ཨ་རིའི་རྒྱལ་ཡོངས་གྲོང་སྡེའི་སྤྱི་ཁྱབ་པའི་ལྷན་ཚོགས་སྟེང་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་གསུང་བཤད་གནང་ཡོད་པ་མ་ཟད། ཨ་རིའི་གཞས་མ་གྲགས་ཆེན་ལེ་ཌི་གྷ་གྷ་དང་འགྲོ་བ་མིའི་ལྷན་སྐྱེས་དང་བྱམས་བརྩེ་སོགས་ཀྱི་སྐོར་ལ་དྲི་བ་དྲིས་ལན་གནང་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་༧གོང་མཆོག་ཨ་རིའི་གྲོང་ཁྱེར་ཨིན་ཌེ་ཡ་ན་ཕོ་ལེ་སི་ (Indianapolis) ཡི་ (JW Marriott Houston Downtown) གསོལ་མགྲོན་ཁང་དུ། ཨ་རིའི་རྒྱལ་ཡོངས་གྲོང་ཁྱེར་སྤྱི་ཁྱབ་པའི་ལྷན་ཚོགས་ཐེངས་ ༨༤ བ་ཚོགས་པའི་སྟེང་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ལྷན་ཚོགས་དེའི་སྟེང་ཨ་རིའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྤྱི་ཁྱབ་པ་ ༣༠༠ ལྷག་མཉམ་ཞུགས་གནང་ཡོད་ཅིང་། ཉིན་དང་པོའི་ལྷན་ཚོགས་དབུ་འཛུགས་སྟེང་༧གོང་ས་མཆོག་གིས་༼ བྱམས་བརྩེ་ནི་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་ཀྭ་བ་ལྟ་བུ་ཡིན༽པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད།
ཐེངས་འདིའི་ལྷན་ཚོགས་སྐབས་ཨ་རིའི་གཞས་མ་གྲགས་ཅན་ལེ་ཌེ་གྷ་གྷ་ (Lady Gaga) ལགས་དང་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་རྣམ་གཉིས་བར་དྲི་བ་དྲིས་ལན་ཡང་གནང་ཡོད་པ་དང་། ཨ་རིའི་ལུ་ཡེ་སི་བེལ་གྲོང་ཁྱེར་སྤྱི་ཁྱབ་པ་གྷ་རེ་ཧྥེ་སི་ཆར་ (Gary Fischer)གྱིས་ཨ་རིའི་ལུ་ཡེ་སི་བེལ་Louisville་དང་མེ་ཡོར་མཚན་ལGreg Fischerགྲོང་ཁྱེར་གྱི་མིང་ལ་བྱམས་བརྩེ་གྲོང་ཁྱེར་ཞེས་བཏགས་ཤིང་། ཨ་རིའི་ཨ་ན་ཧེམ་གྲོང་ཁྱེར་སྤྱི་ཁྱབ་པ་ཊོམ་ཐའེ་ཊི་ (Tom Tait) མཆོག་གིས་ཨ་རིའི་ཨ་ན་ཧེམ་གྲོང་ཁྱེར་གྱི་མིང་ལ་སྙིང་རྗེའི་གྲོང་ཁྱེར་ཞེས་བཏགས་པ་མ་ཟད། ལས་གཞི་དེའི་སྐོར་གྱི་བརྙན་ཐུང་ཞིག་བཟོ་སྐྲུན་བྱས་ཏེ་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་འདུག
སྒྱུ་རྩལ་མ་ལེ་ཌི་གྷ་གྷ་ལགས་ནི། ཨ་རིའི་དེང་རབས་རོལ་གཞས་(Rock)ཆེད་མཁས་མ་དང་གློག་བརྙན་འཁྲབ་སྟོན་མ། གཞས་ཚིག་རྩོམ་པ་པོ་བཅས་ཀྱི་ཐོག་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད། མོ་རང་གི་གཞས་དང་འཁྲབ་སྟོན་རིགས་རྗེས་འཇུག་དྲ་གྲོགས་དུང་ཕྱུར་ ༧ ལྷག་ཡོད་འདུག ཁོང་མོས་དུས་རྒྱུན་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ཐོག་ཕྱག་ལས་སྣ་ཚོགས་གནང་གི་ཡོད་འདུག
ཨ་རིའི་དུས་དེབ་ཁང་ (Rolling Stone) གིས་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིར་གཞས་མ་ལེ་ཌེ་གྷ་གྷ་ལགས་ཀྱིས་༧གོང་ས་ཏཱ་ལའི་བླ་མར་དེང་གི་གཞོན་སྐྱེས་ཚོ་རང་ཉིད་ལ་ཡིད་རྟོན་མེད་པ་དང་རང་ཉིད་ལ་བརྩི་མཐོང་མེད་པ། ཆང་རག་དང་སྨྱོ་རྫས་ངན་གོམས་ཆགས་པ། རང་ཉིད་ལ་འཚེ་བ་བྱེད་པ་དང་རང་སྲོག་གཅོད་པ་སོགས་ཀྱི་དཀའ་རྙོག་སེལ་ཐབས་གང་ཡོད་བཀའ་འདྲི་ཞུས་པའི་ལན་དུ་༧གོང་ས་མཆོག་གིས། དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ཁ་ཕྱོགས་གཙོ་བོ་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཡིན་སྟབས། བྱམས་བརྩེ་ནི་ང་རང་ཚོའི་ཉིན་རེའི་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཆགས་ཡོད། ནང་སེམས་ཀྱི་སྤྱོད་ཚུལ་གཙོ་བོ་ཡིན་པ་དང་། ནང་སེམས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་རང་ཉིད་ལ་ཡིད་ཆེས་དང་སྔོན་དཔག་སོགས་ཡོང་གི་ཡོད་ཚུལ་གསུངས་འདུག ཅེས་འཁོད་འདུག
ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལུའུ་ (Hong Lei) ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་༧གོང་ས་ཏཱ་ལའི་བླ་མའི་རང་གཤིས་དང་ཁ་དོག་ངོ་མ་དེ་ཤེས་རྟོགས་ཡོང་བའི་རེ་བ་ཡོད་ལུགས་དང་། དེ་བཞིན་བདུན་ཕྲག་གཉིས་ཀྱི་སྔོན་ལ་༧གོང་ས་ཏཱ་ལའི་བླ་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གླེང་མོལ་གནང་སོགས་ནི་བོད་རང་བཙན་དང་རྒྱ་ནག་ཁ་བྲལ་གྱི་བྱ་འགུལ་ཡིན་སྐོར་སོགས་ཀྱི་སྐྱོན་བརྗོད་བྱས་འདུག
ཐེངས་འདིའི་ལྷན་ཚོགས་སྟེང་༧གོང་ས་མཆོག་གིས་གསུང་བཤད་གནང་དོན། ངོས་རང་དངོས་སུ་འདིར་བཅར་ཏེ་སྙན་གྲགས་ཆེ་བའི་རྒྱལ་ཁབ་འདིའི་གྲོང་སྡེའི་སྤྱི་ཁྱབ་པ་མང་པོར་མཇལ་རྒྱུ་བྱུང་བ་ཧ་ཅང་གི་ཆེ་མཐོང་ཆེན་པོ་ཞིག་ཐོབ་བྱུང་། ངོས་ནས་དུས་རྟག་ཏུ་ཨ་རི་རྒྱལ་ཁབ་འདི་འཛམ་གླིང་རྒྱལ་ཁབ་ཀུན་གྱི་རང་དབང་སྣེ་ཁྲིད་ཀྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། རྒྱལ་ཁབ་འདི་ནི་འཕྲུལ་ཆས་གསར་གཏོད་ཅན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་འདིས་རང་དབང་དང་དམངས་གཙོ། གུ་ཡངས་དང་བྱམས་བརྩེ་བཅས་གལ་ཆེར་འཛིན་པའི་ཁྱད་ཆོས་བཟང་པོ་དེ་དག་ནི་བྱམས་བརྩེ་དང་མི་གཞན་ལ་གུས་བརྩི། དེ་བཞིན། འགྲོ་བ་མི་ལ་ཕན་བདེ་བསྒྲུབ་རྒྱུའི་སེམས་ཁུར་བཅས་དང་ཧ་ཅང་གི་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན། དེ་དག་ནི་ཁ་ནས་བསྒྲགས་པའི་འབོད་ཚིག་ཙམ་མིན་པར་ནང་སེམས་ཀྱི་སྤྱོད་ཚུལ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། དེར་བརྟེན། རྒྱལ་ཁབ་འདིས་མ་འོངས་པར་འཛམ་གླིང་འདི་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཏུ་སྣེ་ཁྲིད་ཐུབ་རྒྱུར་ངོས་རང་ཡིད་ཆེས་ཡོད།
ང་ཚོ་སའི་གོ་ལ་སྔོན་པོ་འདིའི་སྟེང་གནམ་གཤིས་འགྱུར་ལྡོག་དང་མི་འབོར་འཕེལ་རྒྱས། རང་འབྱུང་གཏེར་ཁ་ཁག་ཇེ་ཉུང་དུ་འགྲོ་བཞིན་པའི་ཁར་དཀའ་ངལ་གཞན་ཁག་གཅིག་འཕྲད་བཞིན་ཡོད། དཀའ་ངལ་ཕལ་ཆེ་བ་ང་རང་ཚོ་མིས་བཟོས་པ་ཤ་སྟག་ཆགས་ཡོད། སྤྱིར་ང་ཚོ་སུས་ཀྱང་དཀའ་ངལ་མི་འདོད་ཀྱང་གཞན་གྱི་ཆེད་དུ་སེམས་ཁུར་མེད་པར་རང་ཉིད་གཅེས་འཛིན་གྱི་བློ་ཤུགས་དྲགས་པས་ཁྱོད་དང་ང་ཞེས་དབྱེ་བ་ཕྱེས་པའི་རྙོག་དྲ་དེའི་རྐྱེན་བྱས་ཏེ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། འདས་པའི་དུས་རབས་ཉི་ཤུ་བ་དེ་འཚེ་བའི་དུས་རབས་ཤིག་གི་ཐོག་ནས་ཕྱིན་ཡོད། སྐབས་དེར་ལོ་རྒྱུས་ནང་མི་གྲངས་ས་ཡ་ ༢༠༠ ཙམ་དྲགས་པོའི་ལམ་ནས་བསད་པ་རེད། འཚེ་བའི་དུས་རབས་དེས་རྐྱེན་བྱས་ནས་ད་ལྟའི་དུས་རབས་འདིའི་ནང་ཁོང་ཁྲོ་དང་ཕྲག་དོག་སོགས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། ང་ཚོས་དེ་དག་ཞི་བྱེད་བྱམས་སྙིང་རྗེའི་རིན་ཐང་དེ་དག་སོ་སོའི་རྒྱུད་ལ་འཇགས་ཐབས་བྱ་དགོས།
ང་ཚོ་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་ཐོག་མ་སོ་སོ་རང་ཉིད་ཀྱི་ཨ་མ་ནས་འབྱུང་བ་ཞིག་དང་། ཕྱིའི་གཟུགས་བྱད་ལས་ནང་གི་ཡོན་ཏན་གལ་ཆེ་བ་ཡིན་པ། སེམས་ཇི་ཙམ་གྱི་མི་སྐྱིད་པ་དེ་ཚོད་ཀྱིས་ལུས་པོའི་ཟུངས་བཅུད་ཉམས་པ་དེའི་ཐོག་ནས་སེམས་ཀྱི་ཞི་བདེ་དང་ལུས་པོའི་འཕྲོད་བསྟེན་བར་འབྲེལ་བ་ཤུགས་ཆེ་པོ་ཡོད། འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་སྤེལ་གཏོང་ཐབས་ཐོག་ནས་ཨ་རིའི་ནང་བྱམས་བརྩེ་དང་སྙིང་རྗེའི་གྲོང་ཁྱེར་ཞེས་པའི་ལས་གཞི་དེ་འདྲ་ཞིག་བརྩམས་པ་དེར་བསྔགས་བརྗོད་དང་ཡི་རངས་ཡོད། མ་འོངས་པར་ང་ཚོས་བྱམས་བརྩེ་དང་སྙིང་རྗེ་ཁ་ནས་བཤད་པ་ཙམ་མིན་པར་ལག་ལེན་དངོས་སུ་བསྟར་ཆེད་ལས་གཞི་དེ་མུ་མཐུད་ནས་འཛམ་གླིང་རྒྱལ་ཁབ་གཞན་ཚོས་དམིགས་ལྟོས་ལྟ་ཡུལ་ཞིག་ཆགས་རྒྱུར་ཐུགས་རེ་ཆེན་པོ་ཡོད། ཅེས་སོགས་གསུངས་འདུག
གསར་འགོད་པ། པདྨ་རྒྱལ་གྱིས་བསྒྱུར་སྒྲིག་བྱས།