ཚེ་དབང་ནོར་བུས་དབྱིན་ཡིག་ནང་བརྩམས།
འགྱུར་མེད་ཚེ་རིང་གིས་བོད་ཡིག་ཏུ་བསྒྱུར།
ང་ཚོས་འདོད་རུང་མ་འདོད་རུང་རྒྱ་ནག་ནི། འཛམ་གླིང་ནང་ཨ་རིའི་རྗེས་ཀྱི་དཔལ་འབྱོར་ཡར་རྒྱས་ཆེ་ཤོས་ཨང་གཉིས་པ་དེ་ཡིན། འོན་ཀྱང་ནུབ་ཕྱོགས་པའི་གནད་དོན་དབྱེ་ཞིབ་པས་བརྗོད་དོན་ལྟར་ན། ལམ་ལྷོང་མངོན་གསལ་ལྡན་པའི་དཔལ་འབྱོར་གྱི་མཐའ་འབྲས་དེ་ནི། རྒྱ་ནག་གི་ལོ་རྒྱུས་ནང་སྣང་ཚུལ་གསར་བ་ཞིག་ལ་འདོད་ཀྱི་ཡོད་ཀྱང་། དོན་ལ་དེ་ལྟར་མིན། རྒྱ་ནག་གི་གོང་མ་ཁང་ཤཱི་(Qin Shi Huangdi)ཡིས་ཡུལ་ལ་སྲིད་དབང་ཐོག་མར་བཟུང་བའི་དུས་སྐབས་སུ། རྒྱ་ནག་ནི་དེང་གི་རྒྱ་ནག་ལས་དཔལ་འབྱོར་དང་། མངའ་ཐང་སྟོབས་ཤུགས་ཆེ་བ་ཡོད། ཁོས་(Qin Shi Huangdi)ཁེངས་རློམ་གྱི་སྒོ་ནས། བདག་གི་ཁྲིམས་ལུགས་ཀྱིས་བསྐྱངས་པའི་བཀའ་དྲིན་དང་ཁེ་བཟང་ནི། མིའི་རིགས་སྟ་ཅི། སེམས་ཅན་དུད་འགྲོའི་ཁྲོད་ནས་གླང་དང་རྟ་རྣམས་ལའང་མ་ཁྱབ་པ་མེད་ཅེས་རྗོད་ཀྱི་ཡོད། རྒྱ་མི་རིགས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཀྱང་། གོང་མ་ཁང་ཤཱིའི་སྐབས་ལ་རྒྱ་ནག་ནི། ཁྲིམས་དང་དྲང་བདེན་གྱི་ཆ་ནས་རྒན་མོ་གསེར་འཁུར་གྱི་དུས་ཚོད་ཅིག་ཡིན་པའི་ལྟ་ཚུལ་བཟུང་ཡོད། མིང་རྒྱལ་རབས་(༡༣༦༨-༡༦༤༤)ཀྱི་དུས་སུ་རྒྱ་ནག་གི་དཔལ་འབྱོར་ནི། འཛམ་གླིང་ནང་སྟོབས་འབྱོར་མངའ་ཐང་ཆེ་ཤོས་དེ་ཆགས་ཡོད། གནའ་དུས་རྒྱ་ནག་གི་བསམ་བློ་སར་བརྗེ་བ་ཡིས། མིའི་རིགས་ཀྱི་སྤྱི་ཚོགས་དཔལ་ཡོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་བྱུང་ཡོད། དེ་ཡང་གཙོ་བོ་རྒྱ་ནག་གི་གསར་གཏོད་ཆེན་པོ་བཞི་སྟེ། ཤོག་བུ་བཟོ་རྩལ་དང་། མེ་མདའི་རྫས། པར་སྐྲུན། ཕྱོགས་སྟོན་འཁོར་ལོ་བཟོ་སྐྲུན་བཅས་ཀྱིས་ཡིན། །
འདས་པའི་ལོ་བརྒྱ་ཕྲག་གཉིས་ཙམ་གྱི་ཕམ་ཉེས་དང་གྱོང་རྒུད་དེའི་མཇུག་འབྲས་སུ། ད་ལྟའི་གནས་སྟངས་དེ་བྱུང་བ་ཞིག་ཡིན་སྲིད། ཆིང་གོང་མའི་སྲིད་དབང་བཟུང་བའི་ཕྱིས་ཀྱི་དུས་རབས་སུ་རྒྱལ་པོའི་བརྒྱུད་པ་ཚོས་དབང་སྒྱུར་དང་དེང་རབས་ཀྱི་འཕོ་འགྱུར་རྒྱ་སྐྱེད་མ་ཐུབ་པའི་ཕམ་ཉེས་ཀྱིས། སྲིད་དབང་འཛིན་མཁན་གྱི་རྒྱལ་བརྒྱུད་ནང་ཁུལ་དབར་འཁོན་འཛིན་དང་། མ་ཟད་ནུབ་ཕྱོགས་ཀྱི་སྔར་མེད་སྔོན་ཐོན་གྱི་འགྱུར་བ་གློ་བུར་དུ་བྱུང་བ་དེས། ཆིང་རྒྱལ་རབས་ཀྱི་དཔལ་འབྱོར་དང་སྲིད་དོན་གཉིས་ཀ་ཉམས་ཆག་བྱུང་ཡོད།།
དེས་ན་དེང་གི་རྒྱ་ནག་གི་སྣང་ཚུལ་ནི། ཉེ་རབས་ཡར་རྒྱས་ཆགས་ཟིན་པའི་ནུབ་ཕྱོགས་ཀྱི་དབང་སྒྱུར་ས་ཁུལ་ནས་སོ་སོར་ཆགས་ཏེ། ཡར་རྒྱས་ཀྱི་ཕྱོགས་སུ་འཕེལ་རྒྱས་འབྱུང་བཞིན་པ་ཞིག་རེད། སྤྱིར་ན་དེང་སང་ཚན་རིག་དང་སྲིད་དོན་ལམ་ལུགས་ཀྱི་འཕེལ་རྒྱས་ཕལ་མོ་ཆེ་ནི། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནས་རིམ་བཞིན་དར་སྤེལ་བྱུང་ཡོད། དེ་ཡང་གུང་ཁྲན་རིང་ལུགས་དང་། ཆབ་སྲིད་ཚོགས་པ་མང་བའི་དམངས་གཙོའི་རིང་ལུགས་སོགས་ཐམས་ཅད་ཀྱི་འབྱུང་ཁུངས་ནི་ནུབ་ཕྱོགས་ནས་ཡིན། སྲིད་འཛིན་ཞིས་ཅིན་ཕིན་གྱིས་ཀྱང་མི་མང་ལ་ཕྱིའི་རྒྱལ་ཁབ་ཀྱི་བསམ་བློའི་རིག་རྩལ་ལ་གཞིགས་ནས་བླང་དོར་གྱི་སྲིད་བྱུས་འཛིན་གྱི་ཡོད། །
གནད་དོན་དབྱེ་ཞིབ་པ་དང་ཚོང་གཉེར་ཁེ་ལས་ཚན་པའི་ནང་གི་མང་པོས། རྒྱ་ནག་ལ་འདས་པའི་ལོ་བརྒྱ་ཕྲག་གཉིས་ལྷག་ཙམ་རིང་ལ་དེ་ལྟའི་དཔལ་འབྱོར་གོང་འཕེལ་ནམ་ཡང་མཐོང་མྱོང་མེད་པ་དང་། རྒྱ་ནག་གོང་མའི་སྐབས་ཀྱི་གནས་སྟངས་ནི་ཡལ་ཟིན་པ་དང་བསམ་བློའི་རྨང་གཞི་ཐ་དད་ཅིག་ལས་ད་ལྟའི་རྣམ་པ་དེ་འབྱུང་བར་འདོད་ཀྱི་ཡོད། ཁོང་ཚོས་སྔར་དང་མ་འབྲེལ་བའི་སྤྲོ་སྣང་སྐྱེས་འོས་པའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་གསར་བ་དེ་གཞི་རུ་བཞག་ནས། རྒྱ་ནག་ནི་དཔལ་འབྱོར་ལམ་སྲོལ་དང་དབང་ཤུགས་རྙིང་པ་བསྐྱར་གསོ་ལ་མ་བརྟེན་པར། དེང་གི་འཛམ་གླིང་ནང་གསར་དུ་འཐོན་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ཞེས་སྒྲོག་གི་ཡོད། གཞུང་འཛིན་རྒྱ་ནག་དམར་ཤོག་ཚོགས་པས་ཀྱང་སྔར་ཡོད་གནས་སྟངས་བསྐྱར་བཟོ་བྱས་ནས་བྱུང་བའི་འཕེལ་རྒྱས་ཤིག་ཡིན་ཚུལ་བརྗོད་པ་ལས་སྔར་མེད་གསར་བ་ཞིག་གསར་གཏོད་བྱས་ནས་འཕེལ་རྒྱས་བྱུང་བ་ཞིག་རེད་ཅེས་བརྗོད་ན་མི་བདེ་བ་བྱེད་ཀྱི་མེད། རྒྱལ་པོའི་གདུང་བརྒྱུད་ཀྱིས་དབང་སྒྱུར་དང་། དེ་བཞིན་ཁྱིམ་ཚང་གིས་དབང་སྒྱུར། རང་ཉིད་ཁྲིམས་མཐུན་དུ་བརྗོད་པའི་གནམ་བསྐོས་གོང་མས་མངའ་དབང་བསྒྱུར་བའི་རྣམ་པ་དེ་དུས་ནམ་ཡང་ཡོང་ཐབས་མེད་པ་ཞིག་རེད། གནམ་བསྐོས་གོང་མ་ནི། ནུབ་ཕྱོགས་ཀྱི་བསམ་བློའི་སྒྲོམ་གཞི་ལྟར་ན་ཡང་དག་པའི་སྲིད་དབང་འཛིན་སྐྱོང་གི་ལྟ་ཚུལ་ཞིག་ཏུ་འདོད་ཀྱི་ཡོད་ནའང་། ཁྲིམས་མཐུན་ཆབ་སྲིད་ཀྱི་འཛིན་སྐྱོང་ལམ་ལུགས་དང་གནམ་བསྐོས་གོང་མའི་སྲིད་དབང་འཛིན་སྐྱོང་ལམ་ལུགས་གཉིས་ནི་ནམ་ཡང་གཞི་མཐུན་མེད་པའི་ལྡོག་ཟླ་ཞིག་རེད།།
རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས། གཞུང་འཛིན་དམར་ཤོག་ཚོགས་པས་གནད་དོན་གཉིས་ལ་བརྟེན་ནས་ད་ལྟའི་དཔལ་འབྱོར་འཕེལ་རྒྱས་དེ་སྔར་གྱི་རྨང་གཞི་གཞི་རྩར་བཟུང་ནས་བྱུང་བ་ཞིག་ཡིན་པར་མོས་མཐུན་བྱེད་ཀྱི་མེད། དེ་ཡང་གནད་དོན་དང་པོ་ནི། དམར་ཤོག་ཚོགས་པས་རྒྱ་མི་རིགས་ལ་གཉའ་གནོན་དམའ་འབེབས་ཀྱི་འོག་ནས་བཅིངས་བཀྲོལ་བྱས་ཅེས་པའི་ཕྱོགས་རིས་ཅན་གྱི་བསམ་བློ་གཞི་རྩར་བཞག་པའི་རྐྱེན་དང་། གནད་དོན་གཞན་དེ་ནི། རྒྱལ་པོའི་གདུང་རྒྱུད་ཀྱིས་ཆབ་འབངས་བསྐྱངས་པའི་ལོ་རྒྱུས་ནང་། ཧ་ཅང་ངོ་མཚར་ཅན་གྱི་གནད་དོན་མང་པོ་བྱུང་ཡོད་ནའང་། ཕྱོགས་གཞན་ཞིག་ནས་མི་གསོད་ཁྲག་སྦྱོར་གྱི་གནད་དོན་ཡང་མཐོང་རྒྱུ་ཡོད། དེ་དང་འདྲ་བའི་གནས་སྟངས་ཤིག་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ས་ཁུལ་གྱི་ཕྱོགས་མང་པོར་མངོན་རྒྱུ་ཡོད་པ་དངོས་བདེན་ཡིན་པས་སོ།།
གང་ལྟར་ཡང་། གཞུང་འཛིན་དམར་ཤོག་ཚོགས་པས་ཚིག་འཇམ་གྱི་སྒོ་ནས། གནམ་བསྐོས་གོང་མའི་འདས་ཟིན་པའི་གཞུང་འབངས་འཛིན་སྐྱོང་ལམ་ལུགས་ཀྱི་ཤུགས་རྐྱེན་ཐེབས་མེད་ཚུལ་གྱི་བསླུ་ཐབས་བྱེད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པ་ནི། ཁྲིམས་མཐུན་གྱི་སྲིད་གཞུང་ཞིག་ཡིན་ཚུལ་རྗོད་ཀྱི་ཡོད། ཡིན་ནའང་། གནའ་བོའི་རྒྱ་ནག་གོང་མའི་སྲིད་དོན་གྱི་ལྟ་ཚུལ་ནང་། བང་རིམ་དང་དྲང་བདེན་ཡོད་པའི་གོང་མའི་སྲིད་དབང་འཛིན་པའི་དུས་ཚོད་ནི། ཧ་ཅང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་རེད། གལ་ཏེ་དེ་ཉིད་མེད་པར་འགྱུར་ན། སྤྱི་ཚོགས་ཟང་ཟིང་དང་རིམ་གྱིས་ཁྲིམས་མེད་ལུགས་མེད་ཡོང་རྒྱུ་རེད་ཅེས་མཐའ་ཚིག་བསྒྲགས་མྱོང་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་ནི་གནའ་བོའི་གོང་མ་དང་ཆ་འདྲ་བོ་ཡོད་པ་གཞན་ཞིག་གིས་སྲིད་དབང་འཛིན་གྱི་ཡོད་པ་ལྟ་བུ་རེད། ཁོང་ཚོས་བསྒྲག་རྒྱུའི་སྐད་ཆ་རྣམས་སྔར་བཞིན་དུས་ནམ་ཡིན་ལ་དེ་ལྟར་ཤོད་ཀྱི་ཡོད། དེ་ནི། གལ་ཏེ་ཁོང་ཚོའི་སྲོད་དོན་གྱི་ལམ་ལུགས་དེ་མེད་པར་འགྱུར་ན། ཆབ་སྲིད་ཚོགས་པ་མང་བའི་དམངས་གཙོའི་ལམ་ལུགས་ཀྱིས་རྒྱ་ནག་ལ་དབང་སྒྱུར་བྱ་རྒྱུ་རེད། སྐབས་དེར་ཕྱི་རྒྱལ་གྱི་ལམ་ལུགས་དེས་སྤྱི་ཚོགས་ཟང་ཟིང་བཟོ་རྒྱུ་རེད་ཅེས་དུས་དང་ནམ་པ་ཀུན་དུ་བསྒྲགས་དང་སྒྲོག་གི་ཡོད།
རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་འོག་ཏུ། ས་ཁུལ་རིམ་པ་ནས་རྒྱལ་ཁབ་རིམ་པའི་བར་ཆབ་སྲིད་ཀྱི་གོང་བུ་གཅིག་གི་ནང་ལ་གནས་ཐུབ་པ་དེ་ནི། རྒྱ་ནག་གི་ལོ་རྒྱུས་ནང་ཐེངས་དང་པོ་དེ་ཆགས་ཡོད། འོན་ཀྱང་རྒྱ་ནག་གིས་རྒྱལ་མཚམས་ཕྱི་རོལ་དུ་ཡོད་པའི་རྒྱལ་ཁབ་ཁ་ཤས་ལ་ཁྲིམས་འགལ་དབང་བསྒྱུར་བྱས་ཡོད། དེ་དག་ནི་བོད་དང་། ཡུ་གུར། སོག་པོ་སོགས་ཡིན། མི་རིགས་དེ་རྣམས་ནི་རིགས་རྒྱུད་དང་། རིག་གཞུང་གི་ཤུགས་རྐྱེན། ཆབ་སྲིད་ལོ་རྒྱུས། བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་ཐ་དད་ཡིན། རྒྱ་ནག་གིས་རང་གི་རྒྱལ་མཚམས་སྲུང་སྐྱོབ་ཀྱི་ཆེད་དུ་བཤད་རྒྱུར། དང་པོར། གནའ་དུས་རྒྱལ་ཁབ་དེ་གསུམ་རྒྱ་ནག་གོང་མའི་མངའ་འོག་ཏུ་དུས་སྐབས་མི་འདྲ་བ་སྣ་ཚོགས་ཀྱི་འོག་ལ་ཚུད་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་གོང་གི་གནད་དོན་འདི་གཞི་རྩ་མེད་པས། བགྲོ་གླེང་བྱ་རིན་མེད་པ་ཞིག་རེད་ཅེས་དང་། གཉིས་པ་དེ་ལ། རྒྱལ་པོའི་ལམ་ལུགས་གཞི་རྩར་བཞག་ནས་བཤད་པའི་ཡིད་ཆེས་གཞན་ཞིག་ལ། གནམ་བསྐོས་གོང་མ་འཇིག་རྟེན་དུ་ཕེབས་པ་ནི། འཇིག་རྟེན་ལ་བཀའ་བསྒོས་གནང་དུ་མ་ཡིན་པར་མིའི་རིགས་ལ་རིག་གནས་ཀྱི་གོ་རྟོགས་ཁྱབ་སྤེལ་གཏོང་ཆེད་དུ་ཡིན་ཞེས་ཚིག་བརྗོད་ཡིད་དུ་འོངས་པ་ཞིག་གི་སྒོ་ནས་གནད་དོན་དག་སྐྱེལ་བྱེད་བཞིན་ཡོད་ནའང་། གོང་མའི་དམག་གིས་ཁྱིམ་མཚེས་ཡུལ་གྲུ་རྣམས་ནི་ཀླ་ཀློའི་སྐྱེ་བོ་ཡིན་ཤག་ཐོག དམག་འཁྲུག་བརྒྱབ་སྟེ་མི་གསོད་ཁྲག་སྦྱོར་གྱི་ལས་བྱེད་པ་དེ་ནི། གོང་མ་ཉིད་ཀྱིས་རིག་གཞུང་དང་དཔལ་འབྱོར་ཁྱབ་སྤེལ་བྱེད་ཀྱི་ཡོད་ཅེས་ཁ་དང་ལག་ལེན་མི་མཐུན་པའི་གནད་དོན་ཆེན་པོ་ཞིག་ཆགས་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་ཀྱང་བསམ་བློའི་སྒྲོམ་གཞི་དེ་དང་ཕྱོགས་འདྲ་བ་ཞིག་ཡོད། ཁོང་ཚོས་ཁྱིམ་མཚེས་ཡུལ་གྲུ་རྣམས་ནི། ཤེས་ཡོན་མེད་པ་དང་གནས་སྟངས་ཞན་པས་ཀླ་ཀློ་ལྟ་བུ་ཡིན་པ་དེར། ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱིས་མིའི་རིགས་ཀྱི་ཡར་རྒྱས་ལ་ཁེ་བཟང་ཆེན་པོ་བསྐྲུན་ཐུབ་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱིན་ཡོད།།
རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་ལས་བྱེད་ཚོས། བོད་ལ་སྤྱི་ཚོགས་རིང་ལུགས་དབུ་བརྙེས་པ་ནས། ཁེ་ཕན་གྱི་རྣམ་གྲངས་མང་པོ་བྱུང་ཡོད་པ་མངོན་གསལ་དོད་པོས་ཤོད་ཀྱི་ཡོད། དེ་ནི་བསམ་གཞིགས་མེད་པའི་ཡིད་ཆེས་ཙམ་ཞིག་དང་། མཚུངས་བསྡུར་བྱེད་ཐབས་མེད་པ་ཞིག་ཨུ་ཚུགས་ཀྱིས་བྱས་པ་ཞིག་ཀྱང་རེད། དེ་ནི་དུས་རབས་གཅིག་གི་ནང་བྱུང་བའི་ཇེ་མཱས་ཌེན་(James Dean)དང་། བེ་ར་ཌ་པིཊ་(Brad Pitt)གཉིས་བསྡུར་བ་ལྟ་བུ་རེད། སྤྱིར་ཁོང་གཉིས་ཧོ་ལི་ཝུཌ(Hollywood) ཡི་གློག་བརྙེན་ཟློས་གར་བ་ཡིན་པ་གཅིག་མཚུངས་ཡིན་ནའང་། མི་ཚོས་ཇེ་མཱས་ཌེན་(James Dean)ཤེས་མཁན་ཆེས་ཉུང་བ་དང་། བེ་ར་ཌ་པིཊ་(Brad Pitt)ཤེས་མཁན་གང་སར་ཁྱབ་ཡོད་པ་ལྟ་བུ་རེད།།
མི་མང་ལ་ཁེ་བཟང་ཡོང་རྒྱུ་ལས་ལྡོག་སྟེ། ཏག་ཏག་ལྡོག་ཕྱོགས་ཀྱི་གནས་སྟངས་བྱུང་ཡོད། འདས་པའི་ཟླ་ཤས་སྔོན་གྱི་བོད་མིའི་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་སྐབས། དྲ་རྒྱའི་ནང་ཟིན་བྲིས་སྤེལ་མཁན་བོད་རིགས་ཤིག་གི་དྲ་ཚིགས་ལ་གཏོར་རྒོལ་བཟོས་ཡོད། དེ་ནི་དམར་པོའི་ལྟ་ཕྱོགས་འཛིན་མཁན་རྣམས་དོན་དངོས་ལ་ཐུག་དུས། རིག་གཞུང་ཁྱབ་སྤེལ་དང་བཟང་སྤྱོད་ཅེས་བཤད་པ་ནི་དྲང་བདེན་མ་ཡིན་པ་ཞིག་ཆགས་ཡོད། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་གཏམ་རྒྱུད་དེས། གནའ་བོའི་བཟང་སྤྱོད་དང་རིག་གཞུང་རྩ་མེད་དུ་གཏོང་གི་ཡོད། གནའ་བོའི་བཟང་སྤྱོད་དང་རིག་གཞུང་དེ་ནི། གསེར་དང་ཌོ་ལར་(Dollar)ལས་རིན་ཐང་ཆེ་བ་ཆགས་ཡོད། སྲིད་འཛིན་རོ་ནལ་རི་གྷན་(Ronald Regan)གྱིས་དབྱེ་འབྱེད་ཀྱི་རྩིག་གྱང་གཏོར་བཤིག་གཏོང་དགོས་གསུངས་པ་ལྟར། ཟི་ཁྲོན་ནས་ཡིན་པའི་བོད་རིགས་ཟིན་བྲིས་པ་དེས་ཀྱང་། ཁོང་རང་ཉིད་ཀྱི་དྲ་རྒྱའི་ཟིན་བྲིས་དགོད་ས་གཞན་ཞིག་བཀོལ་ནས་བྲིས་པར། མི་མངོན་པའི་དབྱེ་འབྱེད་ཀྱི་རྩིག་གྱང་དེ་གཏོར་དགོས། འགྲུལ་བསྐྱོད་རང་དབང་དགོས་པའི་རྩ་ཁྲིམས་ཀྱི་དགོངས་པ་བཞིན། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལ་ཡོད་པའི་བོད་རིགས་ས་ཁུལ་གྱི་བོད་མི་རྣམས། རང་དབང་གི་སྒོ་ནས་རང་སྐྱོང་ལྗོངས་ཀྱི་ལྷ་ས་ལ་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་ཞེས་བཤད་ཡོད། །
གཞན་ཡང་། རྒྱ་ནག་དམར་པོའི་སྲིད་གཞུང་གིས་གནམ་བསྐོས་གོང་མར་ཀའུ་ཊུའུ་(Kowtow- ཚིག་འདིའི་དོན་ནི། གནའ་བོའི་རྒྱ་ནག་གི་གོང་མར་གུས་འདུད་བྱེད་སྟངས་ཀྱི་རྣམ་པ་ཞིག་ཡིན་འདུག) བྱེད་སྟངས་ཀྱི་ལམ་སྲོལ་བརྒྱུད་འཛིན་བྱེད་ཀྱི་ཡོད། དེ་ཡང་ཆིང་གོང་མོའི་དུས་སུ་ཕྱིའི་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོར་གོང་མར་གུས་བཀུར་ཕྱག་འབུལ་བྱེད་སྲོལ་གྱི་གནད་དོན་སྟེང་དཀའ་ངལ་འཕྲད་མྱོང་ཡོད། གོང་མར་གུས་བཀུར་ཕྱག་འབུལ་བྱེད་སྟངས་དམིགས་བསལ་དེས་གང་ཞིག་མཚོན་གྱི་ཡོད་དམ་ཞེ་ན། གོང་མར་ཕྱག་འབུལ་བྱས་པ་ཡིན་ན། སོ་སོའི་རྒྱལ་པོ་ལས་རྒྱ་ནག་གི་གོང་མ་ནི་ཁྱད་དུ་འཕགས་པ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད་སྟབས། དེ་ནི་གཞན་ཚོས་ནམ་ཡང་ངོས་ལེན་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། ཡིན་ནའང་ཆིང་གོང་མར་ཀའུ་ཊུའུ་(Kowtow)ཡི་གུས་ཕྱག་མ་བྱས་ཚེ། རྒྱ་ནག་ནང་དོན་གཅོད་ལས་ཁུངས་འཛུགས་ཆོག་པའི་ཐོངས་ཆེན་མི་སྤྲོད་སྟབས། གནས་སྐབས་ཀྱི་ངོས་ལེན་བྱས་དགོས་པ་ཆགས་ཀྱི་ཡོད།།
ང་ཚོས་ཉེ་འཆར་གྱི་གནས་སྟངས་ཤིག་ནས་ཤེས་རྟོགས་ཐུབ་པར། ད་ལྟའི་རྒྱ་གཞུང་གིས་ཀྱང་གོང་མའི་སྐབས་ཀྱི་ཕྱག་འབུལ་བྱེད་སྟངས་དེ་བརྒྱུད་འཛིན་བྱེད་ཀྱི་ཡོད། དེའི་དཔེ་མཚོན་ཡག་ཤོས་ཤིག་ལ་སྐུ་ཞབས་ཁེ་མེ་རོན་(Cameron)ཆགས་ཡོད། ཕྱི་ལོ་ ༢༠༡༣ ལོར་ཁོང་གིས་༸གོང་ས་མཆོག་ལ་མཇལ་འཕྲད་བྱེད་པའི་མཇུག་འབྲས་སུ་པེ་ཅིན་ནས། གཞུང་འབྲེལ་མ་ཡིན་པའི་སྒོ་ནས་དཔལ་འབྱོར་གྱི་འབྲེལ་ལམ་བཀག་སྡོམ་བྱས་རྗེས། སྲིད་བློན་མཆོག་ཐེངས་གཉིས་ཙམ་པེ་ཅིན་ལ་བསྐྱོད་དགོས་ཆགས་པ་དེས། རྒྱ་ནག་གི་རྒྱལ་ཁབ་དེ་རྒྱལ་ཁབ་གཞན་ལས་ལྷག་པའི་རྣམ་པ་བཏོན་ཐུབ་པ་བྱུང་བ་དང་། སླར་ཡང་རྒྱལ་ཁ་བླངས་ཐུབ་པ་བྱུང་ཡོད། རྒྱལ་ཁབ་ཅིག་གི་སྲིད་བློན་ཡིན་པའི་ཆ་ནས་ལོ་ངོ་སྟོང་ཕྲག་སྔོན་ཀྱི་དྲང་བདེན་མ་ཡིན་པའི་ཆིངས་དོན་ལ་ངོས་ལེན་དང་། རང་ཉིད་ཀྱི་རྒྱལ་ཁབ་དེ་རྒྱ་ནག་གི་གཤམ་འོག་རྒྱལ་ཁབ་ཅིག་ལ་མོས་མཐུན་བྱེད་དགོས་ཆགས་པ་རེད། དེས་དབྱིན་ཡུལ་གྱིས་ལས་དོན་གང་ཡིན་རྣམས་རྒྱ་ནག་ལ་ལྟོས་ཚབས་མང་དུ་འགྱུར་པས། འགྲོ་བ་མིའི་ཐོབ་ཐང་དང་མིའི་རིན་ཐང་བཅས་ཀྱི་ཐད་ལ་ལངས་ཕྱོགས་བརྟན་པོ་ཞིག་འཛིན་ཐུབ་ཀྱི་མེད་པ་རྟོགས་ཐུབ།
ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་བདག་དབང་གི་དཀའ་རྙོག་དེས་ཀྱང་དེ་ལྟའི་རྣམ་པ་ཞིག་ངོ་སྤྲོད་བྱེད་ཀྱི་ཡོད། ང་ཚོས་གནད་དོན་དེར་ཞིབ་ཚགས་ཀྱི་སྒོ་ནས་ཆ་ཚང་ལ་བལྟས་ན། འགལ་ཟླར་གྱུར་བའི་རྒྱལ་ཁབ་དེ་དག་ནི་ལོ་ངོ་སྟོང་ཕྲག་མང་པོའི་རིང་དཀའ་རྙོག་ཡོད་པ་རྐྱང་རྐྱང་ཆགས་ཡོད། ལོ་ངོ་སྟོང་ཕྲག་རིང་ཁ་རྩོད་བྱས་ཡོད་ཀྱང་། འདས་མ་ཐག་པའི་ལོའི་ནང་བློ་ཚབས་ཆེ་རུ་འགྲོ་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ། དེ་ནི་རྒྱ་ནག་གིས་དམག་གི་དབང་བསྒྱུར་དང་འཇིགས་སྐུལ་བྱས་ཏེ། ཁོར་ཡུག་དེར་ཀའུ་ཊུའུ་(Kowtow)ཡི་ལམ་སྲོམ་གསར་གཏོད་བྱ་འདོད་ཡོད་པ་མིན་ནམ། རྒྱ་ནག་གོང་མའི་སྐབས་ཀྱི་ཁྲག་དྲི་བྲོ་བའི་ཟང་ཟིང་ཆེ་བའི་རྙོག་གྲ་དེ་ཡང་བསྐྱར་བྱུང་བ་དང་མཚུངས་པ་མ་ཡིན་ནམ།།
མཆན།
ཀ༽ ཀློག་པ་པོ་ཚོས་གོང་འཁོད་བརྗོད་བྱར་ཁ་གསལ་མེད་པ་དང་ཐེ་ཚོམ་གྱི་རིགས་བྱུང་ཚེ། གཤམ་གྱི་འབྲེལ་ཐག་དེའི་བརྒྱུད་ནས། དབྱིན་ཡིག་གི་མ་རྩོམ་དེར་གཟིགས་པར་ཞུ།
ཁ༽ མ་རྩོམ་གྱི་འབྲེལ་ཐག https://sites.google.com/site/tibetanpoliticalreview/articles/entangledchinanotnewrevival