འོས་འདེམས་བྱས་པ་བརྒྱུད་དབྱིན་ཇི་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་འབུད་པར་མང་མོས་ཐག་གཅོད་བྱུང་ཡོད་པས་ཡུ་རོབ་གླིང་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ལ་དངངས་འཚབ་ཆེན་པོ་བསླངས་འདུག
ཁ་སང་ཕྱི་ཚེས་ ༢༣ ཉིན་ཡུ་རོབ་གླིང་གི་ས་གནས་ཁྲི་ ༤ ལྷག་གི་དཔེ་མཛོད་ཁང་དང་ཆོས་ཁང་། སློབ་གྲྭ་དང་སྡེ་ཁུལ་སོ་སོར་འོས་བསྡུ་ལས་ཁང་བཙུགས་ཏེ། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་སུ་མུ་མཐུད་འདུག་རྒྱུ་ཡིན་མིན་ཐད་མི་གྲངས་བྱེ་བ་ ༤ དང་ས་ཡ་ ༦ ལྷག་གིས་འོས་ཤོག་བླུགས་ཡོད་པ་ལྟར། དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཀྱི་ཁོངས་སུ་མུ་མཐུད་མཉམ་གནས་བྱེད་པར་འོས་གྲངས་ཀྱི་བརྒྱ་ཆ་ ༤༨ དང་། ཕྱིར་འབུད་པར་འོས་གྲངས་ཀྱི་བརྒྱ་ ཆ་ ༥༢ ཐོབ་སྟེ། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་འབུད་པར་མང་མོས་ཐག་གཅོད་བྱུང་ཡོད་འདུག
འདས་པའི་ལོ་ངོ་འདི་དག་རིང་ཡུ་རོབ་གླིང་གི་དཔལ་འབྱོར་ཁྲོམ་རར་ཉམས་རྒུད་ཐེབས་པར་བརྟེན་ནས་དབྱིན་ཇིའི་སྲིད་བློན་ཁ་མི་རོན (Cameron) གཙོས་པའི་སྲིད་དོན་པ་ཁག་ཅིག་གིས། དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་སུ་སྔར་བཞིན་མཉམ་གནས་དགོས་པའི་ལངས་ཕྱོགས་བཟུང་བ་དང་། ལོན་ཌོན་གྲོང་ཁྱེར་སྤྱི་ཁྱབ་ཟུར་བ་རྗོན་སོན་ (Johnson) གཙོས་པའི་དབྱིན་ཡུལ་གྱི་སྲིད་དོན་པ་ཁག་ཅིག་གིས་དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་ནས་ཕྱིར་འབུད་པའི་ལངས་ཕྱོགས་འཛིན་གྱི་ཡོད་པ་རེད།
དེ་རིང་དབྱིན་ཇིའི་སྲིད་བློན་ཁ་མི་རོན་གྱིས་མི་མང་གིས་དབྱིན་ཇིའི་རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་འབུད་རྒྱུ་ཐག་ཆོད་བྱུང་ཡོད་སྟབས། ད་ལོའི་ཕྱི་ཟླ་ ༡༠ བའི་ནང་ཁོས་དབྱིན་ཇིའི་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོང་གིས་དབྱིན་ཇིའི་རྒྱལ་ཁབ་ཀྱི་སྲིད་མུ་མཐུད་དུ་སྐྱོང་ཐུབ་ཀྱི་མེད་པ་དང་། རྒྱལ་ཁབ་ཀྱི་འབྱུང་འབྱུར་བརྟན་ལྷིང་དང་འབྲེལ་བའི་ཐག་ཆོད་དེ་དབྱིན་ཇིའི་མི་མང་གིས་བྱས་པ་ཡིན་སྟབས། མི་མང་གིས་སྲིད་བློན་གསར་བ་བདམས་ཏེ་དབྱིན་ཇི་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་ནས་འབུད་པའི་ལས་རིམ་དང་། ལེ་སི་བྷོན་གྲོས་ཆིངས་དོན་ཚན་ ༥༠ (Article 50 of the Lisbon Treaty) རྙོག་འཛིང་སོགས་སྲིད་བློན་གསར་པས་ཐག་གཅོད་བྱས་ན་ལེགས་པོ་ཡོད་སྐོར་བརྗོད་འདུག
ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་ཊུ་སིག་ (Tusk) ལགས་ཀྱིས། དེ་རིང་དབྱིན་ཇིའི་སྤྱི་མང་གིས་དབྱིན་ཇི་ཡུ་རོབ་སྤྱི་མཐུན་ཚོགས་ཁོངས་ནས་ཕྱིར་འབུད་རྒྱུ་ཐག་བཅད་པ་དང་འབྲེལ་ཏེ། མ་འོངས་པར་ཡུ་རོབ་མཐུན་ཚོགས་ལ་ཐེ་ཚོམ་ཡོད་པའི་རྒྱལ་ཁབ་ཁག་ཀྱང་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་འབུད་སྲིད་པ་དང་། དེ་ནི་ཡུ་རོབ་སྤྱི་མཐུན་ཚོགས་པ་ཁ་འཐོར་ཡ་བྲལ་དུ་འགྲོ་བའི་གོ་རིམ་ཞིག་ཡིན་སྐོར་བརྗོད་འདུག
གནས་ཚུལ་ལྟར་ན། ཡུ་རོབ་སྤྱི་མཐུན་ཚོགས་པ་ནི་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡༡ པའི་ཚེས་ ༡ ཉིན་ཡུ་རོབ་ནང་གསར་འཛུགས་བྱས་ཤིང་། མཐུན་ཚོགས་དེའི་ཁོངས་སུ་ཡུ་རོབ་གླིང་གི་རྒྱལ་ཁབ་ ༢༨ མཉམ་ཞུགས་བྱས་ཡོད་པ་དང་། དགོས་དམིགས་གཙོ་བོ་ནི་ཡུ་རོབ་གླིང་གི་ཆབ་སྲིད་དཔལ་འབྱོར་མཉམ་འབྲེལ་ཡོང་ཐབས་སོགས་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།