ཊོམ་ཧྥི་ལིབ་སིས་(Tom Phillips)སྤེལ།
སྐལ་ལྡན་གྱིས་བསྒྱུར།
ཧར་ཝ་ཌ་ཉམས་ཞིབ་པས་གསང་བ་ཕྱིར་གྱར་བྱུང་བའི་ཡིག་ཆ་ལས་རྒྱའི་དཔོན་རིགས་ཚོས་གཞུང་ལ་སྐྱོན་བརྗོད་བྱེད་པའི་ངོ་བོ་གཏོར་བཤིག་གཏོང་ཕྱིར་རྫུན་སྒྲིག་བྱས་པའི་གནད་དོན་དྲ་ལམ་དུ་སྤེལ་བ་ཤེས་རྟོགས་བྱུང་ཚུལ་བཤད་ཡོད།
སྲིད་གཞུང་ལ་མི་དམངས་ཀྱིས་སྐྱོན་བརྗོད་དང་དབང་འཛིན་དང་འབྲེལ་བའི་འདྲི་རྩད་ཁག་གི་ཁ་ལོ་སྒྱུར་ཕྱིར་རྒྱ་ནག་གཞུང་གིས་ལོ་གཅིག་ནང་རྫུན་སྒྲིག་བྱས་པའི་གནད་དོན་ས་ཡ་ ༤༩༠ ཙམ་དྲ་ལམ་དུ་སྤེལ་བཞིན་ཡོད་པའི་སྐོར་ཉམས་ཞིབ་ཚན་པ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གི་སནྚ་ལྔ་བཅུའི་ཚོགས་པ་(Fifty Cent Party)ཞེས་པ། ལས་ཞོར་དུ་དྲ་ལམ་ཁག་གི་སྟེང་གནད་དོན་སྤེལ་བའི་ཚོགས་སྡེ་ཞིག་གི་མིང་ཡིན་པ་དང་། ཚོགས་སྡེ་དེས་གནད་དོན་སྤེལ་ཐེངས་རེར་གླ་ཡོན་སནྚ་ལྔ་བཅུ་(སནྚ་ནི་ཨ་སྒོར་གྱི་བརྒྱ་ཟུར་གཅིག་ཡིན།)ཐོབ་ཀྱི་ཡོད་པས་མིང་དེ་ལྟར་བཏགས་པར་ངོས་འཛིན་བྱེད་ཀྱི་ཡོད། ཚོགས་སྡེ་དེས་དུས་ཡུན་རིང་པོ་ཞིག་ནས་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་དང་ལངས་ཕྱོགས་སྲུང་སྐྱོབ་དར་སྤེལ་གཏོང་ཕྱིར། དྲ་ལམ་ཐོག་སྲིད་གཞུང་བཟང་རབས་དང་ལེགས་རབས་ཀྱི་གནད་དོན་ཁོ་ན་འདོན་སྤེལ་བྱས་པའི་ཁག་དཀྲི་འདོགས་ས་ཞིག་ཡིན།
གང་ལྟར་ཡང་། ཧར་ཝ་ཊེ་གཙུག་ལག་སློབ་གྲྭའི་ཉམས་ཞིབ་པས་ཤེས་རྟོགས་བྱུང་བར་གཞིགས་ན། སྔར་མི་རྣམས་ཀྱི་ཡིད་ལ་ཤར་བ་བཞིན་དྲ་ལམ་ཐོག་གི་གནས་ཚུལ་མང་པོ་ཞིག་རྒྱ་ནག་མི་སེར་དཀྱུས་མས་འདོན་སྤེལ་བྱས་པ་མ་ཡིན་པར། རྒྱ་གཞུང་ལས་བྱེད་པས་དྲ་ཐོག་ཏུ་རྣམ་པ་གཉིས་ཅན་གྱི་ཟློས་གར་འཁྲབ་ཀྱི་ཡོད་པ་ཞིག་ཡིན་པ་རེད།
ཞིབ་འཇུག་བྱས་པའི་དྲ་ལམ་ཐོག་གི་གཏམ་ཚིག་ ༤༣༨༠༠ ལས། རྒྱ་ནག་གཞུང་ལས་ཚན་ཁག་ ༢༠༠ ནང་གི་ལས་བྱེད་མི་སྣས་གཏམ་ཚིག་འདོན་སྤེལ་བྱས་ཡོད་པ་དང་། བརྒྱ་ཆའི་ཆ་ནས་ ༩༩.༣% ཟིན་གྱི་ཡོད་པ་རེད། ཚན་ཁག་དེ་དག་ཁྲོད་དཔྱ་ཁྲལ་དང་སྤྱི་ཚོགས་བདེ་དོན་ཁང་(tax and social security)དང་། མི་སྣ་སྐྱེད་སྲིང་ཁང་(human resources bureau)སོགས་ཀྱང་ཚུད་ཡོད་པ་རེད།
དྲ་ལམ་གྱི་གཏམ་ཚིག་དེ་དག་གུང་ཁྲན་ཏང་གི་ཚོགས་འདུ་ཆེ་ཁག་རིགས་འཚོགས་སྐབས་དང་། དུས་ཟིང་སྐབས། གཞུང་འབྲེལ་གུང་གསེང་སྐབས་སོགས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་དུས་སྐབས་དང་སྟབས་བསྟུན་མཉམ་སྡེབ་ཀྱིས་འདོན་སྤེལ་བྱེད་ཀྱི་ཡོད་པ་རེད། དཔེ་མཚོན་གྱི་ཚུལ་དུ་བརྗོད་ན། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༦ པའི་ནང་ནུབ་ཕྱོགས་ཞིན་ཅང་ས་ཁུལ་དུ་འཁྲུག་ཟིང་ཆེན་པོ་བྱུང་བའི་སྐབས། མངོན་གསལ་དོད་པོས་དཔེ་ཅིན་སྲིད་གཞུང་ལ་ཕྱོགས་པའི་གཏམ་ཚིག་སྣ་ཚོགས་འདོན་སྤེལ་བྱས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་བཅུ་གཅིག་པའི་ནང་པེ་ཅིན་དུ་སྐོང་འཚོགས་བྱས་པའི་ཆེས་མཐོའི་ཆབ་སྲིད་ལྷན་ཚོགས་སྐབས་སུ་ཡང་སྲིད་གཞུང་ལ་ཕྱོགས་པའི་གཏམ་ཚིག་དྲ་ཐོག་ཏུ་ཆར་རྗེས་ཀྱི་ཤ་མོ་བཞིན་འདོན་སྤེལ་བྱས་ཡོད་པ་རེད།
ཉམས་ཞིབ་པས་རྒྱ་ནག་ཤར་ཕྱོགས་གཞུང་འབྲེལ་དྲིལ་བསྒྲགས་ལས་ཁུངས་ཤིག་གི་ཡིག་ཆ་ཕྱིར་གྱར་བྱུང་བ་ལས། ལོ་རེར་དྲ་ལམ་ཁག་ཏུ་འདོན་སྤེལ་བྱས་པའི་གཏམ་ཚིག་ས་ཡ་ ༤༨༨ ལས། བརྒྱ་ཆ་ ༥༠% ལྷག་གཞུང་འབྲེལ་དྲ་ཚིགས་ཁག་ཏུ་འདོན་སྤེལ་བྱས་པ་ཤེས་རྟོགས་བྱུང་བ་དང་། དེ་འཕྲོས་རྒྱལ་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་འདོན་སྤེལ་བྱས་ཡོད་པ་རེད། སྤྱི་ཚོགས་དྲ་ལམ་དེ་དག་བེད་སྤྱོད་བྱེད་མཁན་མི་འབོར་ས་ཡ་ ༧༠༠ ཙམ་ཡོད་པ་རེད།
འོན་ཀྱང་། དེ་སྔོན་དྲ་ཐོག་གི་དྲིལ་བསྒྲགས་མང་ཆེ་བ་ལྟ་བ་མི་མཐུན་པ་ཚར་གཅོད་དང་། གཞུང་གི་ཆབ་སྲིད་བརྟན་སྲུང་སླད་ཁ་གཏད་དུ་ལངས་པར་ངོ་འཛིན་བྱས་པ་ལས་ལྡོག་སྟེ། སྲིད་གཞུང་གི་ཕྱོགས་གཏོགས་པས་གནད་དོན་གང་ཞིག་གི་ཐད་བགྲོ་གླེང་དང་རྩོད་གླེང་གི་རྣམ་པའི་ཐོག་མཉམ་ཞུགས་རྩ་བ་ནས་བྱེད་མི་ཆོག་པའི་སྐོར་ཉམས་ཞིབ་པས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཉམས་ཞིབ་བྱས་པའི་གྲུབ་དོན་ནང་། རྒྱ་གཞུང་གི་རླབས་ཆེ་བའི་དྲ་ཐོག་དྲིལ་བསྒྲགས་ལས་འགུལ་སྐོར་བརྗོད་དོན་ “ཁོ་ཚོས་སྲིད་གཞུང་དང་། དབང་འཛིན་མི་སྣ། ཆབ་སྲིད་སོགས་ལ་སྐྱོན་བརྗོད་བྱས་པར་གདོང་ལེན་བྱེད་ཀྱི་མེད་ལ། གནད་དོན་ངར་ཤུགས་ཇི་ཙམ་ཆེ་བ་དང་། རྩོད་རྙོག་ཇི་ཙམ་ཆེ་རུང་སྣང་འཇོག་དེ་ཙམ་མེད་པ་ལྟར་ཡོད།”
དེ་བས་མི་དམངས་ཀྱི་སྐྱོན་བརྗོད་དང་། མཉམ་རུབ་ཀྱི་ནུས་པ། དཀའ་སྡུག་གི་འབོད་སྒྲ་སོགས་ཀྱི་གནད་དོན་ཁ་ལོ་བསྒྱུར་བ། མི་དམངས་ཀྱི་སྣང་བ་གཡེང་ཕྱིར་སྤྲོ་སྣང་འཕེལ་བའི་གཏམ་ཚིག་དང་། རྒྱལ་ཁབ་དང་མི་རིགས་ལ་ཞེན་འཕེལ་བའི་འགྲོ་གླེང་སོགས། མདོར་ན། ཐབས་ཇུས་མཁས་ཤིང་ཧུར་བརྩོན་ཆེན་པོས་གནད་དོན་ནུས་མེད་དུ་གཏོང་གི་ཡོད། དེ་ནི་དྲ་ལམ་ཐོག་གི་བརྡ་ལན་དབང་སྒྱུར་བྱེད་པའི་སྤྱང་གྲུང་ལྡན་པའི་འཐབ་ཇུས་ཤིག་ཡིན།
“མིའི་རིགས་ཀྱི་རྩོད་རྙོག་མང་པོ་ཞིག་མདུང་རྩེ་ཁ་སྤྲོད་ཀྱིས་རྒྱལ་ཕམ་ཐག་གཅོད་བྱེད་པ་དང་། གཞན་ཞིག་གི་རྒྱབ་སྐྱོར་ལ་བརྟེན་པ་ལས། རྩོད་རྙོག་རང་བཞིན་ནུས་མེད་དུ་གཏོང་བའམ། གླེང་གཞི་འགྱུར་བ་གཏོང་བའི་ཐབས་ནི་དེ་བས་ཕན་འབྲས་ཆེ་བ་ཡོད་པ་རེད།” ཅེས་ཉམས་ཞིབ་པས་སྡོམ་ཚིག་གི་ཚུལ་དུ་འགྲེལ་བརྗོད་བྱས་ཡོད་པ་རེད།
མ་རྩོམ་འབྲེལ་ཐག http://www.theguardian.com/world/2016/may/20/chinese-officials-create-488m-social-media-posts-a-year-study-finds
བོད་ཀྱི་དུས་བབ་ལས་ཁུངས་ཀྱིས་མི་རིགས་གཞན་པའི་སྐད་ཡིག་ནང་གི་རྩོམ་དང་གནས་ཚུལ་གལ་ཆེན་སོགས་བོད་ཡིག་ནང་སྒྱུར་བཞིན་པའི་ལས་གཞི་འདི་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ། ཁ་ཡོད་ལག་ཡོད་ཀྱི་ལས་དོན་རླབས་ཆེན་ཞིག་རེད།
བསྟན་འཕེལ་ལགས་ཀྱིས་མ་འོངས་ཡིག་སྒྱུར་ལས་དོན་ལ་སྔར་བས་བརྩོན་པ་དང་ལེན་བྱེད་པའི་བཀའ་མོལ་གནང་བར་བཀའ་དྲིན་ཆེ་ཞུུ།
བོད་ཀྱི་དུས་བབ་གསར་ཁང་གི་ཡིག་སྒྱུར་ལས་གཞིའི་ནང་ཆ་ཤས་ལེན་མཁན་མང་པོ་ཞིག་བྱུང་བའི་ཁྲོད་ནས་སྐལ་ལྡན་ལགས་ཀྱི་སྒྱུར་དང་དག་སྡེབ། མ་རྩོམ་འདེམ་སྒྲུག་བྱེད་སྟངས་གང་ཐད་ནས་ཧ་ཅང་ཡག་པོར་མཐོང་སོང་། མི་མང་ལ་གོ་རྟོགས་དང་མིག་རྒྱ་སྐྱེད་པར་རླབས་ཆེན་གྱི་ཕན་ཐོགས་འབྱུང་བཞིན་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མུ་མཐུད་དུ་དོན་སྙིང་ཅན་གྱི་རྩོམ་ཡིག་རིགས་བོད་ཡིག་ནང་བསྒྱུར་ཏེ་ཀློག་པ་པོ་ངེད་ཅག་གི་གོ་སྐལ་དུ་བསྟར་བར་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
རྒྱ་སྒྱུར་ཡག་པོ་འདུག།
ས་མཐའི་གངས་བུ་ལགས་ཀྱིས་སྒྱུར་སྟངས་ཀྱི་ཐད་རྩ་ཆེའི་དགོངས་ཚུལ་གསུང་གནང་བར་སྒྱུར་མཁན་གྱིས་ཐུགས་རྗེ་ཆེ་ཞུ།
The Chinese government is fabricating almost 490m social media posts a year in order to distract the public from criticising or questioning its rule, according to a study.
གོང་གི་ཡིག་ཕྲེང་དེ་འདི་འདྲ་ཞིབ་སྒྱུར་ན་གང་འདྲ་འདུག་་་་་་་་་་
ཉམས་ཞིབ་དེའི་ནང་བརྗོད་པར་གཞིགས་ན་མི་མང་གིས་སྲིད་གཞུང་ལ་སྐྱོན་བརྗོད་དམ། མུ་མཐུད་དབང་སྒྱུར་བར་དྲི་བ་མི་འདོན་པའི་ཆེད་རྒྱ་གཞུང་གིས་ལོ་གཅིག་ནང་རྫུན་སྒྲིག་བྱས་པའི་གནས་ཚུལ་ས་ཡ་ ༤༩༠ ཙམ་སྤྱི་ཚོགས་དྲ་རྒྱའི་སྟེང་སྤེལ་བཞིན་ཡོད་སྐོར་བརྗོད་འདུག