ཐའེ་ཝན་རང་བཙན་གྱི་གནད་དོན་དེ་ཐའེ་ཝན་མཚོ་འགག་ནང་ཞི་བདེ་འཕོ་འགྱུར་དང་ཐའེ་རྒྱའི་འབྲེལ་ལམ་བཅས་ཀྱི་འགོག་རྐྱེན་ཆེས་ཤོས་ཡིན་ཟེར།
དེ་རིང་ཡ་ཧོ་གསར་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་རེས་གཟའ་པ་སངས་ཉིན་གྱི་ཞོགས་པར་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་ཝན་གྱི་སྲིད་འཛིན་ལས་འཁུར་དམ་འབུམ་ཞུས་རྗེས། སྲིད་འཛིན་ལས་ཁུངས་ཀྱི་ཕྱི་ལོགས་ནས་སྐུ་མགྲོན་དང་རྒྱལ་ཡོངས་མི་མང་ཁྲི་སྟོང་མང་པོར་གཏམ་བཤད་གནང་སྐབས། ཐའེ་རྒྱ་གཉིས་ནས་ཕྱོགས་གཉིས་ཀྱི་སྤྱི་དམངས་ཀྱི་ཁེ་ཕེན་ཆད་དུ་ལོ་རྒྱུས་རང་བཞིན་གྱི་རྩོད་གླེང་བསྐྱུར་ཏེ་བཟང་ཕྱོགས་ཀྱི་འབྲེལ་མོལ་ཡོང་ཐབས་གནང་དགོས་སྐོར་བརྗོད་ཡོད་པ་ལྟར། གཏམ་བཤད་དེ་སྤེལ་རྗེས་ཀྱི་ཆུ་ཚོད་ཁ་ཤས་རྗེས། རྒྱ་ནག་ནང་ཐའེ་ཝན་ལས་དོན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། གལ་སྲིད་ཚའེ་ཡེན་ཝན་གྱིས་ཐའེ་ཝན་རང་བཙན་གྱི་འདོད་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱས་ཚེ། འབྱུང་འགྱུར་ཐའེ་ཝན་མཚོ་འགག་ནང་ཞི་བདེ་བརྟན་ལྷིང་ཡོང་མི་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
ཐའེ་ཝན་ལས་དོན་ཁང་གི་བསྒྲགས་གཏམ་དེའི་ནང་། གལ་ཏེ་ཐའེ་ཝན་རང་བཙན་བརྩོན་ལེན་བྱས་ཚེ། ཐའེ་ཝན་མཚོ་འགག་ནང་ཞི་བདེ་བརྟན་ལྷིང་ཡོང་མི་སྲིད་པ་དང་། ཐའེ་ཝན་རང་བཙན་གྱི་གནད་དོན་དེ་ཐའེ་ཝན་མཚོ་འགག་ནང་ཞི་བདེ་འཕོ་འགྱུར་དང་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་བཅས་ཀྱི་འགོག་རྐྱེན་ཆེས་ཤོས་ཡིན་ལུགས་སོགས་བཤད་འདུག
སྲིད་འཛིན་ལས་འཁུར་དམ་འབུལ་ཐོག ལྕམ་ཚའེ་ཡེན་ཝན་གྱིས་ཕྱོགས་གཉིས་ཀྱི་སྲིད་དབང་འཛིན་པའི་སྲིད་ཚོགས་གཉིས་ནས་ཐའེ་རྒྱ་སྤྱི་མང་གི་ཁེ་ཕན་ཆེད་དུ་ལོ་རྒྱུས་རང་བཞིན་གྱི་རྩོད་གླེང་བསྐྱུར་ཏེ་བཟང་ཕྱོགས་ནས་འབྲེལ་མོལ་དགོས་སྐོར་དང་། ཐའེ་ཝན་མཚོ་འགག་རྒྱ་ནག་སྐམ་ས་ཆེན་མོའི་དཔལ་འབྱོར་ཁྲོམ་ར་ཁོ་ནར་བརྟེན་རྒྱུ་མཚམས་འཇོག་དགོས་སྐོར། དེ་བཞིན་ཐའེ་ཝན་མཚོ་འགག་གི་དམངས་གཙོ་རང་དབང་རྒྱུན་སྐྱོང་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
སྲིད་དོན་དབྱེ་ཞིབ་པ་ཚོས་ལྕམ་ཚའེ་ཡེན་ཝན་གྱིས་ད་ལྟ་ལ་ཐུག་གི་བར་དམག་དོན་དང་ཕྱི་འབྲེལ་སོགས་ཕྱོགས་ཡོངས་ནས་པེ་ཅིན་གཞུང་དང་ཞི་འགྲིག་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད་པ་དང་། འབྱུང་འགྱུར་དེ་ལས་ལྷག་ཅིག་གནང་ཐབས་ཡོད་མེད་ཐད་ལ་དོགས་གཞི་བྱེད་བཞིན་ཡོད་འདུག
གནས་ཚུལ་ལྟར་ན། ཁ་སང་ཐའེ་ཝན་སྲིད་འཛིན་དམ་འབུལ་གྱི་དུས་ཡུན་རིང་རྒྱ་ནག་མི་མང་ཉིན་རེའི་ཚགས་པར་ཁང་དང་ཞིན་ཧྭ་གསར་ཁང་སོགས་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་དང་བརྒྱུད་ལམ་ཁག འཕྲུལ་དྲ་ (Twitter) དང་ཝེ་པོ་ (Weibo) སོགས་གནས་འཕྲིན་བརྒྱུད་ལམ་ཁག་ཚང་མ་བཀག་སྡོམ་ནན་མོ་བྱས་ཏེ་ཐའེ་ཝན་སྲིད་འཛིན་དམ་འབུལ་གྱི་གནས་ཚུལ་རྒྱ་ནག་ནང་རྒྱང་སྲིང་དང་ཁྱབ་སྤེལ་བཀག་བསྡོམ་བྱས་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།