅན་དུ་སླེབས་ཡོད། མཐར་མི་ཚེ་ལམ་དུ་ལྷུང་མེད་ཅིང་དེ་རིང་གི་ལོ་རྒྱུས་དེབ་ཐེར་ཁྲོད་ཁོང་དཀར་པོ་ཞིག་ཆགས་གཞི་མེད་པར་གྱུར་ཡོད། ཟླ་འདིའི་ཚེས་གཅིག་ཉིན་གནས་ཆུང་གྲྭ་ཚང་དུ་གནས་ཆུང་དང་ཚེ་རིང་མཆེད་ལྔ་སྤྱན་འདྲེན་གྱི་གནས་ཚུལ་དེས་ཁོ་བོར་གནས་ཚུལ་འདི་ལམ་སེང་དྲན་པ་གསོས།
ད་ཐེངས་ཕྱོགས་བསྐྱོད་ལམ་བར་དུ། ལྷ་མོ་ཚེ་རིང་མཆེད་ལྔས་སྲིད་སྐྱོང་བློ་བཟང་སེང་གེའི་ཞལ་ལ་རྡོར་དྲིལ་ཕྱག་ཏུ་བསྣམས་ཏེ་སྡིག་མཛུབ་དང་བཅས་ཕྱག་ནས་ཀྱིས་ཐེངས་གཉིས་གཞུས་པའི་ཚུལ་དེར་མཇལ། ཐེངས་གཉིས་པ་དེ་སྲིད་སྐྱོང་གི་སྤྱན་ལ་ཕོག་པ་འདྲ། སྲིད་སྐྱོང་ལགས་ཀྱི་དབུ་ཡང་ཡར་གཡུག་མར་གཡུག་ཐེངས་གཅིག་གནང་སོང་། གཅིག་བྱས་ན་ཕྱག་ནས་སྤྱན་ལ་འཛུལ་ཏེ་ན་ཟུག་བསླངས་བ་འདྲ། གནས་ཆུང་ཆོས་རྒྱལ་ཆེན་པོས་ཀྱང་དེ་བཞིན་བཀའ་ལུང་ནང་མདུན་ན་འདོན་༼བཀའ་བློན། སྲིད་སྐྱོང་ལ་གོ ༽ཁྱེད་ཀྱིས་སྔར་འགྱོད་ཕྱིས་སྡོམ་གྱིས་ཐུགས་འགན་ལེགས་པར་མ་བཞེས་ན། ༧གོང་ས་མཆོག་གི་སྐུ་ཕྱྭར་ཉེན་འཚབ་ཆེ་སྐོར་བཀའ་བསྩལ་འདུག དགོད་བྲོ་བ་ཞིག་ལ་ཚེ་རིང་མཆེད་ལྔའི་བརྙན་འཕྲིན་དེའི་སྐད་ཆ་རྫུན་བཟོ་བྱས་ཏེ། གླེང་ཕྱོགས་དེ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཟླ་བ་ཚེ་རིང་གི་ཐོག་ཏུ་བསྒྱུར་ཐུབ་བྱས་འདུག ཞིབ་ཏུ་བལྟས་པས་ཕྱག་ནས་ཀྱིས་ཐེངས་དང་པོ་སྲིད་སྐྱོང་མཆོག་དང་། ཐེངས་གཉིས་པ་སྲིད་སྐྱོང་དང་ཚོགས་གཙོའི་བར་ནས་རྒྱབ་གྲལ་དང་། ཐེངས་གསུམ་པ་སླར་ཡང་སྲིད་སྐྱོང་གི་ཞལ་ལ་གཞུས་ཏེ་དབུ་འདར་ཟུག་ཐེབས་པ་གོང་ཞུས་ལྟར་དང་། ཐེངས་བཞི་པ་ཚོགས་གཙོ་དང་ཁྲིམས་ཞིབ་པའི་བར་ནས་རྒྱབ་གྲལ་དུ་གཞུས་པ་ཞིག་བརྙན་ལམ་ནས་མཇལ།
རྣམ་པ་ཚོས་གསལ་བོ་མཁྱེན་དགོས་པ་ཞིག་ནི། སྨན་རྩིས་ཁང་བཙུགས་ནས་ལོ ༡༠༠ འཁོར་བའི་དུས་དྲན་སྐབས་༧གོང་ས་མཆོག་གིས་ཐུགས་ཕམ་གྱི་བཀའ་སློབ་དེ་ནི་གནད་དོན་གཉིས་ལ་གསུངས་པ་ཡིན་ཏེ། གཅིག་སྨན་རྩིས་ཁང་དང་། གཉིས་འཛིན་སྐྱོང་བཀའ་ཤག་དང་ལྷག་པར་དེའི་ཁྱབ་ཁོངས་འཕྲོད་བསྟེན་ལས་ཁུངས་གཉིས་རེད། ”འདྲ་ཆགས་པོ་དང་གཟི་བརྗིད་ཁོག་སྟོང་”གསུངས་པ་རྣམས་ནི་སྲིད་སྐྱོང་བློ་བཟང་སེང་གེ་རང་ལས་འཇུག་ཡུལ་གཞན་མེད་པ་གསལ་བོ་རེད། སྨན་རྩིས་ཁང་ལ་བཀའ་བཀྱོན་ཕེབས་པ་ནི་ཐེངས་འདི་ཙམ་མིན་ལ། ཁུངས་སྐྱེལ་ཡིག་ཆ་དང་བཅས་འདིའི་སྐོར་སྐབས་གཞན་དུ་གཞུང་འབྲེལ་སྡིངས་ཆར་ཞིབ་ཚགས་གླེང་འདོད་ཡོད། ༧གོང་ས་མཆོག་གིས་སྨན་རྩིས་ཁང་གི་ལས་དོན་བྱེད་ཕྱོགས་ཐད་ཐུགས་ཕམ་རབ་དང་རིམ་པར་གནང་ཡོད་པ་མ་ཟད། བཀའ་བཀྱོན་ཐེངས་མང་གནང་ཡོད་པ་རིམ་པར་མི་མང་ལ་གསལ་བོ་ཆགས་དགོས་ངེས་རེད་སྙམ།
དེ་རིང་གླེང་བྱའི་གནད་དོན་གཙོ་བོ་སྟེ་ལྷ་མི་ཀུན་སྤྱོད་གཅིག་པ་ཞེས་ཡོངས་སུ་གྲགས་པ་དེ་ནི་བདེན་པ་རེད། ད་ཐེངས་བོད་མི་ཚང་མར་དེ་དོན་དངོས་ར་གསལ་འཕྲོད་བྱུང་ཡོད་ཤག་ཡིན། དུས་འཁོར་དབང་ཆེན་གྱི་སྐོར་དང་སྲིད་སྐྱོང་གི་སྐུ་པར་༧གོང་ས་མཆོག་གི་སྐུ་པར་ལས་ཀྱང་རྩ་ཆེར་རྩིས་སྐོར། བཀའ་བློན་བདེ་སྐྱིད་ཆོས་གཡང་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་ལས་དོན་གནང་ཕྱོགས་ལ་མཉམ་རུབ་བྱེད་རྒྱུར་འགན་མ་བཟོད་ནས་རྩ་དགོངས་ཞུས་སྐོར། གཞུང་གི་ཁྲིམས་སྒྲིག་ཁག་དང་འགལ་བའི་ལམ་ནས་༼ སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་སྔོན་རྩིས་གཏན་འབེབས་སྐབས་རེ་རེ་བཞིན་ཐེར་འདོན་གནང་བ་ཁག མཆན།༽འོས་བསྡུའི་སྐབས་སྤྱི་ཚོགས་འཁྲུགས་གཞིའི་ལས་དོན་སྣ་མང་གནང་ཡོད་པ་མ་ཟད། རྒྱབ་སྐྱོར་བ་མདོ་སྟོད་སྤྱི་ཟུར་ཨྱོན་སྟོབས་རྒྱལ། བེ་རི་འཇིགས་མེད་དབང་རྒྱལ་སོགས་མི་སྣ་མང་པོས་བོད་སྤྱིའི་དམ་ཚིག་ལ་རྒྱར་འགན་འཁུར་གང་ཡང་མ་གནང་བ་མ་ཟད། ཨ་རིར་གནས་སྡོད་ལི་ཐང་བློ་བཟང་འཇམ་དཔལ་ཟེར་བ་སོགས་ཀྱིས་ཚོགས་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་མང་པོར་མི་གསོད་ཁྲག་སྦྱོར་གྱི་འཇིགས་སྐུལ་བཏང་བ། དོལ་རྒྱལ་ཚོགས་པའི་དམངས་ཁྲོད་ཁ་བརྡའི་གཙོ་སྐྱོང་གཏེ་བོ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེར་ཡིག་ངག་གཉིས་ནས་རྒྱབ་སྐྱོར་ཞུས་པ། སྲིད་སྐྱོང་རང་གིས་ཀྱང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅའ་འདྲིའི་ནང་ཚོགས་གཙོ་མཆོག་གིས་མི་བསད་སྐོར་གྱི་གླེང་རྙོག་ཇེ་ཆེར་བཏང་བ། ཁ་སྔོན་འཚོགས་མ་ཐག་པའི་སྐབས ༡༥ པའི་ཚོགས་དུས ༡༡ པའི་སྟེང་སྲིད་སྐྱོང་མཆོག་གིས་སྔར་བྱས་ཀྱི་འགལ་འཛོལ་ལ་བཟོད་གསོལ་དགོངས་དག་ཞུ་རྒྱུའི་རྣམ་འགྱུར་ཙམ་སྟོན་རྒྱུ་ལྟ་ཅི། ནོངས་འགྱོད་ཙམ་ཡང་མེད་པར་༧གོང་ས་མཆོག་གི་བཀའ་སློབ་དང་འོས་བསྡུའི་བརྒྱུད་རིམ་བཅས་པར་ལོག་འགྲེལ་ཅི་གནང་ཀུན་ལ་མཐུན་སྣང་དུ་གྲུབ་ཡོད་པ་རེད།
གལ་སྲིད་བཀའ་སྤྱི་གཉིས་ནས་ད་ཐེངས་འོས་བསྡུའི་བརྒྱུད་རིམ་ཆ་ཚང་ལ་བོད་མིའི་ཚོགས་ཆུང་གཅིག་དང་། ཨ་རི་དང་རྒྱ་གར་གཞུང་ལྟ་བུར་འབོད་སྐུལ་གྱིས་ཕྱི་མིའི་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་ཀྱིས་ཚད་ལྡན་ཞིབ་འཇུག་མཐར་ཕྱིན་པ་ཞིག་གནང་ཐུབ་པ་ཡིན་ན། ཞིབ་འཇུག་གྲུབ་དོན་ནང་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་དང་ཁོའི་རྒྱབ་སྐྱོར་མགོ་འདོམས་པ་ཚོས་བོད་སྤྱིའི་གོང་བུའི་ནུས་པར་འགན་འཁུར་གང་ཡང་ཞུས་མེད་པའི་གནས་ཚུལ་འཁོད་རྒྱུ་ནི་གཡོལ་ཐུབ་མེད་པ་ཞིག་རེད། གནས་སྟངས་འདི་བཞིན་དངོས་དོན་དུའང་འབྱུང་འགྱུར་ལོ་གཅིག་ལྷག་ནང་བོད་ཕྱི་ནང་ཀུན་ལ་གསལ་བོ་གསལ་རྐྱང་ཆགས་རྒྱུ་ཡིན་པ་ནི་གདོན་མི་ཟ་བ་ཞིག་རེད་ལ། བོད་ཀྱི་རིག་གནས་དང་ལས་འབྲས། སྐྱེ་བ་སྔ་ཕྱིའི་གནས་ཚུལ་ལ་གོ་བ་ཅུང་ཙམ་རྙེད་ཡོད་མཁན་ཞིག་ཡིན་ན། གནས་ཆུང་ཆོས་རྒྱལ་ཆེན་པོ་དང་ཚེ་རིང་མཆེད་ལྔའི་བཀའ་ཆད་ཕོག་པའི་གནས་སྟངས་འདིས་ནི་ཡོངས་སུ་གསལ་བཤད་བྱས་ཟིན་པས། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རང་ཉིད་ཀྱི་ཕྱག་རང་ཉིད་ཀྱི་བྲང་ཁར་ཐེངས་གཅིག་བཞག་སྟེ་དགོངས་བཞེས་གནང་བ་ཡིན་ན། རང་ཉིད་ལ་བོད་མི་ས་ཡ་དྲུག་ནང་གཟུར་གནས་ཤེས་ལྡན་མི་སྣ། སྤྱི་སེམས་ཅན། དོ་སྣང་ཅན། མཁས་པ་དང་རྩོམ་པ་པོ། གཞུང་ཞབས་དང་གཞུང་ཞབས་ཟུར་པ་བཅས་ཀྱི་ཁྲོད་ཡིད་ཆེས་གནང་མཁན་ཆེས་དཀོན་པར་གྱུར་ཟིན་པ་ནམ་ལངས་ཉི་ཤར་གྱི་ཚུལ་དུ་ཐུགས་རྒྱུད་ལ་ཁྲ་ལམ་མེར་ཤར་ངེས་ཤིང་། འོས་བསྡུའི་བརྒྱུད་རིམ་ནང་འོས་མི་རང་ཉིད་དང་རང་ཉིད་ཀྱི་རྒྱབ་སྐྱོར་པའི་བྱེད་བབ་ཀྱིས། ༧གོང་ས་མཆོག་དང་བོད་སྤྱིའི་དམ་ཚིག་ལ་རྒྱར་ལྟོས་མེད་ཁྱད་གསོད་མང་དག་བྱས་ཡོད་པར་བརྟེན། མ་འོངས་པའི་བོད་འདི་ཉེན་ཁ་ཧ་ཅང་ཆེ་བའི་ལམ་དུ་དེད་ཡོད་པའང་མཁྱེན་ནས། ཞེད་སྣང་དང་ནོངས་འགྱོད་སྔ་ན་མེད་པ་ཞིག་ཀྱང་སྐྱེ་ངེས།
ཧ་ཅང་བློ་ཕམ་དགོས་པ་ཞིག་ནི། ང་དེ་རིང་ཡོད་སའི་བལ་ཡུལ་གྱི་གཞིས་ཆགས་ཁུག་ཀྱོག་འདིར། བོད་མི་ཚོས་གནས་ཆུང་དང་ཚེ་རིང་མཆེད་ལྔས་སྲིད་སྐྱོང་བློ་བཟང་སེང་གེར་བཀའ་ཆད་ཕོག་པའི་གནས་སྟངས་དེར་ཞེད་སྣང་ཚད་ལས་བརྒལ་བ་བྱེད་བཞིན་པ་དེ་རེད། བརྒྱུད་ལམ་ཁག་ཏུ་ལྟ་ཞིབ་བྱས་ནའང་། བཙན་བྱོལ་བོད་མི་ཙམ་མིན་པར། ཚེ་རིང་མཆེད་ལྔས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་བསྟུན་མར་ཕྱག་ནས་ཀྱིས་སྡིག་མཛུབ་དང་བཅས་ཏེ་གཞུས་པ་ནི། བོད་ནང་གི་བོད་མི་རྣམས་ཀྱང་རྣམ་རྟོག་སྐྱེ་གཞི་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་ནི་གསང་ཐབས་མེད་པ་ཞིག་རེད། མི་མང་གིས་”ད་བཀའ་ཤག་གིས་༧གོང་ས་མཆོག་ལ་དགོངས་སེལ་སྐྱབས་འཇུག་དང་། གཞུང་བསྟེན་སྲུང་མ་དམར་ནག་གཉིས་ལ་བསྐང་བཤགས་རྒྱ་ཁྱབ་ཏུ་གནང་སྟེ། ཡང་བསྐྱར་སྤྱན་འདྲེན་གྱིས་དགོངས་པ་དྭངས་ཡོད་མེད་འཁྲུན་ཐག་གང་མགྱོགས་མ་བཅད་ཚེ། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་དོན་རྐྱེན་ག་རེ་བྱུང་ཡོང་། དཀོན་མཆོག་མཁྱེན་”ཞེས་དང་། ཡང་རེ་འགས། ”དེ་སྔར་དོལ་རྒྱལ་ཚོགས་པས་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་རྒྱབ་སྐྱོར་བྱས་པས་རྟེན་འབྲེལ་འཕྱུག་པ་ཡིན་ནམ་”ཟེར། དེ་བཞིན་ལ་ལས། ”དུས་འཁོར་དབང་ཆེན་སྐོར་༧གོང་ས་མཆོག་གསེར་ཞལ་ལྷམ་མེར་བཞུགས་པའི་དྲུང་ནས་ཀྱང་མངོན་སུམ་ལ་བསྙོན་ཏེ་ཁས་ལེན་མ་གནང་བས་བཀའ་ཆད་ཕོག་པ་མིན་ནམ་”སོགས་རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་གསུངས་པ་ལྟར། གླེང་གཞི་དེ་དག་གིས་ས་གནམ་ཐམས་ཅད་རབ་ཏུ་ཀུན་ཏུ་ཁྱབ་འདུག
ཁོ་བོ་ལྟ་བུར་མཚོན་ན། མི་མང་གི་གླེང་གཞི་དང་དོགས་པ་རྣམ་རྟོག་དེས། སྤྱི་ཟླ་ ༤ ཚེས་ ༢ ཉིན་གྱི་མཚན་མོར་གཉིད་ཀྱང་རྩ་ཡལ་དུ་སོང་། གནས་ཆུང་ཆོས་རྒྱལ་ཆེན་པོས་སྲིད་སྐྱོང་བློ་བཟང་སེང་གེའི་ཕྱག་ཏུ་རྡོ་རྗེ་མནའ་ཆུ་བླུགས་ཏེ་ཉེན་བརྡ་བཏང་འདུག་པ་དང་། ཚེ་རིང་མཆེད་ལྔ་དྲག་ཏུ་ཁྲོས་པའི་ཚུལ་དེར་ལྟ་མི་ཐུབ་པ་ཞིག་རེད། ངའི་རེ་བར། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་འོས་བསྡུའི་བརྒྱུད་རིམ་ནང་མི་མང་ལ་དབུ་བསྐོར་ཞུས་པའི་གནས་ཚུལ་ཐམས་ཅད་ངོས་ལེན་གནང་མི་ཐུབ་ཀྱང་། དུས་འཁོར་དབང་ཆེན་དང་སྐུ་པར་གྱི་གནས་ཚུལ་ཞལ་བཞེས་གནང་སྟེ་ཡོངས་གྲགས་ལྷ་མི་གཉིས་ལ་དགོངས་སེལ་ཞུས་ན། མ་འོངས་པར་ཀ་ཤོད་ཆོས་རྒྱལ་ཉི་མ་ལྟར་མིན་པར། སྐུ་ཚེའི་མཛད་འཕྲིན་ལམ་དུ་ལྷོང་ངེས་རེད་སྙམ་པ་ཞིག་རིགས་པའི་ལམ་ནས་མཐོང་གི་འདུག་པས། གང་ཟག་ལས་སྒྲིག་འཛུགས་གལ་ཆེ་བ་དང་། ལུང་ཚན་དང་ཆོལ་ཁ་ལས་སྤྱི་བའི་ཆིག་སྒྲིལ་གལ་ཆེ་བའི་༧གོང་ས་མཆོག་གི་ལམ་སྟོན་འོག་ད་ནས་བཟུང་ཞལ་ཞེ་གཉིས་མེད་དང་། མངོན་ལྐོག་མེད་པར་བློ་གཅིག་སེམས་གཅིག་གིས་ཕེབས་ཏེ་སྔ་འགྱོད་ཕྱིས་སྡོམ་ངང་བོད་སྐྱོབམཛད་འཕྲིན་གཤའ་མ་ཞིག་སྐྱོང་བའི་དམ་བཅའ་གངས་ལྗོངས་ལྷ་མི་ཡོངས་ཀྱི་མདུན་སར་འཇོག་དགོས་པའི་དུས་ལ་བབས་འདུག
༢༠༡༦། ༤། ༥། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་སུ་སྦྱར།།
རང་གི་གཞི་མེད་སྙོན་འཛུགས་བྱས་པ་ཉུང་ཉུང་མིན་ད་ཚོད་བཟུང་།
སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་།
བོང་བུས་ཝ་པགས་གྱོན་པ།
ང་ནི་རིན་པོ་ཆེ་ཡིན།
ལྷ་མོ་ཚེ་རིང་མཆེད་ལྔས།
མིག་ནང་ཕྱག་ནས་གཞུ་དུས།
ང་ནི་ངོ་རེ་ཚ་སོང་།
འགྱོད་བཤགས་ཕྱིས་སྡོམ་མེད་དུས།
རྒྱ་རིགས་མིན་འགྲོ་སྙམ་བྱུང་།
ཀ་ཤོད་པ་ལས་སྡུག་པའི། །
ཁ་བའི་སྲིད་སྐྱོང་བློ་སེང་། །
ག་ནས་བརྟགས་ཀྱང་སྐྱོ་བ། །
ང་ཚོའི་ལས་དབང་མིན་འགྲོ །
སྲིད་སྐྱོང་བློ་བཟང་སེང་གེ །
༸རྒྱལ་བའི་དགོངས་པ་མ་དཀྲུགས། །
སྤྱི་དོན་འཐུས་ཤོར་མ་གཏང་། །
ཆོལ་ཁའི་ཕྱོགས་ཞེན་མ་བྱེད། །
སྲིད་སྐྱོང་བློ་བཟང་སེང་གེ །
མི་འཇོན་འཇོན་མདོག་མ་སྟོན། །
རྫིག་རྫིགས་འདྲ་ཆགས་རྣམ་འགྱུར། །
གཟི་བརྗིད་ཁོག་སྟོང་མིན་ནམ། །
བཙན་བྱོལ་ནང་གཞི་མེད་སྐྱོན་འཛུགས་དང་། ནང་འཁྲུག་གི་གཞི་སློང་མཁན་གཙོ་བོ་དེ་ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་འདི་བཙན་བྱོལ་དུ་འབྱོར་བ་ནས་བཟུང་འགོ་ཚུགས་སོང་། ཤར་ཕྱོགས་ཁུག་རྟ་ཡིན་མདོག་ཤེས་མདོག་མ་བྱེད་ཨ། ཁྱེད་རང་མི་གང་འདྲ་ཡིན་ཚང་མས་ཤེས་གསལ་རེད།
ཤར་ཕྱོགས་ཁུག་རྟ་ལགས །བརྙན་ཐུང་དེ་དྲ་ངོས་ལ་གསལ་པོ་ཡོག་རེད་ལོག་བཤད་དང་སོ་སོའི་སྙིང་ནད་སངས་ཐབས་ཙམ་ལས་མི་འདུག །ཁྱོད་རང་ནི་ག་དུས་ཡིན་ཡང་བོད་མི་རིགས་ནང་བརྙོག་གྲ་རྐྱང་ཡོང་ཐབས་ཀྱི་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་ལས་ད་བར་དུ་ལས་ཀ་བཟང་པོ་ཞིག་རྩ་ནས་བྱས་མ་སོང་། ཁྱོད་ཀྱི་གཏམ་ལ་གླེན་པ་གཏི་མུག་ཅན་ལུག་འདྲ་བའི་མི་ཞིག་ཡིན་ན་མ་གཏོགས་ཡིད་ཆེས་སུ་གང་གི་བྱེད་མི་སྲིད །དུས་ཚོད་མ་འགྲོ་ན་དགེ་བ་སྣ་རེ་བསྒྲུབས་ནས་བསྡད་དང་འདི་ཕྱི་གཉིས་ཀ་ལ་ཕན་པ་ནི་བདེན་མི་ཟ །དེ་མིན་ན་བོད་སྤྱི ཚོགས་ལ་ཕན་པའི་རྩོམ་ཡིག་རེ་བྲི་ཨེ་ཐུབ་ལྟོས་དང་ང་ཚོའི་སྤྱི་ཚོགས་ནང་ཅུང་ཙམ་རེ་ཕན་པ་ཡོང་སྲིད་པ་རེད་ལ་ཁྱོད་ཀྱི་ཕ་མ་དང་དགེ་རྒན་ལ་ཡང་དྲིན་ལན་སྣ་གཅིག་རེ་འཇལ་བ་རེད་བསམ །
ཤར་ཕྱོགས་ཁུགས་རྟ་ལགས་ཁྱེད་རང་གིས་བཀའ་ལུང་གི་སྙན་ཐུང་དེའི་སྐོར་ལ་གྲང་པོ་གསུང་མིན་འདུགས་ ངས་ཡང་སྙན་ཐུང་ངོ་མ་འཛུན་མ་གཉིས་ཀ་ལྟ་ཡས་བྱུང་ སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀ་ལ་སྡིག་མཛུབ་དང་ཕྱག་ནས་གཏོར་བ་དང་གཉིས་ཀའ་གི་ཕྱག་མཉམ་དུ་གཟུང་པའི་རྗེད་ཁོང་གཉིས་ཀའ་ལ་དུས་གཅིགས་ཏུ་ཕྱགས་པུང་པའི་སྟེང་ལ་ཞགས་ནས་བཀའ་ལུང་འདྲ་པོ་སྐྱན་སོང་་དེ་མིན་རྒྱབ་ཕྱོགས་གི་མི་རྣམ་ལ་དེ་ལྟར་ཕྱག་ནས་གཏོར་
སོང་ དེའི་རྗེས་གནས་ཆུང་གི་བཀའ་ལུང་དྲ་ཐོགས་ལ་དོན་སོང་ལུང་གི་ནང་དོན་ཐོ་སྲིད་སྐྱོང་ནས་བར་སྤྱི་ཐུས་འོག་མི་དམང་གཅས་ལ་རེད་འདུགས་
དེའི་ནང་ནས་ཀྱང་རང་རང་འཁུར་བགྱེདམེད་པའིསྨྲ་བ་མང་བ་ཅན་ཞེས་གསུང་འདུགས་པའི་ཚང་མས་སོ་སོར་འཛུ་མོ་གཙུགས་རན་འདུགས་ཀའོ།
བོད་དེ་རྒྱ་ནག་འོག་ཏུ་རང་དབང་ལེན་དགོས་ཀྱི་ཡོད་ན་ཆོལ་གསུམ་མི་རེ་ངོ་རེ་འགན་ཞིག་ཁྱེར་ནས་རྡོག་རྩ་གཅིག་སྒྲིག་བྱ་དགོས་པ་ལས་རེ་ཟུར་ཞིག་མ་གཏོགས་འགན་ཁུར་མི་དགོས་པར་གཏན་ནས་མིན།འདི་ལྟ་བུ་བོད་མི་ནང་ཁུངས་ལ་རྙོག་གླེང་རྫོགས་རྒྱུ་མིན་པ་སྐད་འཕྲིན་དང་དྲ་ལམ་ཐོག་མི་མཐུད་ནས་སྤེལ་པ་ཡིན་ན་ཕན་ཐོགས་འདུག་གམ།བོད་མི་རང་དབང་རྩོད་ལེན་བྱ་རྒྱུ་ཡིན་ན་ནང་ཁུངས་དུམ་བུ་ལ་འགོད་ཐབས་བྱ་དགོས་པ་ལས་དྲྭ་ལམ་སྡིངས་ཆ་འདི་བསྐྲུན་ནས་རྩོད་ལེན་བྱ་སར་མིན་ལ་རྩོད་ལེན་བྱ་ཡུལ་རྒྱ་ནག་ཡིན་པ་ཧ་གོ་དགོས།
ད་ནི་བཙན་བྱོལ་སྒྲིག་འཛུགས་འདི་ཉིད་ཡག་པོ་ཞིག་ཡོང་མིན་སྲིད་སྐྱོང་མཆོག་ལ་རེག་ལས་པ་རེད། རིང་མིན་ཕྱག་རོགས་བཀའ་བློན་འདེམས་སྐབས་ཆོལ་ཁ་གསུམ་འདྲ་མཉམ་གྱི་བཀའ་བློན་འོས་མི་གདམ་པ་དང་། ལྷག་པར་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཕྱག་རོགས་བཀའ་བློན་གྱི་གོ་སྐབས་སྤྲད་པ་སོགས་བྱས་ཚེ་སྒྲིག་འཛུགས་ཀྱི་ནུས་པ་ཉམས་སྤུངས་འགྲོ་ངེས་རེད།
དེ་མིན་བཀའ་བློན་གྱི་ཁོངས་ནས་མདོ་སྨད་ཀྱི་ས་མིག་མ་སྟོང་ཙམ་གྱིས་མཐོང་ཆུང་དང་། ཚོགས་གཙོ་སྤེན་པ་ཚེ་རིང་ལས་མེད་དུ་བཞག་ཚེ་འོས་བསྡུའི་སྐབས་ཀྱི་ན་ཚ་ཡོད་ཚད་སྲིད་སྐྱོང་ལ་མུ་མཐུད་དགྲ་རུ་སྡང་ངེས་ཡིན་པས། ང་ཚོས་མིག་མདུན་ནས་མ་རིང་བར་མཐོང་ཐུབ་པ་ནི་སྲིད་སྐྱོང་གི་བློ་རྒྱའི་ཡངས་དོགས་དང་། མདུན་སྐྱོད་ཀྱི་ལས་གཞི་བཅས་ཡིན་པས་ད་ནི་ལྟད་མོར་སྒུག་ངེས་ཡིན།
ད་ལྟའི་སྲིད་སྐྱོང་བློ་སེང་གིས་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐུགས་དཀྲུག་སྟེ། གནས་སྐྱོངས་སྲུང་མ་ཡང་ཐུགས་ཁྲོས་ནས་ཕྱག་ནས་ཀྱིས་ཐེངས་འགར་རྒྱབ་པ་འདི་བཀྲ་མི་ཤིས་པའི་རྟགས་མཚན་ཆེན་པོ་ཞིག་རེད། མི་ལོ་བཞིའི་རིང་བོད་སྤྱིའི་ལས་དོན་བྱེད་ཕྱོགས་ཐད་ནས་འཐུས་ཤོར་ཕྱིན་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ཏེ། གལ་སྲིད་འཐུས་ཤོར་ཕྱིན་པ་དང་༧རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་དཀྲུག་ཡོད་པ་རང་གིས་ཤེས་ཡོད་ཚེ། སྲིད་སྐྱོང་གི་རྐུབ་སྟེགས་འདིའི་ཐོག་ནས་དགོངས་ཞུ་བྱས་ན་ཧ་ཅང་ལེགས་པོ་རེད་སྙམ། འཐུས་ཤོར་རྒྱ་ཆེན་པོ་ཞིག་ཕྱིན་པའི་ཁར་༧རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་དཀྲུག་ཡོད་པ་ཤེས་བཞིན་དུ། ཤེས་བཞིན་དུག་འཐུང་བྱས་ན་རྒྱ་ནག་དམར་པོ་ལས་ཀྱང་ཉེན་ཁ་ཆེ་བའི་བོད་ཀྱི་ལོ་རྒྱུས་ཁོད་དུ་ནག་ཉེས་ཅན་ཞིག་ཡིན་པ་འགྱུར་རྒྱུ་གདོན་མི་ཟ་བ་ཞིག་རེད།་
བདེན། ངོ་མ་བདེན། དཔལ་ལྡན་ཚོགས་གཙོ་མཆོག་ལ་བཀའ་བློན་གྱི་གོ་གནས་གནང་དགོས་ངེས་ཤིག་རེད། ཉམས་མྱོང་གིས་ཕྱུག་ཅིང་ལྷག་བསམ་དང་དྲང་ཚུགས་བརྟན་པ་འཛིན་སྐྱོང་ལ་རྒྱུས་མངའ་ཆེ་བ་ཡིན་པ་ཚང་མས་ཤེས་གསལ་ལགས།།
བཀའ་བློན་ལ་བཀོད་ན་ཡགས་པོ་འདུགས་་ཏེ་་སྲིད་སྐྱོང་ནས་མིང་བཏོན་གནང་ཨ་ཡོང་ལ་སྤྱི་མཐུས་ལྷན་ཚོགས་ནས་མང་མོས་གནང་ཨ་ཡོང་ ལར་ནས་དོ་མདགས་ཁོ་རང་ནས་ཀྱང་བཀའ་བློན་གནང་ཨ་ཡོང་ན་ གང་ལ་ཟེར་ན་ཉེན་སྔོན་འགྲོ་གླེངསྐབ་ལ་ཁོང་སྐུ་ངོ་མས་གསུང་ཡས་ལ་ང་མིའི་འོགས་ལ་ལས་བཀའ་བྱེད་ཡས་ལ་དགའ་པོ་མེད་གསུང་སོ་ཀོའོ།
ཤར་ཕྱོགས་ཁུག་རྟ་ཁྱེད་ཀྱི་བདེན་དོན་གྱི་རྩོམ་ཡིག་འདིར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། བདེན་དོན་འདི་གཞིར་བཞག་ཏེ་སྤྱིར་སྲིད་སྐྱོང་བློ་སེང་གི་རྒྱབ་སྐྱོར་བ་དང་ཁྱད་པར་ཟུར་གནས་རྨོངས་ཅན་རྣམས་ཀྱིས་གཟུ་བོ་བློས་ཞིབ་དཔྱད་ཀྱིས་བདེན་པ་ཉིད་རྣམ་པར་རྒྱལ་རྒྱུའི་ཕྱོགས་སུ་དབུ་བ་དཔུང་འདེགས་གནང་རོགས།།