མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡ་མཚན་ལྟད་མོ་གྲོས་ཚོགས་ནང་ན་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

གུས་པས་༧རྒྱལ་བའི་དགོངས་གཞི་སྙིང་བཅངས་དང་མི་མང་གི་མངོན་འདོད་སྲུང་སྐྱོབ། རང་ཚུགས་གཏད་སོ་ཡོད་པ་བཅས་ཀྱི་བསམ་ཚུལ་བཏོན་པས། བཀུར་འོས་རྒྱ་ཆེ་མི་མང་གི་ངོས་ནས་ཚད་མཐོའི་རྒྱབ་སྐྱོར་གྱི་ལམ་ནས་གྲོས་ཚོགས་འཐུས་མའི་འགན་དབང་བསྐུར། འཐུས་མིའི་དམ་འབུལ་དང་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོ་བཅས་པ་ཡོངས་སུ་གྲུབ། འདི་ནི་གུས་པར་མཚོན་ན་བསམ་གཞིགས་གཟབ་ནན་བྱ་རིན་ཡོད་པའི་ལས་དོན་ཞིག་ཏུ་གྱུར།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འབུར་ཐོན་ཅན་གྱི་མི་སྣ་དག་དང་སྡིངས་ཆ་གཅིག་ཏུ་འཛོམས་པ་དང་། ཉིན་གསུམ་གྱི་གྲོས་ཚོགས་ཀྱི་ཕྱི་ནང་གང་སར་མངོན་པའི་གནས་ཚུལ་མང་པོ་ཞིག་དེ་རིང་བརྗོད་ཐབས་བྲལ། ཡིན་ནའང་། མི་རབས་གསར་པ་ཤུགས་ཆེ་བའི་སྐབས་བཅུ་དྲུག་པའི་སྤྱི་ལྷན་འདིའི་ནང་གུས་ནས་མི་མང་གིས་གནང་བའི་འོས་འགན་གང་འཚམ་ཞིག་བསྐྱལ་ཐུབ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།

གུས་པ། གྲོས་ཚོགས་ཀྱི་རྐུབ་སྟེགས་སྟེང་གསར་དུ་བསྡད་པ་ཡིན་རུང་། ཚོགས་དུས་མང་པོར་རྒྱུས་ཡོད་ཡིན་པ་དང་། ལྷག་པར་ཏུ་བཅའ་ཁྲིམས་གཙོས་སྒྲིག་གཞི་ཁག་ལ་འབྲེལ་བ་གསར་དུ་འཛུགས་མཁན་ཞིག་མིན་སྟབས། གཟུར་གནས་མང་དག་ཅིག་ལ་གྲོས་ཚོགས་འཐུས་མི་རྙིང་པ་ཞིག་ཡིན་པའི་མཐོང་སྣང་ཡང་བྱུང་འདུག་མོད། ངས་དོ་སྣང་ཞུ་འདོད་པ་ནི་དེ་དག་རྩ་བ་ནས་མ་རེད།

གྲོས་ཚོགས་རྭ་བར་སྙན་སྒྲོན་ཞུ་རྒྱུའི་སྐད་ཆའི་རྩ་དོན་ལ། སྤྱི་དོན་དང་རང་དོན་གཉིས་ཀ་སྲུང་སྐྱོབ་དགོས་པའི་ལངས་ཕྱོགས་དེ་ངས་སྔ་མོ་ནས་ཡག་པོ་མཐོང་གི་མེད། ང་ཚོའི་སྤྱི་ཚོགས་ནང་སྐད་ཆའི་ལངས་ཕྱོགས་དེ་འདྲ་ཡོད་མཁན་དག་རྣམ་དཔྱོད་ལྡན་པར་རློམ་གྱི་ཡོད་པ་འདྲ་ཡང་། དེང་གི་དུས་ནི་མི་མང་གི་གོ་རྟོགས་ཁྱོན་ཡོངས་ནས་སད་པའི་དུས་སྐབས་ཡིན་པས། བཀས་བཀོད་བརྒྱུད་འཛིན་ལམ་ལུགས་ཀྱི་མཐོ་རིམ་མི་སྣ་ནང་ཁུལ་ཁོ་ནར་སྤྱོད་བྱའི་སྐད་ཆའི་ལངས་ཕྱོགས་དེའི་དུས་ཚོད་རྫོགས་ཟིན་པ་གསལ་བོ་རེད་ལ། ཞི་བའི་སྤྱི་ཚོགས་ནང་གནས་པའི་ཤེས་ཡོན་པ་དང་རྩོམ་པ་པོ་མང་དག་ཅིག་གིས་དེ་རིགས་ལ་མགོ་གཉིས་མ་ཞེས་པའི་ཚིག་འདི་སྦྱོར་གྱི་ཡོད། ངེད་ནས་ཀྱང་མི་མང་ནང་འཁྲུགས་མི་ཐེབས་པ་དང་མི་མང་གིས་ལས་སླ་བོའི་ངང་འཐུས་མི་དེའི་ངོ་བོ་དང་དམིགས་ཡུལ་གསལ་བོ་གཟིགས་ཆེད། གྲོས་ཚོགས་རྭ་བའི་སྐད་ཆའི་རང་ཚུགས་ལ། སྤྱི་བ་སྲུང་སྐྱོབ་ཁོ་ནའི་རྣམ་པ་གསལ་དགོས་པའི་ལྟ་ཚུལ་གསལ་འདོན་བྱས་ཡོད་ལ། མ་འོངས་པར་ཡང་བརྟན་གནས་ཐུབ་ངེས་ཡིན།

ད་ཐེངས་གྲོས་ཚོགས་ནང་ལས་རིམ་རྙོག་འཛིང་ཅན་དང་མང་པོ་མེད་ནའང་། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་དྲུག་པ། བཀའ་བློན་འོས་འདེམས། གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་དགུ་བ་སྟེ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་སྐོར། གཞན་ཡང་བཀའ་བློན་གྱི་འོས་ཆས་མ་ཚང་བའི་གནད་དོན་ལྷང་ལ་བུད་པ་སོགས་ཀྱི་ཐད་གླེང་སློང་ཚ་ནན་བྱུང་།

ངེད་ནས་རྒྱབ་སྐྱོར་པ་ཚོར་གྲོས་ཚོགས་ནང་གི་གནད་དོན་གལ་ཆེའི་སྐོར་དང་། རང་གི་ངོས་ནས་ཆ་ཤས་ཅི་ལྟར་བླངས་པ་རྣམས་དུས་ལྟར་སྙན་སྒྲོན་ཐུབ་རེ་ཡོད་བཅས་ཞུས་པ་བཞིན། གོང་འཁོད་ལས་རིམ་དེ་དག་གི་སྐོར་གནད་བསྡུས་སུ་ཞུས་ན། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ནི་བོད་ནང་གི་ཛ་དྲག་གནས་བབ་དྲན་གསོ་དང་དེ་ལས་སྐྱོབ་ཐུབ་ཡོང་རེ་གསལ་བའི་གྲོས་ཆོད་ཅིག་ཡིན་པ་ཀུན་ལ་གསལ་བས་རྒྱས་བཤད་དགོས་དོན་མེད་ཀྱང་། གུས་ནས་གྲོས་ཆོད་དེར་རྒྱབ་སྐྱོར་གྱི་སྤོབས་གཏམ་ཞུ་བ་དང་། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ཡག་པོ་མི་ཤེས་བཞིན་དུ་ཚིག་གི་མཚོན་ཆར་ཚོད་དཔག་དང་འོལ་ཚོད་ཀྱི་གཤོག་པ་བཏགས་ནས་རང་སྣང་རྒྱ་ཡན་དུ་བཏང་མེད་ཁར། གཞིས་ལུས་རྒྱ་ཆེ་མི་མང་ལ་སྙིང་ཁོང་རུས་པའི་སྟེང་ནས་དགོངས་སེལ་ཞུས་ཡོད། གཞིས་ལུས་རྒྱ་ཆེ་མི་མང་གི་སྡུག་བསྔལ་སེལ་བའི་ཐབས་མཆོག་༧གོང་ས་ཐམས་ཅད་མཁྱེན་པའི་ལམ་སྟོན་འོག་ཤར་བསྐྱོན་བྱས་ཡོད་ན། བོད་མི་རིགས་ལ་དེ་རིང་གི་གནས་སྟངས་འདི་ལས་ཡག་པོ་ཡོང་ངེས་པ་གསལ་བོ་རེད་འདུག་སྙམ་ནས། སྐྱོ་སྣང་དང་འགན་བབ་ཀྱི་བརྗིད་ཁོག་ས་ཆེན་སྨུག་པས་བཏུམས་པ་ལྟ་བུའི་ཚོར་སྣང་ཀྱང་བྱུང་།

གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་དགུ་བ་ནི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ཡིན་ཞིང་། དེ་ནི་༧གོང་ས་ཐམས་ཅད་མཁྱེན་པ་ཐུགས་ཕམ་བྱུང་བ་དང་འབྲེལ་ཏེ་འཛིན་སྐྱོང་བཀའ་ཤག་གིས་གྲོས་ཚོགས་རྭ་བར་བསྣམས་ཕེབས་པ་ཞིག་རེད། དེའི་ཐད་བདག་གིས་མི་མང་གི་དགོངས་ཚུལ་སྙིང་བོ་ཡིན་པའི་ལྟ་ཚུལ་བཏོན་པར། མི་མང་ལ་སེམས་ཚོར་ཤུགས་ཆེ་བྱུང་འདུག་པ་རིན་བྲལ་ཚེ་ནོམ་གྱི་ཆ་ཤས་སུ་གྱུར། ངས་བཙན་བྱོལ་བོད་མིའི་བྱུང་རབས་ལས་བསླབ་བྱ་བླངས་ཤིང་། བཀའ་ཤག་སྐབས་གོང་མ་གནད་དོན་མང་པོའི་ཐད་འཐུས་ཤོར་ཕྱིན་ཟིན་པ་ཕྱོགས་བསྡོམས་བྱས་དུས། ༧གོང་ས་ཐམས་ཅད་མཁྱེན་པ་ཐུགས་དགྱེས་མཉེས་ཡོང་བ་དང་། དེ་ཡོང་བ་ཡིན་ན་བོད་མི་རིགས་ལ་མདུན་ལམ་ཚད་ལྡན་ཞིག་ཡོད་པ་རྒྱུ་འབྲས་ལྟོས་གྲུབ་ཡིན་པའི་ཚུལ་ལ་བསམས་སྐབས།

གནད་དོན་གཉིས་ཁོ་ནར་བཤག་བཅོས་གཏོང་དགོས་པ་སྟེ། གྲོས་ཆོད་ཨང་དགུ་བ་དང་འབྲེལ་ཏེ། གཅིག དབུ་ཁྲིད་ཀྱི་ཁྱད་ཡོན་གྱིས་མ་འདང་བ་དང་། གཉིས། བཙན་བྱོལ་ལོ་རྒྱུས་ནང་གི་ངོ་ལོག་རང་བཞིན་གྱི་རྙོག་གྲ་རྙིང་པ་གཙང་སེལ་མ་ཐུབ་པའི་གནད་དོན་གཉིས་ཞུས་པ་ཡིན། དབུ་ཁྲིད་ཀྱི་ཁྱད་ཡོན་གྱིས་འདང་མེད་ས་གཙོ་བོ་ནི། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་ཞིབ་ཚགས་མཁྱེན་གྱི་མེད་པ་དེ་རེད། བསམ་ཚུལ་འདི་བོད་ཕྱི་ནང་གི་མཁས་དབང་ཁག་དང་། བོད་དོན་རྒྱབ་སྐྱོར་བ་རྒྱ་རིགས་དང་མགོ་སེར་མཁས་པ་མང་པོའི་བསམ་ཚུལ་དང་གཅིག་པ་ཆགས་ཀྱི་འདུག དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག ཆོས་དད་དམ་དྲག  ཟེར་བ་ལྟ་བུའི་སྦོམ་ཚིག་ཁ་ཤས་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་འཛིན་པའི་སྲིད་བྱུས་གསལ་འགྲེལ་ཐུབ་ཀྱི་མེད་པ་གསལ་བོ་རེད། ངས་གྲོས་ཚོགས་ནང་དཔེར་ན། བོད་ལ་རང་སྐྱོང་ཁུལ་དང་རྫོང་། དེ་དག་གི་མི་འབོར། དེའི་ནང་གི་ཆབ་སྲིད་བཙོན་པ། ས་ཁུལ་དེ་དག་ལ་མི་འདྲ་བའི་གནས་སྟངས་དང་རྒྱ་ནག་གི་སྲིད་བྱུས་ཅི་ཞིག་ལག་བསྟར་བྱེད་ཀྱི་ཡོད་མེད་སྐོར་དྲིས་པས། ང་ཚོའི་དབུ་ཁྲིད་ཀྱིས་ང་ལ་སྙིང་རྗེ་ཞེས་པའི་ཚིག་འདི་ལན་དུ་བཏབས་པ་རེད། དེས་ང་ལ་ཆེ་མཐོང་ཆེན་པོ་དང་། ངས་ཞུས་བཞག་པ་གནད་ལ་འཁེལ་བ། ཤེས་ཡོན་པའི་སྐད་ཆའི་འགྲོས་ལ་ཕྱིན་ཏེ། བསམ་ཚུལ་ཙམ་གྱིས་ལན་མི་ཐོབས་པ་བསྟན་ཡོད་ནའང་། ངའི་རེ་བ་ནི། ང་དང་དབུ་ཁྲིད་ཀྱི་ཁྱད་ཡོན་འགྲན་བསྡུར་བྱ་འདོད་རྩ་ནས་མིན་ཏེ། དབུ་ཁྲིད་ཀྱི་ངོས་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཞིབ་ཚགས་ཆ་ཚང་ཞིག་མཁྱེན་ན་ཨང་སྙམ་པའི་ལྷག་བསམ་འགོག་མ་ཐུབ་པ་དེ་ཡིན། འོན་ཏང་། དབུ་ཁྲིད་ལ་ཏན་ཏན་སྐུལ་ལྕགས་ཤིག་ཐེབས་ཡོད་པ་མི་མང་གི་སེམས་ཚོར་ལ་བལྟས་ན་ཤེས་གསལ་རེད། ངས་ད་དུང་རང་སྲེག་སྐོར་ཞིབ་འཇུག་སྙན་ཐོ་མ་བཏོན་པ། རང་སྲེག་སྐོར་རྒྱལ་སྤྱིའི་རྒྱབ་སྐྱོར་ཕྱོགས་བསྡོམས་ཀྱིས་མི་མང་ལ་སྙན་སྒྲོན་མ་ཞུས་པ་སོགས་ཞུ་འཆར་ལ་ཚོགས་གཙོ་མཆོག་གི་ལམ་སྟོན་བཞིན་ཕྱིར་འཐེན་གནང་བ་ཡིན།

ཡང་གནད་དོན་གཞན་ཞིག་སྟེ། འོས་ཆས་མ་ཚང་བ་ལྷང་ལ་བུད་པའི་གང་ཟག་དེ་བཀའ་བློན་གནང་མ་ཐུབ་པའི་གནས་སྟངས་སྐོར་རེད། བཀའ་བློན་འོས་འདོན་སྐབས། འོས་མིའི་ལོ་རྒྱུས་གྲོས་ཚོགས་འཐུས་མིའི་མདུན་ཅོག་སྟེང་འཇོག་དགོས་ཀྱི་འདུག ལྷག་པར་བོད་ཡིག་མི་ཤེས་པའི་འཐུས་མི་ཚོར་དགོས་གལ་ཆེ་བའི་ལས་རིམ་རྣམ་བཞག་མང་ང་ཚོ་ཁག་ཅིག་གིས་བཏོན་པར་བརྟེན། མཐར་ལོ་རྒྱུས་བཀྲམས་དགོས་བྱུང་ཡང་། འོས་ཆས་ཞིབ་འཇུག་ཡག་པོ་མ་བྱས་པས་ཐོག་མ་ནས་ལས་དོན་ལམ་ལྷོང་མ་བྱུང་བའི་སྣང་ཚུལ་སྐྱོ་བོ་དེ་བོད་ཕྱི་ནང་གང་སར་ཁྱབ་དགོས་བྱུང་། བཀྲ་མི་ཤིས་པའི་རྟགས་མཚན་འདི་ལ་མངོན་དང་མི་མངོན་པའི་རྒྱུ་རྐྱེན་མང་པོ་བྱུང་ཡོད་ནའང་། ངས་ནི་ལྷ་སྲུང་ཁག་གི་བྱ་ར་མ་འདྲ་བ་ཞིག་འདུག་སྙམ་པའི་ཡིད་ཆེས་ཤིག་རྙེད།

འདི་ལ་ཕྱོགས་གང་ས་ནས་དབྱེ་ཞིབ་བྱ་རིན་ཤིན་ཏུ་ཆེ་ཡང་ཡིག་ཚོགས་ལ་འཇིགས་པ་དང་། ལས་བྲེལ་ཆེ་བས་སྙིང་བསྡུས་སུ་བརྗོད་ན། བཀའ་བློན་ནས་ཕྱིར་འཐེན་བྱས་ཆོག་པའི་ཚིག་གཅིག་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གང་དུའང་མི་གསལ། བཅའ་ཁྲིམས་དོན་ཚན ༢༥ པ་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་ནང་། ༼  འདེམས་ཐོན་སྲིད་སྐྱོང་དང་། བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས།   ༽ཞེས་གསལ་བ་ཕུད། དམ་བཅའ་བཞག་གྲུབ་རྗེས་ཕྱིར་འཐེན་བྱས་ཆོག་པ་ཞིག་རྩ་བ་ནས་འཁོད་མེད། ཕྱིར་འཐེན་ནི་སྲིད་སྐྱོང་དང་བཀའ་བློན་གང་རུང་ནས་གནང་ཆོག་པ་ལྟར་གོ་སྲིད་ཀྱང་། ཁྲིམས་སྒྲིག་ནང་བཀའ་བློན་ནས་འཁྱུར་བ་དང་། ཕུད་པ། རྩ་དགོངས་ཞུ་བ། སྐུ་གཤེགས་ན་མ་གཏོགས། ཕྱིར་འཐེན་ཞུ་རྐྱེན་གྱི་ལམ་ཁ་གང་ཡང་མེད་པ་མ་ཟད། གོང་དུ་ཞུས་པ་བཞིན་ཕྱིར་འཐེན་ཞེས་པའི་ཚིག་འདིའི་འོག་བཀའ་བློན་ལས་གནས་དང་བྲལ་ཆོག་པ་ཞིག་བཅའ་ཁྲིམས་རིན་པོ་ཆེ་གཙོས་སྒྲིག་གཞི་གང་དུའང་མི་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཞེ་བཞི་པ། བཀའ་བློན་དགོངས་ཞུ་ཞེས་པའི་ནང་། ༼ བཀའ་བློན་དགོངས་པ་ཞུ་མཁན་བྱུང་སྐབས་སྲིད་སྐྱོང་ལ་སྙན་སེང་བཀའ་འཁྲོལ་བྱུང་རྗེས་རང་ཉིད་དགོངས་ཞུ་བྱེད་དགོས་པའི་གནད་དོན་སྐོར་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཙོའི་བཀའ་འཁྲོལ་དང་སྦྲགས་གསལ་བཤད་བྱེད་ཆོག་པ་ཡིན། གལ་སྲིད་སྤྱི་འཐུས་ལྷན་ཚོགས་མ་ཚོགས་པའི་སྐབས་དགོངས་ཞུ་བྱས་པ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ཚོགས་རྗེས་ཀྱི་ཉིན་བདུན་ནང་ཚུན་སྲིད་སྐྱོང་ངམ་བཀའ་བློན་གཞན་ཞིག་གིས་འགྲེལ་བརྗོད་གསལ་བཤད་བྱེད་ཆོག ༽ཅེས་འཁོད་ཡོད་པ་ལས། ཕྱིར་འཐེན་ཞུས་ཆོག་པའི་ཆ་རྐྱེན་གང་ཡང་མི་གསལ།

ཡང་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཉེར་དགུ་བ། བཀའ་ཤག་གི་འགན་འཁུར་དང་འཕོ་འགྱུར་ཞེས་པའི་ནང་གསེས་བཞི་པར། ༼ སྲིད་སྐྱོང་གིས་བཀའ་བློན་བྱེ་བྲག་པ་སུ་རུང་དགོངས་ཞུ་བྱེད་དགོས་ཀྱི་བསམ་འཆར་བཏོན་ཚེ་བཀའ་བློན་དེས་ངེས་པར་དུ་དགོངས་པ་ཞུ་དགོས། སྲིད་སྐྱོང་གིས་དེ་འདྲའི་བཀའ་བློན་སུ་ཞིག་དགོངས་པ་ཞུ་དགོས་ཀྱི་བསམ་འཆར་འདོན་དགོས་བྱུང་རྐྱེན་རྒྱུ་མཚན་གྲོས་ཚོགས་སུ་འཚོགས་མུས་ཡིན་ན་དེ་རང་དང་། དེ་མིན་ཚོགས་དུས་རྗེས་མར་གསལ་བཤད་ཞུ་དགོས། ༽ཞེས་གསལ་ཡོད་པ་སོགས་ཕྱོགས་བསྡོམས་ཞུས་ན།

བཀའ་བློན་ཞིག་གིས་ལས་འཁུར་དམ་འབུལ་གྲུབ་རྗེས། སྐུ་གཤེགས་པ། ལས་དུས་རྫོགས་པ། སྲིད་སྐྱོང་གིས་དགོངས་པ་ཞུ་དགོས་པའི་དགོངས་ཚུལ་བཏོན་ཏེ་རྩ་དགོངས་ཞུས་པ། བཀའ་བློན་རང་ངོས་ནས་རྩ་དགོངས་ཞུས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱིར་ཕུད་བཏང་བ་ཁག་ཕུད། བཀའ་བློན་ལས་འཁུར་དང་འབྲལ་གཞིའི་ལམ་ཁ་གང་ཡང་མེད་པ་གསལ་བོ་ཡིན་སྟབས། ཕྱིར་འཐེན་ཞུས་པ་ཡིན་ཟེར་བ་ནི་བཅའ་ཁྲིམས་རིན་པོ་ཆེ་གཙོས་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་མ་གནང་བའི་དན་རྟགས་བསུབ་མེད་ཅིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པས། ཁྲིམས་འགལ་ཡིན་པ་གསལ་བོ་རེད། ངས་མ་འོངས་ལོ་རྒྱུས་ལ་འགན་འཁུར་ཏེ། གྲོས་ཚོགས་ནང་ཆུ་ངན་ལམ་ཤོར་མི་ཡོང་ཆེད་འདིའི་ཐད་ཁྲིམས་སྒྲིག་ཁག་བགྲང་ནས་ཐ་ཚིག་བསྒྲགས་པ། ལས་རིམ་བརྙན་ལེན་ལས་བྱེད་པར་གོང་ནས་བཀའ་བཀོད་སླེབས་ཏེ་གཏུབ་འདུག་པ་མི་མང་ལ་དོ་སྣང་བྱུང་འདུག

དོ་བདག་༼ བཀའ་བློན་ཁྲིམས་འགལ་བ། ༽ནས་ཁྲིམས་འགལ་ཆགས་པ་གསར་འགྱུར་བརྒྱུད་ལམ་ཐོག་བཟང་སྤྱོད་དང་ལྡན་པའི་ངང་ཞལ་བཞེས་གནང་འདུག་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས་བཀའ་བློན་གྱི་ལོ་རྒྱུས་ཞིབ་ཚགས་ཚོགས་གཙོ་སྦྲེལ་པོ་ལའང་སྲིད་སྐྱོང་གིས་ཕུལ་མེད་པ་བཀའ་གནང་གྲུབ་པ། སྤྱི་འཐུས་རྣམ་པ་ཚོས་དཔྱ་ཁྲལ་ལག་དེབ་ཀྱིས་མཚོན་ལོ་རྒྱུས་ཁ་གསལ་དགོས་སྐོར་གྲོས་ཚོགས་ནང་ནན་འདྲི་གནང་བ། དེ་ལ་སྲིད་སྐྱོང་ལགས་ནས་ཡིད་ཆེས་བློས་འགལ་བྱས་ཆོག་ཅེས་གསུངས་བ་དང་། གནད་དོན་ལྷག་རྗེས། བཀའ་ཤག་གོང་མ་ཚོར་ཁ་དཀྲིས་ཏེ་བཀའ་བློན་འོས་མིའི་ལོ་རྒྱུས་ནང་སྐྱེས་ལོ་གཅིག་པུ་འཁོད་པ་གྲོས་ཚོགས་ནང་བསྣམས་འདུག་ཅེས་ལན་གནང་བ་ལས། སྲིད་སྐྱོང་རང་གིས་བཀའ་ཤག་གོང་མ་རྣམས་ལྟར་ཞིབ་འཇུག་ནན་ཏན་གྱིས་ཁྲིམས་ལུགས་བརྩི་སྲུང་གི་རང་ཚུགས་དོར་བའམ། ཡང་ན་མཁྱེན་བཞིན་སྤྱང་གྲུང་གི་རྣམ་པས་བསྣམས་ཕེབས་པ་གང་ཡིན་བཟང་སྤྱོད་ལྡན་པའི་ཞལ་བཞེས་གནང་མེད་པ་བཅས་ཀྱི་གནས་སྟངས་ཕྱོགས་བསྡོམས་བྱས་ན། བཅའ་ཁྲིམས་རིན་པོ་ཆེ་དོན་ཚན་ཉེར་དགུ་པའི། ནང་གསེས་གཉིས་པའི་ཀ་བ། ༼  སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་སྲིད་སྐྱོང་དང།་ བཀའ་བློན་བྱེ་བྲག་པ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས།  ༽ཞེས་པ་ལག་བསྟར་ལས་ལམ་ཁ་གཞན་མེད་པ་གསལ་བོ་རེད།

བོད་ཀྱི་གཏམ་དཔེར། དགུང་ཉི་མས་མཐོ་ཚད་མ་ཟིན་ན། གཟའ་ཁྱབ་འཇུག་ཟེར་བའི་དགྲ་ཞིག་ཡོད། སྤྲིན་དཀར་པོས་མཐོ་ཚད་མ་ཟིན་ན། རླུང་སྤུ་གྲི་ཟེར་བའི་དགྲ་ཞིག་ཡོད། ཟེར་བ་ལྟར། ཁྲིམས་ཀྱི་མདུན་སར་མགོ་བོ་ཚད་མེད་མཐོ་མི་ཆོག་པ་ཞིག་ཡིན་ནའང་། ཁྲིམས་ཀྱི་བདག་པོ་ཚོས་ཁྲིམས་ལུགས་ལག་བསྟར་དོན་འཁྱོལ་ཞིག་ཡོང་ན། བོད་ཀྱི་མདུན་ལམ་ལ་སྐྱིད་པའི་ཉི་མ་ལོས་ཤར་སྙམ།།

༢༠༡༦། ༦། ༤། ཉིན་གྱི་ཐོ་རངས་ཤར་མར།།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༦ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 7

  1. བསོད་ནམས་རྡོ་རྗེ། says:
    ལོ་ 9 སྔོན།

    ཆ་ཚང་ཐེངས་གཉིས་བཀླགས་ཡིན། སེམས་ཚོར་ཆེ་ཤོས་ནི་༼ངས་མ་འོངས་ལོ་རྒྱུས་ལ་འགན་འཁུར་ཏེ། གྲོས་ཚོགས་ནང་ཆུ་ངན་ལམ་ཤོར་མི་ཡོང་ཆེད་འདིའི་ཐད་ཁྲིམས་སྒྲིག་ཁག་བགྲང་ནས་ཐ་ཚིག་བསྒྲགས་པ། ལས་རིམ་བརྙན་ལེན་ལས་བྱེད་པར་གོང་ནས་བཀའ་བཀོད་སླེབས་ཏེ་གཏུབ་འདུག་པ་མི་མང་ལ་དོ་སྣང་བྱུང་འདུག༽ ཅེས་པའི་བརྗོད་དུམ་དེས་སྤྲད་བྱུང་། རྒྱུ་མཚན་ནི་གསལ་པོ་ཞིག་སྟེ། ནམ་རྒྱུན་རང་རེའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་སྤོབས་པ་དང་བཅས་ཏེ། རྒྱ་ནག་གཞུང་ལ་སོགས་པར་ཕྱིར་བསྒྲགས་གནང་ཡག་བལྟ་བཟོ་ཡོད་པ་གཅིག་རང་ཡོད་པ་ནི་ང་ཚོའི་ལས་དོན་བྱེད་ཕྱོགས་ལ་གསང་བ་གང་ཡང་མེད་པར་ཕྱི་གསལ་ནང་གསལ་ཡིན་ཞེས་པ་དང་། ང་ཚོའི་གྲོས་ཚོགས་ཀྱི་འགྲོ་ལུགས་ཀྱང་ཕྱི་གསལ་ནང་གསལ་དང་། མང་གཙོ་ཡང་དག་ཅིག་ཡིན་ཅིང་ལས་རིམ་ཁག་ཀྱང་འཛམ་གླིང་ལ་ཐད་གཏོང་བྱེད་ཀྱི་ཡོད་སྐོར་སྒྲོག་གིན་ཡོད་པ་དེས་སོ།
    བྱས་ཙང་འགན་འཁུར་ཏེ་སྤྱི་ལ་ཕན་ཆེད་དུ་གྲོས་ཚོགས་འཐུས་མི་ཞིག་གིས་བསྒྲགས་པའི་ཁྲིམས་སྒྲིག་ཐ་ཚིག་ཁག་རྒྱང་བསྲིང་ལས་རིམ་ནས་བཏུབ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། འདི་ནི་ང་ལ་མཚོན་ན་དྲི་བ་ཆེན་པོ་ཞིག་རེད་འདུག གནས་ཚུལ་དེ་འདྲ་ད་རེས་ཐེངས་དང་པོར་མཐོང་སོང་།

    Reply
  2. དཔའ་རྒོད། says:
    ལོ་ 9 སྔོན།

    གྲོས་ཚོགས་ནང་དུ་འཐུས་མི་ཁྱེད་འདྲ་བ་ཕེབས་པར་ང་ཚོ་བོད་པ་མི་རབས་གཞོན་པའི་ཆེས་གཟི་བརྗིད་དུ་ངོས་བཟུང་གི་ཡོད། ༧གོང་ས་མཆོག་གི་བཀའ་བཞིན་གཟི་བརྗིད་ཁོག་སྟོང་ཙམ་དུ་མ་ཡིན་པར་དངོས་ཡོད་གནས་ཚུལ་ཐོག་ཕེབས་པར་དགའ་བསུ་ཚད་མེད་ཡོད། སུས་ནོར་བ་ཡིན་ཀྱང་མི་མང་གིས་འོས་འདེམས་བྱུང་བའི་འཐུས་མི་ཞིག་ཡིན་སྟབས་ངེས་པར་དུ་ཐད་ཀར་གསུང་རོགས། ལྷག་པར་དུ་མཚན་གནས་ཡོད་པའི་གང་ཟག་སྤྱི་དོན་ཁ་ལ་མཁྱེར་ནས་རང་དོན་ཙམ་དུ་མ་ཟད་ཕྱོགས་ལྷུང་ཅན་ཚོའི་བྱ་སྤྱོད་ངན་པ་རྣམས་མི་མང་ལ་གྲོས་ཚོགས་བརྒྱུད་ནས་གནས་ཚུལ་གསལ་བཤད་གནང་ཐུབ་ཚེ་དོན་དམ་པའི་སྤྱི་འཐུས་ཞིག་དང་། བོད་མི་རིགས་ཀྱི་གཞོན་སྐྱེས་༧རྒྱལ་བའི་དགོངས་པ་ཚུལ་བཞིན་བསྒྲུབ་མཁན་ཡིན་པར་ཐེ་ཚོམ་མེད ། ཐུགས་རྗེ་ཆེ།།

    Reply
  3. ཁ་བ་རི་བ། says:
    ལོ་ 9 སྔོན།

    ཡ་མཚན་འགོ་གཉིས་གྲོས་ཚོགས་ནང་ན་འདུག།

    Reply
  4. བཀྲ་ཤིས། says:
    ལོ་ 9 སྔོན།

    ཚོགས་གཙོས་དབྱིན་སྐད་མི་ཤེས། །
    ཚོགས་གཙོས་ཧིན་སྐད་མི་ཤེས། །
    ཤེས་འཇོན་མེད་པའི་ཚོགས་གཙོ། །
    སྤྱི་འཐུས་ཚོགས་གཙོར་བཞུགས་ཡོད། །

    སེང་གེས་ཁྲིམས་སྒྲིག་མི་ཤེས། །
    སེང་གེས་ཆབ་སྲིད་མི་ཤེས། །
    ཧོར་རྒྱུགས་ཆེ་བའི་སློབ་སངས། །
    སྲིད་སྐྱོང་ཁྲི་ལ་བཞེངས་ཡོད། །

    ཚོགས་གཞོན་ཤེས་མདོག་ཙམ་ལས། །
    བོད་དབྱིན་ཧིན་གསུམ་སྐད་ཡིག །
    རང་སྐྱ་ཕེལ་བ་མེད་པའི། །
    ཡེ་ཕུན་འཇོན་མདོག་མགོ་རིལ། །
    ཚོགས་གཞོན་ཁྲི་ལ་འཚངས་སོང་། །

    མིང་དང་གོ་གནས་ཆེད་དུ། །
    གཞན་གྱིས་བཤད་ཚད་ཉན་པའི། །
    ཤོག་བུའི་ཤར་གླིང་ཟླ་སྒྲོན། །
    སློབ་སངས་ལྷག་པས་ཁྱེར་སོང་། །

    Reply
  5. དགུ་ཚིགས་ཕོ་ says:
    ལོ་ 9 སྔོན།

    ཁྲིམས་བཟོ་ལྷན་ཚོགས་ནས་རང་ཉིད་ངོ་ཤེས་པའི་ཐོག་ནས་བཅའ་ཁྲིམས་ཀྱི་དགོངས་དོན་འདྲ་མཉམ་དུ་ལག་བསྟར་ནན་པོ་གནང་མ་ཐུབ་ཚེ་མནའ་སྐྱེལ་དམ་བཅའ་ཕུལ་བའི་ལས་འབྲས་རང་གི་མགོ་ཐོག་ལ་ཡོང་ན་ཐང་། དོན་དག་འདི་སྤྱི་འཐུས་ཡོངས་ལ་འགན་འཁུར་གཅིག་མཚུངས་སུ་ཡོད།

    Reply
  6. མཁའ་ལྡིང་། says:
    ལོ་ 9 སྔོན།

    འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་མ་སྒྲིག་པ་དང་་སྒྲིག་མཐུན་མ་བྱས་ཁག་ཐེར་འདོན་གནང་བ་བོད་མིའི་སྤྱི་འཐུས་ཀྱི་ལས་འགན་བསྒྲུབས་པ་རེད། སྤྱི་འཐུས་དགའ་རེ་འཛིན་སྐྱོང་གི་སྐུ་ཚབ་ལྟ་བུ་གྲོས་ཚོགས་ནང་ཆ་ཤས་བླངས་ཏེ་སྲུང་སྐྱོབ་བྱེད་བཞིན་འདུག་པར་ཡ་རེ་མཚན།

    Reply
  7. ཤར་མདའ། says:
    ལོ་ 9 སྔོན།

    གོང་བཀོད་རྩོམ་ཡིག་དེ་ལྟས་པ་ཡིན་མ་ཟད་བརྙན་ལེན་བྱས་པ་ཆ་ཚང་ལ་ལྟས་པ་ཡིན་བརྙན་གཏུབ་འདུག་པ་ཡང་ཤེས་ཡོད་ཡིན་ན་ཡང་དག་གཙོ་བོ་རྩ་ཁྲིམས་རིན་པོ་ཆེ་རྩི་སྲུང་གནང་དགོས་པ་གལ་ཆེན་རེད། ཁྱེད་མི་མང་གིས་འདེམས་ནས་སྤྱི་འཐུས་ཤིག་ཡིན་དུས་ངེས་པར་མི་མང་གི་མགྲིན་ཚབ་པ་ཞིག་བྱེད་དགོས་པ་གལ་ཆེན་རེད། སྐབས་འགར་མི་མང་གིས་དགོངས་ཚུལ་མ་ཡིན་པར་རང་ཉིད་ཀྱིས་བསམ་ཚུལ་བརྗོད་ན་དེ་འདྲ་དགེ་མཚན་པར་ཆག་སྲིད་པ་རེད་དེ་འདྲ་ཡིན་དུས་ངེས་པར་ཐུགས་བསམ་གཏོང་རོགས་གནང་། དེ་ནས་གཙོ་བོ་བོད་མི་རིགས་ཀྱི་སྲིད་སྐྱོང་ཞིག་ལ་འདེམས་པ་ཡིན་དུས་གུས་ཞབས་དང་ལྡན་པས་ཐོག་ནས་ལེགས་ཉེས་འབྱེད་དགོས་པ་དང་། དྲང་བདེན་དང་གནས་ལུགས་ཐོགས་ནས་བརྗོད་དགོས་པ་དེ་བས་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese