བདེ་སྲུང་དྲུང་འཕར་ཀུན་དགའ་བཀྲ་ཤིས།
༄༅། ཕྱི་ལོ་ ༢༠༡༦ ཟླ་བ་ ༤ ཚེས་ ༥ དགོང་མོར་བདེ་སྲུང་འཛིན་སྐྱོང་སྡེ་ཚན་ནས་སང་ཞོགས་ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། བཀའ་བློན་མཆོག་ནས་ལས་བྱེད་ཚང་མར་འཁྱུག་ཙམ་ཐུག་འཕྲད་གནང་རྒྱུ་ཡིན་སྟབས། ལས་བྱེད་ཡོངས་དུས་ཐོག་ཏུ་འཛོམས་དགོས་པའི་ཚོགས་བརྡ་འབྱོར་བ་ལྟར། ལྡི་ལི་དང་ལྡེ་ར་རྡུན་དུ་ཆིབས་ཞབས་སུ་བཅར་མཁན་དང་། དགོངས་ཞུ་གནང་མཁན་རེ་ཟུང་ཡོད་པ་ཕུད་དེ་མིན་བདེ་སྲུང་ཁྱབ་ཁོངས་མ་ལག་དང་བཅས་པའི་ལས་བྱེད་ཡོངས་རྫོགས་ཚེས་ ༦ ཉིན་གྱི་སྔ་དྲོར་དུས་ལྟར་འཛོམས་སོང་།
ངའི་བསམ་པར་ཉིན་དེར་བཀའ་བློན་མཆོག་གིས་ནམ་རྒྱུན་ལྟར། ལས་བྱེད་རྣམས་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་གི་ཡོད་ཤག་ལས། མི་ལོ་ཧྲིལ་པོ་བཞི་བཅུ་ཐམ་པར་ཕྱག་ལས་གནང་སའི་བདེ་སྲུང་ལས་ཁུངས་ནང་བཀའ་བློན་གྱི་མཚན་ཐོག་ནས་བཀའ་སློབ་མཐའ་མ་དེ་གནང་རྒྱུ་ཡིན་པ་སེམས་ཀྱི་ཟུར་དུའང་དྲན་མ་སོང་།
སྐབས་དེར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་བཀའ་བློན་ལས་ཁུངས་ནས་མར་ཕེབས་ཡོང་སྐབས་ཕྱག་ཏུ་ཡིག་སྐོག་དཀར་པོ་ཞིག་བསྣམས་འདུག་ལ། བཞིན་མདངས་དང་རྣམ་འགྱུར་སོགས་ནམ་རྒྱུན་དང་འདྲ་བ་ལས་དམིགས་བསལ་གང་ཡང་མེད་པར་ཞབས་སྟེགས་སྟེང་བཞུགས་རྗེས་ “བར་ལམ་གྱི་གནས་ཚུལ་ཚང་མ་རྣམ་པ་ཚོས་མཁྱེན་མཁྱེན་པ་རེད་པཱ་་་་་་་ ” ཞེས་གསུངས་ཏེ་བཟང་སྤྱོད་དང་འགན་འཁུར་ཁོ་ནས་མ་བཞག་པར་བཀའ་བློན་གྱི་མཛད་འཁུར་ནས་དགོངས་ཞུ་གནང་པ་སྲིད་སྐྱོང་མཆོག་ལ་སྙན་སེང་ཞུས་ཟིན་པ་ཡིན་ཞེས་དགོངས་ཤོག་ངོ་བཤུས་ཤིག་འཛིན་སྐྱོང་དྲུང་ཆེར་ཕུལ་སོང་།
འདི་ནི་ཅི་འདྲའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་རེད་ཨང་། སོ་སོའི་ཨམ་ཅོག་ལའང་ཡིད་མ་ཆེས་པ་ཞིག་བྱུང་སོང་། སྐབས་དེར་ང་དང་ངའི་ལས་རོགས་དྲུང་འཕར་གཉིས་སྐུ་ངོ་འཛིན་སྐྱོང་དྲུང་ཆེའི་གཡོན་ཕྱོགས་སུ་བསྡད་ཡོད་ལ། ངའི་མདུན་ཕྱོགས་དང་གཡས་ཕྱོགས་སུ་ལས་བྱེད་གཞན་རྣམས་བང་རིམ་ལྟར་བཞུགས་འདུག བཀའ་བློན་མཆོག་གིས་བཀའ་སློབ་དབུ་འཛུགས་གནང་སྟེ་ཅུང་ཙམ་རྗེས། ངའི་མདུན་ཕྱོགས་ཀྱི་ལས་བྱེད་བུ་དང་བུ་མོ་རེ་ཟུང་གི་མིག་ནང་མཆི་མས་ཁེངས་འདུག་ལ། ཁ་ཤས་ཀྱིས་རང་གི་སྟོད་ཐུང་གདོང་པར་བཀབ་ནས་དངངས་བཞིན་དུ་མཆི་མ་ཕྱི་བཞིན་འདུག ངའི་གཡས་ཕྱོགས་ཀྱི་ལས་བྱེད་རྣམས་མགོ་བོ་སྨད་ནས་བཞུགས་འདུག་ལ། འགུལ་ཙམ་ཡང་མི་བྱེད་པར་ཧང་སངས་བ་དང་ཧོན་ཐོར་བའི་རྣམ་འགྱུར་ཕྲན་གྱིས་དངོས་སུ་མཐོང་།
སྐབས་དེར་ངའི་གཡས་ཕྱོགས་སུ་བཞུགས་པའི་འཛིན་སྐྱོང་དྲུང་ཆེ་ཡིས་ཕྱག་གཉིས་འདར་བཞིན་དུ་བཀའ་བློན་མཆོག་གི་དགོངས་ཤོག་ལ་ཐུག་ཙམ་ཐུག་ཙམ་གནང་སྟེ། སྤྱན་ཟུང་འཕུར་འཕུར་གནང་བཞིན་ངུ་ངག་དང་བཅས་བཀའ་མོལ་ཚིག་འགའ་གསུངས་སོང་ཡང་། ཨམ་སྐད་དམ་པའི་སྟེང་ལ་ངུ་སྐད་འདྲེས་པ་དང་། ང་རང་ཡང་ཧོན་འཐོར་ཏེ་བསམ་བློ་རྣལ་དུ་གནས་མེད་པའི་སྐབས་དང་འཁེལ་སྟབས། དྲུང་ཆེའི་གསུང་ཚིག་གི་ནང་དོན་གང་ཡང་གོ་ཐུབ་མ་སོང་། ངའི་འཁྲིས་ཀྱི་ལས་རོགས་དྲུང་འཕར་གྱིས་དབུ་བྲང་དུ་སྨད་ཅིང་། མཚམས་རེར་བཀའ་བློན་མཆོག་གི་ཞལ་ལ་ལྟ་ཙམ་རེ་གནང་སྟེ། དབུགས་རིང་རེ་འཐེན་ནས་བཞུགས་འདུག
སྐབས་དེར་ལས་ཁུངས་ཀྱི་ཇ་པས་ཞོགས་པའི་གསོལ་ཇ་འདེགས་འབུལ་གྲ་སྒྲིག་གནང་གི་འདུག་ཀྱང་། ལས་བྱེད་རྣམས་ཀྱི་བཞིན་མདངས་ཡལ་ཞིང་། ཧོན་འཐོར་བའི་ངང་ནས་རང་རང་སར་ཕྱིན་སོང་། སྣང་ཚུལ་འདིས་བདེ་སྲུང་ལས་བྱེད་མཐོ་དམན་ཚང་མས་འབྲོང་ཆུང་དངོས་གྲུབ་མཆོག་ལ་བཅངས་པའི་བརྩེ་གདུང་དང་གུས་བརྩི་མཚོན་པ་མ་ཟད། ཁྱིམ་ཚང་ཞིག་གི་ཨ་མས་གློ་བུར་དུ་ཁྱིམ་དེ་ནས་འཐོན་གྱི་ཡིན་གསུངས་ན་ཕྲུ་གུ་རྣམས་ལ་སྐྱོ་སྣང་ཚད་མེད་ཅིག་ཡོང་བ་ཆོས་ཉིད་ཡིན་པ་ལྟར། ལས་བྱེད་མཐོ་དམན་བར་གསུམ་ལ་གཟིགས་རྟོགས་ལམ་སྟོན་གཅིག་གྱུར་གནང་མཁན་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་འདི་ལྟར་གློ་བུར་དུ་ཕེབས་འགྲོ་སྐབས། ལས་བྱེད་ཡོངས་ལ་སྐྱོ་སྣང་ཚད་མེད་ཅིག་དང་ཕངས་སེམས་བཅོས་མིན་ཞིག་ཡོང་གི་ཡོད་པ་སྨོས་ཅི་དགོས།
ལས་བྱེད་ཚང་མས་དེ་ལྟ་བུའི་བརྩེ་དུང་དང་གུས་བརྩི། སྐྱོ་སྣང་དང་ཕངས་སེམས་བྱེད་དགོས་དོན་གང་ཡིན་ནམ། ང་རང་ཕྱི་ལོ་ ༡༩༨༣ ལོ་ནས་བཟུང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་དང་མཉམ་དུ་འདྲིས་ཏེ་ད་བར་མི་ལོ་ ༣༢ ལྷག་ཕྱིན་སོང་། ཁོང་ནི་གནས་ཚུལ་དབྱེ་ཞིབ་ཀྱི་རིག་པ་རྣོ་བ་དང་། མཐོ་དམན་བར་གསུམ་ལ་འབྲེལ་བ་འཛིན་ཐུབ་མཁན། གལ་གནད་ཆེ་ཆུང་གི་དབྱེ་མཚམས་གཅོད་མཁས་པ་དང་། ཆོལ་ཁ་ཆོས་ལུགས་ལུང་ཚན་སོགས་ཀྱི་དབྱེ་བ་མེད་པར་གཅིག་གྱུར་གྱི་གཟིགས་རྟོགས་གནང་ཐུབ་མཁན་ཞིག་ཡིན།
གནས་ཚུལ་ཆེ་ཕྲ་གང་ཞིག་ཡིན་ཡང་། མང་ཙམ་གསན་ཞིང་ཉུང་ཙམ་གསུང་མཁན་ཞིག་ཡིན་ན་ཡང་། དགོངས་གཞི་དང་འགྲེལ་བརྗོད་དགོས་སར་མ་འཆུག་པ་གནང་མཁན། གཞན་གྱིས་ཕུལ་བའི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་འབྲེལ་ཏེ། གནས་ཚུལ་གྱི་རིན་ཐང་འཕྲོ་བརླག་ཏུ་མི་འགྲོ་བའི་ཐབས་ཤེས་གནང་མཁས་པ། དེ་དག་གིས་ཕྱི་ནང་གཉིས་ཀར་ནུས་པ་གང་འདྲ་ཞིག་ཐོན་ཡང་། འབྲེལ་ཡོད་ལས་བྱེད་ལ་ཤེས་རྟོགས་ཆེད་ཚད་གཞི་ཡོད་པའི་སྒོ་ནས་མཉམ་སྤྱོད་གནང་བ་ལས། རང་ཉིད་ཀྱི་མིང་གྲགས་སླད་དུ་ཁྱབ་བསྒྲགས་གནང་བའི་གཤིས་ཀ་གཏན་ནས་མེད།
ལས་བྱེད་མཐོ་དམན་བར་གསུམ་ལ་དཔོན་ཉམས་མེད་པར་གཅིག་གྱུར་གྱི་གཟིགས་སྟངས་འཛིན་ཞིང་། དུས་རྒྱུན་༧རྒྱལ་བའི་དགོངས་གཞི་བསྒྲུབ་རྒྱུ་དང་། གཞིས་ལུས་མི་མང་གི་བདེ་སྡུག་དང་འབྲེལ་བའི་ལས་དོན་རིགས་དུས་ཀུན་ཨང་དང་པོར་འཇོག་གནང་མཁན་ཞིག་ཡིན་པ་སོགས་ནི། ཐེངས་འདིར་བཀའ་བློན་མཆོག་གླུ་བུར་དགོངས་པ་ཞུ་གནང་སྐབས། བདེ་སྲུང་ལས་བྱེད་ཆེ་ཕྲ་ཡོངས་ཀྱིས་སྐྱོ་སྣང་དང་། ཕངས་སེམས་བྱེད་པའི་རྒྱུ་མཚན་གཙོ་བོ་རེད་སྙམ།
བཀའ་བློན་མཆོག་གིས་དེ་ལྟར་ཁོང་ཉིད་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་དང་བརྒྱུད་རིམ་མདོར་ཙམ་གསུངས་ཟིན་པའི་རྗེས་ལ། ལས་བྱེད་རྣམས་ཧོན་ཐོར་ཏེ་ཅི་ཡང་མི་སྨྲ་བར་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་རེ་བྱེད་བཞིན་ལས་ཁུངས་སྟེང་ཤོད་གཉིས་ཀྱི་རང་རང་གི་བཞུགས་གནས་སུ་ཕེབས་སོང་ལ། བརྩེ་ཞིང་བཀུར་བའི་བཀའ་བློན་མཆོག་ཀྱང་བདེ་སྲུང་ལས་ཁུངས་དང་ཞལ་གྱེས་ནས་ཕེབས་སོང་།
བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ལ་གློ་བུར་བའི་གནས་ཚུལ་དེ་བྱུང་སྟེ་ཅུང་ཙམ་འགོར་བའི་རྗེས་སུ། བདེ་སྲུང་གི་ལས་བྱེད་རྣམས་སླར་ཡང་འཛོམས་ཏེ། ལས་བྱེད་མཐུན་མོང་གི་མཚན་རྟགས་འཁོད་པའི་སྙན་ཞུ་ཞིག་བཀའ་བློན་མཆོག་ལ་ཕུལ་ཡོད། སྙན་ཞུ་དེའི་ནང་རབ་བྱུང་ན་བཀའ་བློན་གྱི་མཚན་གནས་མུ་མཐུད་བཞེས་གནང་ཡོང་བ་དང་། ཅི་སྟེ་དེ་ལྟར་མ་བྱུང་ཚེ། བཀའ་བློན་མཆོག་ནི་བདེ་སྲུང་ལས་ཁུངས་ཀྱི་ཀ་བ་ལྟ་བུ་ཡིན་པས་སྐུ་ཉིད་ཀྱིས་དགོངས་པ་གཏིང་ཟབ་བཞེས་ཏེ་ཐག་གཅོད་གནང་བ་ལ་གུས་བརྩི་ཞུ་རྒྱུ་དང་། འབྱུང་འགྱུར་བདེ་སྲུང་གི་ལས་དོན་ཐོག་སྔར་བཞིན་ལམ་སྟོན་ཡོང་བ་ཞེས་འཁོད་ཡོད།
སྙན་ཞུ་དེ་ཕུལ་རྗེས་སྐུ་ངོ་མཆོག་གི་ཐག་གཅོད་ལ་འགྱུར་བ་གང་ཡང་མ་བྱུང་ཡང་། སྤྱི་པའི་དོན་དག་ལ་ཕན་པ་ཞིག་ཡོད་ཚེ། ང་ཚོ་ག་དུས་ཡིན་ནའང་ཐུག་རྒྱུ་ཡོང་གི་རེད་ཅེས་གསུངས་བྱུང་། ཉིན་གུང་བཞེས་ལག་བར་སེང་སྐབས་བཀུར་འོས་བུད་མེད་སྤྱི་འཐུས་ཤིག་ནས་ང་ཚོ་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཅིག་ལ། བདེ་སྲུང་བཀའ་བློན་དགོངས་པ་ཞུས་རྗེས་ལས་བྱེད་ཚང་མ་ངུས་པ་རེད་ཟེར་གྱི་འདུག རེད་དམ་ཞེས་དྲིས་གནང་བའི་ལན་དུ། བདེ་སྲུང་ལས་བྱེད་དེས། རེད་རེད། བཀའ་བློན་དགོངས་ཞུ་གནང་བ་ཡིན་གསུངས་དུས་ལས་བྱེད་ཚང་མ་ཕངས་སེམས་ཀྱིས་ངུས་སོང་ཞེས་ལན་འདེབས་བྱས། བཀུར་འོས་སྤྱི་འཐུས་དེས། ཨ་ལས། ངས། བདེ་སྲུང་ལས་བྱེད་རྣམས་ངུས་པ་རེད་ཟེར་མཁན་དེ་ལ། ཡིན་གྱི་མ་རེད། བདེ་སྲུང་ལས་བྱེད་རྣམས་ཕོ་གསར་སྟག་འདྲ་བ་རྐྱང་རྐྱང་རེད། ངུ་ཤེས་ཀྱི་མ་རེད་ལབ་པ་ཡིན། ད་བྱེད་དུས་དངོས་གནས་ཡིན་པ་རེད། ཅེས་གསུངས་འདུག
དེ་ནས་ལས་ཁུངས་མ་གྲོལ་ཙམ་ལ་བོད་པའི་བརྒྱུད་ལམ་གྱི་གསར་འགོད་པ་ཞིག་གིས་དབུགས་ཧལ་བཞིན་དུ་ང་ལ་ཁ་པར་འབྱོར་ཏེ། སྐུ་ངོ་ལགས། བཀྲ་ཤིས་བདེ་ལེགས། ང་ཚོ་བོད་པའི་གསར་འགོད་པ་ཚང་མ་མེག་གྷན་དུ་འཛོམས་བསྡད་ཡོད། བདེ་སྲུང་བཀའ་བློན་དགོངས་ཞུ་གནང་བའི་སྐོར་ལ་བཅར་འདྲི་ཞིག་ཞུ་གི་ཡིན། མར་ཡོང་གྲབས་ཡོད། ཅེས་གསུང་གི་འདུག ངས་ཁོང་ལ། བདེ་སྲུང་བཀའ་བློན་དགོངས་ཞུ་གནང་བ་ལྟར་དེ་རིང་ནས་ལས་ཁུངས་ལ་ཡོད་པ་མ་རེད། གཟིམས་ཤག་ལ་ཕེབས་སོང་། ཁྱེད་རྣམ་པས་ཐད་ཀར་བཀའ་བློན་མཆོག་ལ་འབྲེལ་བ་གནང་རོགས་ཞེས་ལན་འདེབས་བྱས་པ་ཡིན།
དགོང་དྲོའི་ཕྱག་ཚོད་ལྔ་པ་ཡོལ་ཙམ་ལ་སྤྱི་ཚོགས་དྲ་རྒྱ་ཁག་གི་ནང་བཀའ་བློན་མཆོག་ལ་གསར་འགོད་པ་ཚོས་བཅར་འདྲི་ཞུས་པའི་བརྙན་འཕྲིན་ཐོན་རྗེས་ང་དང་། དེ་མིན་གྱི་ང་ཚོའི་ལས་བྱེད་ཁ་ཤས་ལ་ཕྱོགས་བཞི་མཚམས་བརྒྱད་ནས་ཁ་པར་འབྱོར་ཏེ་བཀའ་བློན་དགོངས་ཞུའི་སྐོར་སྐད་ཆ་དྲིས་པ་དང་། སྐད་ཆ་འདྲི་མཁན་གྱི་ཁྲོད་དུ་ཕངས་པོ་བྱེད་མཁན། མིག་ཆུ་གཏོང་མཁན་ཡང་ཧ་ཅང་མང་པོ་འདུག ང་ཚོས་ཁོང་རྣམས་ལ་བཀའ་བློན་མཆོག་གིས་ཞོགས་པ་ཕྱག་ཚོད་བཅུ་དང་ཕྱེད་ཀར་ང་ཚོར་གང་གསུངས་པ་དེ་རང་འགྲེལ་བརྗོད་བྱེད་བཞིན་དུ་ཆུ་ཚོད་དྲུག་པ་ཟིན་ཏེ་ལས་ཁུངས་གྲོལ་བའི་དུས་ཚོད་ཟིན་སོང་། གང་ལྟར་ཕྱི་ཟླ་ ༤ ཚེས་ ༦ ཉིན་ཏེ། ལྷག་དཀར་གྱི་ཉིན་མོ་འདི་ལྟར་་སྟོང་ལྷང་ལྷང་དང་ཧ་ལས་ཧོན་འཐོར་བའི་ནང་ནས་རྫོགས་སོང་།
སྡུག་ཐོག་སྡུག་སྣོན་དང་མེད་པའི་གང་ལ་མུ་གེ ཟེར་བའི་དཔེ་ལྟར་བོད་ཕྱི་ནང་གཉིས་ལ་གཉན་འཕྲང་གི་དཀའ་ངལ་འུ་ཐུག་ཐབས་ཟད་པའི་གང་དེར་ཁྱོད་ལ་དགོས་ན་ཡ་ཟེར་བ་ནང་ལྟར་སེམས་ཤུགས་ངོ་མ་དང་ལྷག་བསམ་ངོ་མ་གང་ཡང་མེད་པའི་བྱ་བཞགས་ངན་པ་འདི་རིགས་ནི་ཕྱིས་འབྱུང་བོད་མའི་ལམ་སྲོལ་མིག་དཔེ་དེ་ལས་ངན་པ་ཅིག་མེད་པ་སྟོན་པ་ཅིག་ལས་གང་ཡང་ངོས་ལེན་མེད།
བཙན་བྱོལ་སྤྱི་ཚོགས་ལས་བྱེད་ནང་གི་ཡིད་ཆེ་བློ་གཏད་ཆེ་ཤོས་བཅའ་སའི། བདེ་སྲུང་བློན་ཆེན་འབྲོང་ཆུང་དངོས་གྲུབ་མཆོག་དགོང་ཞུ་བྱས་བ་གོ་སྐབས། ཧ་ཅང་བློ་ཕམ་བྱུང་། ཡིན་ཡང་རིམ་གྱིས་བསམ་བློ་བཏང་དུས། ཁོང་གི་མི་རིགས་དང་སྐུའི་བསྲུང་སྐྱོབས་སོགས་བློས་བཏང་བ་ག་ལ་སྲིད། དེ་དག་གི་ཆེད་ཐབས་ལམ་ཡག་ཤེས་དེ་འདེམས་པ་ཡིད་ཆེས་ཡོད།
རྩ་དགུངས་ཞུ་དགོས་ངེས་ཀྱི་ཧམ་བཤད་དང་རྫུན་བཤད། འུར་བཤད་བྱེད་མཁན་ཁྱི་བློ་སེང་གི་མ་ཞུས་བར།
ལྷག་བསམ་གྱིས་ཕྱུགས་པོའི་རླབས་ཆེན་གྱི་དབུ་ཁྲིད་བདེ་སྲུང་བཀའ་བློན་མཆོག་ནས་དགུངས་པ་ཞུས་པར་སེམས་སྟེང་ནས་
འགྱོད་སེམས་དང་ཕངས་སེམས་ཆེན་པོ་སྐྱེས་སོང་། ང་རང་ཡང་མིག་ཆུ་ཤོར་སོང་།
སྐུ་ངོ་ཀུན་དགའ་ལགས་ཀྱི་སྐབས་དེའི་གནས་ཚུལ་དངོས་བརྗོད་པ་བཀའ་དྲིན་ཆེ། མུ་མཐུད་བདེ་སྲུང་ཕྱག་ལས་ཤུགས་སྐྱོན་རོགས་གནོང་།
བཀུར་འོས་བཀའ་བློན་དང་བྱས་པ་ཅན། ཉམས་མྱོང་དང་ལྷག་བསམ་གྱིས་ཕྱུག་པའི་གཞུང་ཞབས་བགྲེས་པ་དག་རིམ་གྱིས་དགོངས་ཞུ་ཞུས་པ་དེ་་་འགོ་ཁྲིད་བློ་སེང་གི་རྒན་པ་ལ་གུས་ཞབས་དང་རྩིས་བཀུར་མེད་པའི་རྣམ་པ་ཞིག་ཡིན་པ་བརྗོད་དགོས་མི་འདུག ད་དུང་སྲིང་སྐྱོང་མཆོག་གི་ལྷག་བསམ་རྣམ་དག་དང་ཕྱོགས་ཞེན་གྱི་དྲི་མ་བྲལ་ནས་ཁ་ལས་ལས་ཀ་མང་བ་མེད་ན་་་ངེད་རྒྱ་ཆེ་མི་མང་གིས་་་་
སྤྱི་མཐུན་གྱི་བསོད་ནམས་ཐུར་ནས་ཐུར་དུ་ཟགས་པའི་དེ་རིང་ཁ་སང་། སེམས་པ་སྐྱོ་བ་ལ་སྐྱོ་ཚོད་གཅིག་མི་འདུག
བྱ་བཞག་དང་བྱས་རྗེས་མོད་པ།།
བོད་གཞིས་བྱེས་ཡིད་ཆེས་ཡོད་ས།།
ཁྱེད་གློ་བུར་དགོངས་ཞུ་ཞུས་པར།།
བདེ་སྲུང་གཙོས་ཀུན་གྱི་གྱོང་རེད།།
གལ་གནད་གང་ད་དུང་རྨོངས་པས།།
གང་ཞིག་གིས་མཛད་དཀའ་བྱུང་ངམ།།
དང་ཐོག་དྲུང་འཕར་ཀུན་དགའ་བཀྲིས་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ། ཉིད་ཀྱི་རྩོམ་དེ་ཀློག་པའི་སྐབས་མིག་ནས་མཆི་མ་རང་དབང་མེད་པར་ཤོར་སོང་། གུས་མོ་རང་ཉིད་སྐུ་ངོ་བཀའ་བློན་མཆོག་དྲུང་ཆེ་ཡིན་པའི་སྐབས་ལོ་བཞི་མིན་རྩམ་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་བ་དང་། དུས་ཡུན་དེའི་རིང་རང་ཉིད་ནས་ཀྱང་སྐུ་ངོ་བཀའ་བློན་མཆོག་ཉིན་མ་གཅིག་གི་གང་ཟག་ལྟ་བུ་མཐོང་། ཉིན་གཅིག་ཀྱང་ཞལ་རེས་ནག་པོ་དང་རྣམ་འགྱུར་མི་འདྲ་བ་མཐོང་མྱོང་མེད། ལས་དོན་ཐོག་བརྗོད་གང་ལ་དགོས། གུས་མོས་ད་བར་ལས་ཀ་བྱེད་པའི་དུས་ཡུན་རིང་རང་ཉིད་ནས་བརྩི་བཀུར་དང་ཆེ་མཐོང་ཆེ་ཤོས་བྱ་ཡུལ་ཞིག་ཡིན། སྐུ་ངོ་མཆོག་གི་ཐག་གཅོད་ཇི་གནང་ལ་རང་ཉིད་ནས་བརྒྱ་ཆ་བརྒྱ་རྒྱབ་བསྐྱོར་དང་ཡིད་ཆེས་གཙང་མ་ཡོད།
བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ནས་སྐུ་ངོ་མཆོག་ལ་བཅངས་པའི་བརྩེ་དུང་གི་མིག་ཆུས་ངའི་མིག་གཉིས་ལའང་མིག་ཆུ་འཁོར་བཅུག་སོང་། སྐུ་ངོ་ཀུན་དགའ་ལགས་དང་དེ་སྔོན་གྱི་རྩོམ་ཡིག་ཁག་གི་ནང་དུ་གསུངས་པ་བཞིན་སྐུ་ངོ་བཀའ་བློན་མཆོག་གི་དགོངས་ཞུ་ནི་ཧ་ལས་པའི་ཕངས་པོ་དང་བློ་ཕམ་པའི་གནས་ཚུལ་ཞིག་ཡིན། ཡིན་ནའང་ཁོང་གི་དགོངས་པ་ནི་དེ་བས་ཀྱང་རྒྱ་ཆེ་བ་དང་གཏིང་ཟབ་པ་ཡིན་ཙང་ཐག་གཅོད་དེ་ལ་ནོར་འཕྲུལ་རྩ་བ་ནས་མེད་པ་ངའི་བརྒྱ་ཆ་བརྒྱ་དང་གཅིག་ཡིད་ཆད་བྱེད་ཀྱི་ཡོད། བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་སྐུ་ངོ་མཆོག་ནས་ལམ་སྟོན་མུ་མཐུད་ཞུས་ན་ལེགས། ད་ནི་ཟླ་ཤས་རིང་ངའི་སེམས་ནི་ཡར་བཀྱགས་ནས་བསྡད་འདུག་པ་མར་འབབ་ཀྱི་མི་འདུག བོད་རིགས་སྤུན་ཟླ་ཡོངས་ཀྱི་གནས་སྟངས་དེ་དེ་བཞིན་ཡིན་པར་སྙམ། ད་ནི་མངོན་སུམ་དུ་ང་ཚོ་བོད་པ་ཚང་ནས་སྤྱི་བའི་བསོད་ནམས་གསོག་པའི་དུས་ལ་སླེབས་འདུག ང་ཚོ་ཧུར་ཐག་བྱེད་དོ།།