ཧྥི་ལ། སིའུ་ཡིས་(Phila Siu) སྤེལ།
སྐལ་ལྡན་གྱིས་བསྒྱུར།
རྒྱ་གཞུང་གིས་བཙན་བཟུང་བྱས་པའི་ཧོང་ཀོང་གི་དཔེ་དེབ་ཚོང་གཉེར་བའི་བུ་མོས། ཨ་རིའི་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ཡུལ་གྲུ་གཞན་གྱི་ས་ཐོག་ཏུ་ཁྲིམས་འགལ་བྱ་སྤྱོད་སྤེལ་དུ་འཇུག་མི་རུང་བའི་འབོད་སྐུལ་ཞུས་པ་རེད།
མོ་ལོ་ཉེར་གཉིས་ལ་སོན་པའི་ཨན་ཇེ་ལཱ། གྷུཡིས་(Angela Gui)རང་ཉིད་ཀྱི་ཕ་གྷུའེ་མིན་ཧེ་(Gui Minhai)ཡིས་སུ་ཝེ་ཊན་གྱི་དཔོན་རིགས་ལ་ཁོང་གི་མི་སེར་ཐོབ་ཐང་ཕྱིར་སྤྲོད་བྱེད་འདོད་ཡོད་སྐོར། ཨིན་སྐད་གསར་ཤོག་པོ་སའི(The Post)ཐོག་སྤེལ་ཡོད་པ་ངེས་བརྟན་ཡིན་ཚུལ་འགྲེལ་བརྗོད་བྱས་པ་རེད།
རྒྱ་གཞུང་གིས་བཙན་བཟུང་བྱས་པའི་ཧོང་ཀོང་གི་དཔེ་དེབ་ཚོང་གཉེར་བ་གྷུའེ་མིན་ཧེ་ཡི་བུ་མོས། རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཁོ་མོའི་ཕ་རྒྱའི་བཙན་འོག་ནས་གློད་གྲོལ་གྱི་འཐབ་རྩོད་ནང་ཞུགས་ཏེ། རྒྱ་གཞུང་མི་སྣས་ཡུལ་གྲུ་གཞན་གྱི་ས་ཐོག་ནས་རང་ཉིད་ཀྱི་ཕ་བཙན་འཁྲིད་བྱས་པར་སྐྱོན་འཛུགས་དང་། རྒྱལ་སྤྱིའི་མང་ཚོགས་ཀྱིས་རྒྱ་གཞུང་གི་ཁ་གཏད་དུ་ལང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
རྒྱ་ནག་ཐོག་ཨ་རིའི་རྒྱལ་ཡོངས་ལག་བསྟར་ལྷན་ཚོགས་(US Congressional-Executive Commission on China) ཀྱི་དབུས་སུ་ཨན་ཇ་ལཱ་ཡིས། རྒྱ་གཞུང་གིས་སུ་ཝེ་ཊན་གཞུང་ཚབ་མི་སྣར་ཁོ་མོའི་ཕ་གྷུཡི་མིན་ཧེ་ཡིས་རང་ཉིད་ཀྱི་མི་སེར་ཐོབ་ཐང་སུ་ཝི་ཊན་གཞུང་ལ་ཕྱིར་སྤྲོད་བྱེད་འདོད་ཡོད་ལུགས། ཨིན་ཡིག་གསར་ཤོག་པོ་ས་(The Post)ནང་བཀོད་པ་ར་སྤྲོད་བྱས་པ་དང་། དེ་ནི་ཁོང་ལ་བཙན་དབང་འོག་ཁེས་ལེན་བྱེད་འཇུག་པའི་དོགས་པ་བྱ་ཡུལ་ཞིག་ཏུ་གྱུར་ཡོད་ཚུལ་བརྗོད་པ་རེད།
ཁོ་མོས“ངའི་ཕ་དང་ཁོང་གི་ལས་རོགས་རྣམས་བཙན་བཟུང་བྱས་ཏེ་ད་བར་ཟླ་བ་བརྒྱད་འདས་ཟིན་པ་རེད། ངས་ད་བར་ཁོང་གང་དུ་ཡོད་པ་དང་། ཁོང་ལ་ལྟ་སྐྱོང་ཇི་འདྲ་ཡོད་མེད། ཁོང་གི་ཁྲིམས་ཐོག་གི་གནས་བབ་གང་འདྲ་ཡོད་མེད་བཅས་གང་ཡང་ཤེས་ཀྱི་མེད། དེ་བས་ཀྱང་ཧ་ལས་དགོས་པ་ཞིག་ནི། ཁོང་ལ་སུ་ཝེ་ཊན་གྱི་མི་སེར་ཐོབ་ཐང་མ་གཏོགས་གཞན་ཞིག་མེད་པའི་དངོས་ཡོད་གནས་ཚུལ་དེ་རེད།”ཅེས་དང་།
“རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཐོག་ངའི་ཕས་ནག་ཉེས་ངོས་ལེན་བྱས་ཡོད་ཚུལ་སྟོན་སྐབས། ཁོང་གིས་རང་ཉིད་ཀྱི་བློ་འདོད་བཞིན་སྐམ་ས་ཆེན་མོར་བསྐྱོད་ཚུལ་གསུངས་ཡོད། གལ་ཏེ་ཁོང་གིས་གང་གསུངས་པ་དངོས་བདེན་ཡིན་ཚེ། ཁོང་ཐའི་ལན་ཌ་ནས་ཕེབས་འཐོན་གནང་བའི་ཐོ་འགོད་ཡིག་ཆའི་རིགས་གང་ཡང་མེད་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་རྒྱ་གཞུང་ལས་སྣེ་བས་རྒྱལ་སྤྱིའི་ཁྲིམས་དང་། རྒྱ་གཞུང་གི་ཁྲིམས་གཉིས་ཀ་རྩིས་མེད་རྡོག་རོལ་གྱིས། བཙན་དབང་འོག་དེ་ལྟ་བུའི་གནད་དོན་ནག་སུབ་གཏོང་བའི་ལས་ཀ་བྱེད་ཀྱི་ཡོད་པ་དེ་རེད།”ཅེས་མུ་འཐུད་འགྲེལ་བརྗོད་བྱས།
སྔ་ལོའི་ཟླ་བཅུ་པ་ནས་རླབས་ཆེན་གསར་གནས་དཔེ་སྐྲུན་ཁང་(Mighty Current publishing house) དང་། དེའི་ཡན་ལག་ཁོ་སི་ཝེ་དཔེ་དེབ་ཚོང་ཁང་(Causeway Bay Books store) གི་ལས་མི་ལྔ་སྔ་རྗེས་སུ་གར་སོང་ཆ་མེད་དུ་གྱུར་བ་རེད། གྷུའེ་མིན་ཧེ་པ་ཊ་ཡ་(Pattaya)ཞེས་པའི་ཐའེ་ལན་ཌའི་ས་གནས་ཤིག་ནས་བརླགས་པ་དང་། ལེམ་ཝིང་ཀི་(Lam Wing-kee)དང་། ཁྲུན་ཆི་པིང་(Cheung Chi-ping) ལུའེ་པོར་(Lui Por)བཅས་སྐམ་ས་ཆེན་མོ་ནས་ཟླ་བ་དེ་གའི་ནང་བོར་བརླག་ཕྱིན་པ་རེད། ལིའི་པོ་(Lee Po)ནི་ཟླ་བཅུ་གཉིས་པའི་ནང་ཧོང་ཀོང་ནས་གར་སོང་ཆ་མེད་དུ་གྱུར་བ་བཅས་རེད།
ཁོང་ཚོའི་དཔེ་ཚོང་ཁང་གིས་རྒྱ་ནག་གུང་ཁྲན་ཏང་ལ་སྐྱོན་བརྗོད་ཀྱི་ཆེད་དེབ་གཙོ་བོ་ཚོང་འགྲེམ་བྱེད་ཀྱི་ཡོད་པར་བརྟེན། ཁོང་ཚོ་རྒྱ་གཞུང་མི་སྣས་བཙན་བཟུང་བྱས་པའི་ཞེད་སྣང་དང་དོགས་པ་བྱས་ཡོད་པ་རེད། མི་རིང་བར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ཁོང་ཚོས་རང་ཉིད་ཀྱི་བློ་འདོད་བཞིན་སྐམ་ས་ཆེན་མོར་འགྲུལ་བཞུད་བྱས་ཚུལ་བརྗོད་པའི་བརྙན་འཕྲིན་དྲིལ་བསྒྲགས་བྱས་པས་ཁོང་རྣམ་པ་གང་ཞིག་ཏུ་ཡོད་མེད་ཤེས་རྟོགས་བྱུང་བ་རེད།
གྷུའེ་མིན་ཧེ་ནི་སྐམ་ས་ཆེ་མོར་སྐྱེས་པ་ཞིག་ཡིན་པ་དང་། རྗེས་སོར་སུ་ཝི་ཊན་གྱི་མངའ་ཁོངས་མི་སེར་དུ་གྱུར་བ་ཞིག་ཡིན། ཁོང་ལ་ཕྱི་ལོ་ ༢༠༡༤ ལོ་ནས་འབྲེལ་ཡོད་ལས་རོགས་རྣམས་བརྒྱུད་བསྐུལ་བྱས་ཏེ། བཀག་སྡོམ་བྱས་པའི་དཔེ་དེབ་གྲངས་བཞི་སྟོང་རྒྱ་ནག་ས་མཚམས་སུ་སྐྱེལ་འདྲེན་བྱེད་བཅུག་པའི་སྐྱོན་འཛུགས་བྱས་པ་དང་། ད་ལྟའི་ཆར་དོ་དམ་བཀག་འགོག་འོག་གནས་ཡོད་པ་རེད།
ཨན་ཇེ་ལཱ་ཡིས་“ཟླ་བཅུ་གཅིག་པ་དང་དང་པོའི་ནང་ཁོང་གིས་ང་ལ་སི་ཀེབ་(Skype)དྲ་བརྙན་བརྒྱུད་བཀའ་མོལ་ཐེངས་གཉིས་གནང་བྱུང་། ཁོང་གིས་ང་ལ་ཁ་ཁུ་སིམ་མེར་སྡོད་དགོས་ཚུལ་གསུངས་བྱུང་། ང་ཁོང་གི་བུ་མོ་ཡིན་པར་བརྟེན། ཁོང་ལ་དེ་ལྟར་བཙན་ཤེད་ཀྱིས་བརྗོད་བཅུག་པ་ཡིན་པ་གསལ་པོ་བརྗོད་ཐུབ་པ་ཞིག་རེད། དེ་རྗེས་ཟླ་དང་པོའི་ནང་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཐོག་མངོན་གསལ་དོད་པོས་རྫུན་སྒྲིག་འཁྲབ་སྟོན་བྱེད་བཅུག་པའི་ནག་ཉེས་ངོས་ལེན་གྱི་བརྙན་ཐུང་ཞེས་པ་དྲིལ་བསྒྲགས་མ་བྱས་བར། ངས་ཁོང་གི་སྐོར་གང་ཡང་མཐོང་ཐོས་མ་བྱུང་།”ཞེས་བརྗོད།
སྤྱི་ཚོགས་རིག་གནས་ཚན་པའི་ལོ་རིམ་མཐའ་མའི་ནང་སློབ་གཉེར་བྱེད་བཞིན་པའི་བུ་མོས། རྒྱ་གཞུང་གིས་ཟླ་བ་དེ་དག་རིང་རང་ཉིད་ཀྱི་ཕ་བཙན་བཟུང་དམ་དྲག་བྱས་པའི་རྒྱུ་རྐྱེན་ར་སྤྲོད་བྱེད་ཐུབ་མེད་པ་དང་། ཁོང་དམ་དྲག་བཀག་འགོག་བྱས་པ་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་དང་། ལམ་ལུགས་དང་མི་མཐུན་པ་ཞིག་ཡིན་སྐོར་བརྗོད་པ་དང་། ཁོང་ལ་ཁྲིམས་མཐུན་མི་སྣ་ཐུག་འཕྲད་ཀྱི་ཆོག་མཆན་སྤྲད་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
ཁོ་མོས་ཟླ་གཉིས་པའི་ནང་། སུ་ཝི་ཊན་གྱི་གཞུང་ཚབ་ལ་ཕ་ཐུག་འཕྲད་བྱེད་འཇུག་སྐབས་གནས་ཚུལ་གང་ཞིག་བྱུང་བ་ཕྱིར་དྲན་འགྲེལ་བརྗོད་བྱས་དོན། “མཐར་ཁོང་ཚོས་ངའི་ཕ་ཐུག་འཕྲད་གནང་བའི་སྐབས། ཁོང་གིས་ང་ལ་རོགས་པ་དགོས་དོན་མེད། ང་རྒྱ་མི་རིགས་ཤིག་ཡིན་ཞེས་གསུངས་པ་དང་ལྷན་ཞབས་སྟེགས་ལས་བཞེངས་ཏེ་ཕེབས་འདུག དེ་དག་ནི་ཁོང་ཚོས་ང་ལ་བརྗོད་པའི་གནད་དོན་དག་རེད།”
ཧ་ལས་དགོས་པའི་གནད་དོན་ཞིག་ནི། གྷུའེ་མིན་ཧེ་དམ་དྲག་བཀག་འགོག་བྱས་རྗེས་ཀྱང་། རང་ཉིད་ཀྱི་བུ་མོར་ཁ་པར་གཏོང་ཐུབ་པ་དེ་རེད། ཁ་པར་མཐའ་མ་དེ་ཟླ་བ་གཅིག་ཙམ་གྱི་སྔ་རོལ་དུ་བཏང་ཡོད་པ་རེད།
ཁོ་མོས་“ང་ལ་ཕས་ཁ་པར་བཏང་གནང་བྱུང་། ངས་ཁོང་ཐུག་འཕྲད་བྱེད་མི་ཆོག་ཚུལ་གསུང་གི་འདུག འོན་ཀྱང་ཁོང་གིས་ཞལ་པར་རྒྱུན་པར་གཏོང་ཐུབ་ངེས་ཡིན་ཞེས་གསུངས་ཀྱང་། དེ་ལྟར་མངོན་གྱུར་བྱུང་མེད་པ་རེད།”ཅེས་བརྗོད།
ཁོ་མོས་ཨ་རིའི་གཞུང་གི་ཐབས་ཤེས་ཡོད་རྒུས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ། ཁོ་མོའི་ཕ་ཡི་གནས་བབ་ཤེས་རྟོགས་དང་། གང་མགྱོགས་ཀློད་གྲོལ་ཐུབ་ཐབས་བྱེད་པའི་ནན་སྐུལ་བྱས་པ་དང་། “མཐའ་དོན། ཨ་རི་དང་སུ་ཝེ་ཊན། དེ་བཞིན། གནད་དོན་དེ་རིགས་ཀྱི་འཕེལ་རིམ་ལ་སེམས་འཁུར་ཆེ་བའི་རྒྱལ་ཁབ་ཡོངས་ཀྱིས། རྒྱ་གཞུང་དབང་འཛིན་པས་ཡུལ་གྲུ་གཞན་གྱི་ས་ཐོག་ཏུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུ་ངེས་པར་བཀག་འགོག་བྱེད་ཐུབ་པ་དགོས་པ་ཡིན།”ཞེས་མཇུག་བསྡོམས་བྱས་ཡོད།
ཨ་རིའི་ལྷན་ཚོགས་དེའི་གཙོ་སྐྱོང་བ་ཁི་རི་སི་ཊོ་པར། སི་མི་ཏས(Christopher Smith)ཀྱང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་བློ་འཚབ་ཡོད་ཅེས་དང་། དཔེ་དེབ་ཚོང་གཉེར་བའི་གནད་དོན་ཙམ་མ་ཡིན་པར། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་། གསར་འགོད་རང་དབང་འཐབ་རྩོད་པ་བཅས་ལ་དམ་དྲག་བཙན་གནོན་བྱེད་པར་ཡང་སེམས་འཚབ་ཡོད་སྐོར་བརྗོད་ཡོད་པ་རེད། ཁོང་གིས་“འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་། གསར་འགོད་རང་དབང་འཐབ་རྩོད་པ། ངལ་རྩོལ་བའི་ཐོབ་ཐང་རྩོད་ལེན་པ་བཅས་ནི་འབྱུང་འགྱུར་རྒྱ་ནག་གི་རེ་བ་བཅོལ་ཡུལ་དང་། ཨ་རྒྱ་གཉིས་ཀྱི་འབྱུང་འགྱུར་འབྲེལ་ལམ་སྲ་བརྟན་དང་དཔལ་ཡོན་དར་རྒྱས་ཀྱི་རེ་བ་བཅོལ་ཡུལ་ལེགས་ཤོས་དེ་ཡང་ཡིན།”ཞེས་བརྗོད་ཡོད།
ཨ་རིའི་ལྷན་ཚོགས་དེར་ཨན་ཇེ་ལཱ་ཡིས་ཞུ་གཏུགས་མ་བྱས་གོང་། སུ་ཝེ་ཊན་ཕྱི་སྲིད་ལྷན་ཁང་གིས་ཟུར་དུ་པོ་སེ་(The Post)གསར་ཁང་ལ་གནད་དོན་དེར་མུ་འཐུད་དོན་གཉེར་བྱེད་མུས་དང་། རྒྱ་གཞུང་དབང་འཛིན་པར་གྷུའེ་མིན་ཧེ་ཡི་སྔ་ཕྱི་བར་གསུམ་གྱི་གནད་དོན་ལ་གསལ་བརྗོད་དགོས་པའི་རེ་བ་ཞུ་གི་ཡིན་ཞེས་བརྗོད་ཡོད་པ་རེད།
སུ་ཝེ་ཊན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར། གལ་ཏེ་གྷུའི་མིན་ཧེ་ཡི་སུ་ཝེ་ཊན་གྱི་མི་སེར་ཐོབ་ཐང་ཕྱིར་སྤྲོད་བྱེད་འདོད་ཡོད་སྐོར་བཤད་ཚེ་ཞེས་དྲིས་པར། མགྲིན་ཚབ་པས་“ང་ཚོས་ཧ་གོ་བ་ནི་ཁོང་སུ་ཝེ་ཊན་གྱི་མི་སེར་ཡིན་པ་དེ་རེད།”ཅེས་བརྗོད།
མ་རྩོམ་འབྲེལ་ཐག http://www.scmp.com/news/hong-kong/law-crime/article/1953716/dont-let-china-carry-out-illegal-operations-foreign-soil
བདེན་དོན་ལ་རྒྱབ་སྐྱོར་གནང་འོས་པ་རེད་མ་ཟད་རྩོམ་ཡིག་འདི་འདྲ་ད་ལྟའི་སྦྱི་ཚོགས་ནང་གང་མང་ཞིག་སྒྱུར་ཐུབ་པ་ཡིན་ན་བོད་མི་གཞོན་སྐྱེས་དོད་སྣང་ཅན་ཚོས་བསམ་བློ་ལ་འགྱུར་བ་འགྲོ་བར་ཕན་ཐོགས་ངེས་ཅན་རེད་ཡོད་ངེས་ལགས། ད་བར་དུས་བབས་ཚང་གི་རྩོམ་སྒྱུར་ལས་གཞི་ལ་ཡི་རིངས་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། སྐད་ཡིག་གཉིས་པ་མི་མཁྱེན་མཁན་ཚོ་ལ་ཕན་པ་རྒྱ་ཆེན་འབྱུང་ངེས་རེད་བཀྲིན་ཆེ་ཞུ།