སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གྲོངས་བའི་རྗེས་དྲན་གྱི་ཉིན་མོ་དང་བསྟུན་རྒྱའི་བཙོན་ཁང་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་མ་ཡེ་ཤེས་ཆོས་སྒྲོན་ལགས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྙིང་སྟོབས་གཟེངས་རྟགས་ཕུལ་སོང་།
དེ་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་དུ་སྐུ་གྲོངས་ཏེ་ལོ་ངོ་ཧྲིལ་པོ་གཅིག་འཁོར་བའི་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག སྔ་དྲོའི་ཆུ་ཚོད་ ༩།༣༠ ཡོལ་ཙམ་ལ་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་རྗེས་དྲན་གྱི་(བོད་ཀྱི་དཔའ་བོ་དཔའ་མོའི་ཉིན་མོ)ཞེས་པ་ཞིག་ཚོགས་སོང་བ་དང་། རྗེས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱི་དབུས་སྤྱི་འཐུས་ཁག་ཅིག་དང་དྷ་ས་ས་གནས་མགོ་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིན་ལགས་ཀྱི་གཙོས་ཚོགས་མི་ཁག་ཅིག གཞན་ཡང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་རྒྱུན་ལས་དང་ཁོང་གི་སློབ་ཕྲུག་བཅས་མི་གྲངས་ ༡༠༠ མ་ཟིན་ཞིག་འཛོམས་འདུག
མཛད་སྒོའི་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རང་བསྔགས་བརྗོད་ཞུ་ཆེད། ད་ལྟ་རྒྱའི་བཙོན་ཁང་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་མ་ཡེ་ཤེས་ཆོས་སྒྲོན་ལགས་ལ་(ཕྱི་ལོ་ ༢༠༡༦ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྙིང་སྟོབས་གཟེངས་རྟགས)ཞེས་པ་ཕུལ་ཏེ། བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཁོང་མོའི་ཚབ་བྱས་ནས་གཟེངས་རྟགས་བླངས་སོང་། དེ་ནས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་ངོས་ནས་རིན་པོ་ཆེས་ཤེས་ཡོན་སློབ་གསོ་གཏོང་འཕེལ་གཏོང་བར་སྐུ་ངལ་ཆེན་པོ་བསྐྱོན་ཡོད་པར་ཡི་རང་རྗེས་དྲན་ཞུ་ཆེད། ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུག་ཁྲོད་བརྒྱ་ཆ་མཐོ་ཤོས་ལེན་མཁན་སི་ལྭ་ཀུལ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་མཚོ་མོ་ལགས་སུ། (རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྗེས་དྲན་གྱི་སློབ་ཡོན)ཞེས་པའི་ལག་ཁྱེར་དང་ཧིན་སྒོར་ཁྲི་ ༡ གི་བྱ་དགའ་གནང་སོང་། དེ་ནས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒན་གསོ་ཁང་ ༡༤ ཡི་ནང་ནས་དགུང་ལོ་མཐོ་ཤོས་ཏེ། དགུང་གྲངས་ ༡༠༠ ཡིན་པའི་སྦེལ་ཀོབ་ཏུ་གནས་སྡོད་ཨ་ནེ་འོད་ཟེར་ལགས་ལ་(རྗེས་དྲན་གྱི་ཐུགས་གསོ)ཞེས་པའི་གསོལ་རས་གནང་སོང་། གཞན་ཡང་། རིན་པོ་ཆེ་མཆོག་སྐུ་གྲོངས་རྗེས་སློབ་མ་ཚོས་བརྩམས་པའི་(རྗེས་དྲན་སེམས་ཀྱི་གདུང་འབོད)ཞེས་པ་དང་། ཕྱི་ལོ་ ༡༩༥༠ ནས་ ༢༠༡༥ བར་གྱི་རིན་པོ་ཆེ་མཆོག་གི་གསུང་བཤད་སྒྲ་ཕབ་རྣམས་དབྱིན་བསྒྱུར་བྱས་པའི་(The Transcriptions of Tenzin Delek Rinpoche)ཞེས་པའི་དེབ་གཉིས་དང་། དེ་བཞིན་རིན་པོ་ཆེ་མཆོག་རྗེས་དྲན་གྱི་འོད་སྡེར་ཞིག་བཅས་སྐུ་མགྲོན་གཙོ་བོ་ལགས་ནས་དབུ་འབྱེད་གནང་། མཇུག་ཏུ་རིན་པོ་ཆེ་མཆོག་སྐུ་གྲོངས་བའི་གནས་ཚུལ་དང་འབྲེལ་བའི་གློག་བརྙན་ཕྱོགས་བསྒྲིགས་ཤིག་གཟིགས་འབུལ་ཞུས་སོང་བ་དང་། དེ་བཞིན་བོད་ནང་མཛད་འཕྲིན་བསྐྱངས་བའི་པར་རིས་འགྲེམས་སྟོན་བྱས་སོང་།
མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་རྗེས་དྲན་གྱི་ཉིན་མོ་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་རྣམ་པ་ཚོས་གཟེངས་རྟགས་འབུལ་ཡུལ་ལ་གུས་བརྩི་ཞུ་ཡི་ཡོད། ལྷག་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་ཚང་མས་གནང་དགོས་ཀྱི་ཡོད་པ་རེད་ལ། ད་ལྟ་གནང་བ་ལས་གནང་རྒྱུ་མང་བ་ལྷག་བསྡད་ཡོད་པ་རེད། ངས་གྲོས་ཚོགས་ནང་དུའང་ཞུ་རྒྱུ་བྱུང་། ང་ཚོས་ཞིབ་འཇུག་གནང་གི་ཡིན། གནང་དགོས་པ་རེད་ཅེས་ཞུས་ཡིན་ལ། ད་ལྟ་ཁོང་གི་གནད་དོན་དེ་མཇུག་རྫོགས་ཡོད་པ་མ་རེད། ཁོང་ག་འདྲ་འདས་གྲོངས་སུ་ཕྱིན་པ་རེད། སྐུ་སྲོག་ག་འདྲ་དོར་བ་རེད་ཅེས་ང་ཚོ་གཞན་དབང་སྟབས་བསྟུན་ཡིན་པས་སྙོབ་རྒྱུ་མེད་ཀྱང་། སྔོན་མ་སྐུ་སྲོག་ཕྱིན་པའི་སྐབས་སུ་ཚ་ཚ་འུར་འུར་བྱས་ཏེ་རིང་ཐག་ཆོད་དེ་འདྲ་གསུངས་རྗེས་འཇའ་ཡལ་བ་ལྟར་ཕྱིན་པ་ཡིན་ན། གཞིས་ལ་ཡོད་པའི་བོད་མི་ཚོའི་སྙིང་སྟོབས་དེ་འདྲ་བྱས་ནས་བརླག་པའི་ཉེན་ཁ་ཡོད་པ་རེད། གནང་གི་ཡིན་གསུངས་སོང་ཡང་གནང་རྒྱུ་གང་ཡང་མི་འདུག འབྲས་བུ་ཅི་ཡང་མི་འདུག གནང་མཁན་ཚོས་གསུངས་ཡིན་ཞེས་པ་ཁོང་རྣམ་པ་ཚོར་གསན་བསམ་གྲུབ་པ་ཡིན་ན། ཐུགས་ཕམ་ཤོས་དང་སྙིང་སྟོབས་ཞུམ་ཤོས་དེ་ཡོང་གི་རེད་བསམ་གྱི་འདུག དེར་བརྟེན་ང་ཚོས་གསུངས་པ་གཞིར་བཟུང་ལག་བསྟར་བྱེད་པའི་དམིགས་འཛིན་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཤིག་རེད་འདུག ཅེས་དང་། ཡང་སྐབས་དེར་ཁོང་གིས་གཞུང་འབྲེལ་གྱི་ངོས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་གྱི་ཉིན་མོ་དེ་གསུམ་བཅུའི་དུས་དྲན་ཉིན་ཡིན་ལ། བོད་ཀྱི་རྩ་དོན་ཆེད་གནད་དོན་ག་འདྲ་ཞིག་གི་ཐོག་འཐབ་རྩོད་གནང་གི་ཡོད་པ་ཡིན་ནའང་འཐོར་བུ་མ་ཡིན་པར་སྒྲིག་འཛུགས་སྣ་ཚོགས་ཡོང་ཆོག་གི་ཡོད་ཀྱང་། རྣམ་པ་གཅིག་གི་ཐོག་ལ་གནས་པ་ཡིན་ན་རྒྱབ་སྐྱོར་གནང་མཁན་ཚོ་ཡང་མགོ་མི་འཁོར་བ་ཞིག་ཡོང་སྐོར་བརྗོད་སོང་།
དེའི་རྗེས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པའི་རྒྱུན་ལས་གྲྭ་བསྟན་འཛིན་དངོས་གྲུབ་ལགས་ཀྱིས། རིན་པོ་ཆེ་མཆོག་གིས་ལི་ཐང་ཕྱོགས་ཀྱི་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་ཡོང་ཐབས་སུ་བཀའ་སློབ་ལམ་སྟོན་ནན་པོ་གནང་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། ཡ་རབས་བཟང་སྤྱོད་བཅས་གོང་འཕེལ་གཏོང་སླད། བོད་ནང་གི་དགེ་འདུན་པ་མང་པོ་རྒྱ་གར་ནང་ཡོང་སྟེ་སློབ་གཉེར་གནང་བཅུག་པ་དང་བོད་ནང་སློབ་གྲྭ་གསར་རྒྱག་གནང་བ། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་བ་སོགས་ཀྱི་མཛད་རྗེས་གཙོ་བོ་རྣམས་ངོ་སྤྲོད་མདོར་བསྡུར་ཞིག་བྱས་པ་དང་འབྲེལ་ཁོང་གིས། རིན་པོ་ཆེས་འདུ་ཤེས་གསུམ་ཟེར་བ་ཞིག་གསུངས་ཡོད་པ་རེད། འདུ་ཤེས་གསུམ་དེའི་ཐོག་མའི་སེམས་སྐྱེད་ཀྱི་འདུ་ཤེས་ཟེར་བ་དེ། སྔོན་མ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་གར་ནས་བོད་ལ་ཕེབས་ཏེ། ལྷ་སའི་ཇོ་བོར་མཇལ་དུ་འགྲོ་སྐབས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ངས་བདེ་བ་སྐད་ཅིག་ཙམ་ཡང་མ་མྱོང་བ་ཤོག་ཟེར་ནས་ཁོང་གིས་སྨོན་ལམ་བརྒྱབ་ཡོད་གསུངས་ཡོད་པ་རེད། དེ་ནས་བར་མའི་འདུ་ཤེས་དེ་ག་རེ་རེད་ཟེར་ན། བོད་ལ་ས་སྐུ་འདྲ་གཙང་མ་ཡོད་ན་ཁོང་དགའ་མཁན་ཞིག་དང་། མེད་ན་ངུ་ཐུབ་མཁན་ཞིག་ཡིན་གསུངས་ཡོད་པ་རེད། ཁོང་གི་མཐའ་མའི་ཕུགས་རེ་ག་རེ་རེད་ཟེར་ན། ང་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཁ་སྡོད་ཚོད་ཡོད་པ་མ་རེད་ལ། རྒྱ་དམར་པོའི་ལག་པར་སྡོད་རྒྱུ་མེད་སྟབས། ང་ཉལ་ས་དྲོན་པོའི་ནང་ཤི་ཐུབ་ཀྱི་རེད་དྲན་གྱི་མེད་ཅེས་གསུངས་ཡོད་པ་རེད། སྔོན་མ་ཁོང་གིས་ལུང་བསྟན་ག་རེ་གནང་ཡོད་པ་དེ་རང་བྱུང་ཡོད་པ་རེད། རྒྱ་གཞུང་གིས་རིན་པོ་ཆེ་མཆོག་བཙོན་ཁང་ནས་དགོངས་པ་རྫོགས་པ་རེད་ལབ་ཀྱི་ཡོད་ཀྱང་། བོད་གཞིས་བྱེས་གཉིས་སུ་ཡོད་པའི་ཁོང་གི་སློབ་མ་དང་འབྲེལ་ཡོད་རྣམས་ནས་ཁོང་རྒྱ་ནག་གཞུང་གིས་བཀྲོངས་བ་ལ་ངོས་འཛིན་བྱེད་བཞིན་ཡོད། ཅེས་དང་། ད་ལྟ་བར་དུ་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ནས་རིན་པོ་ཆེ་མཆོག་གི་གནད་དོན་ཐད་ལས་འགུལ་ཤུགས་ཆེན་སྤེལ་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་དང་བོད་མི་སྤྱི་ཡོངས་ཀྱི་མངོན་འདོད་འགྲུབ་པར་བོད་མི་ཚང་མས་ནུས་པ་མཉམ་དུ་སྤུངས་ནས་ཤུགས་རྒྱག་དགོས་པའི་འབོད་སྐུལ་བཅས་གནང་སོང་།
སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གསར་འགོད་པར་ཉིན་མོ་འདི་དང་བསྟུན་ཆབ་སྲིད་བཙོན་པ་རྣམས་ལ་རྗེས་དྲན་ཞུས་པའི་རྒྱུ་མཚན་སྐོར་བརྗོད་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་གྲོངས་ཏེ་ལོ་ ༡ འཁོར་བའི་ཉིན་མོ་སྲུང་གཙི་དང་བསྟུན། ཁོང་གི་སྙིང་སྟོབས་ཀྱི་གཟེངས་རྟགས་ཤིག་ཀྱང་བཟོས་པའི་ཐོག་ནས་བོད་ཀྱི་ཆབ་སྲིད་བཙོན་པའི་ལས་འགུལ་མུ་མཐུད་ཤུགས་ཆེ་རུ་འགྲོ་བ་དང་། རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་ཆེད་སྤེལ་བ་ཞིག་ཡིན་སྐོར་བརྗོད་སོང་།
གསར་འགོད་པ། པདྨ་མཚོ།
ངོ་མ་ཡ་མཚན་རེད། མི་རིགས་ཤིག་གི་ཆེད་དུ་མང་པོ་མང་པོ་ཞིག་ཡོད་བསམས་བསྡད་ཡོད། ཁོང་རྣམ་པ་གང་དུ་ཕེབས་ཡོད་ན། བྱ་བྲལ་རིན་པོ་ཆེ་མཆོག་ལ་སོགས་པ་་་་་་་་་་་་
བཙོན་མ་ཡེ་ཤེས་ཆོས་སྒྲོན་ནི་སུ་ཡིན་དང་། བློས་གཏོང་ག་ཚོད་བྱས་ཡོད། བྱ་དགའ་དེ་བློས་གཏོང་གི་ཚད་གཞི་གང་འདྲ་ཞིག་ལ་གཞི་བཞག་ནས་སྤྲོད་ཀྱི་ཡོད་སོགས་གསལ་ཁ་མི་འདུག ཡ་མཚར་རེད། བོད་ཀྱི་བཀའ་ཟུར་(ཤར་གླིང་ཟླ་སྒྲོན)དང་སྤྱི་འཐུས་(རྡོ་རྗེ་ཚེ་བརྟན)ཀྱང་མང་པོ་ཕེབས་ཡོད་པ་འདྲ། གཟི་བརྗིད་རེད། གཟི་བརྗིད་ཁོག་སྟོང་རེད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་བོད་མི་རིགས་ཆེད་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་གནང་མཁན་ཞིག་ཡིན་སྟབས་རྗེས་དྲན་ཞུ་འོས་པ་ཞིག་རེད།
འོན་ཀྱང་བོད་མི་རིགས་ཆེད་བློས་གཏོང་ཚད་མེད་གནང་མཁན་ཆབ་སྲིད་བཙོན་པ་རྣམས་ལས་འདེམས་གསེས་ཀྱིས་བློས་གཏོང་གནང་བར་བྱ་དགའ་ལྟ་བུ་སྤྲོད་པ་ནི་ལྐུག་རྟགས་རང་རེད། རྒྱ་དམར་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་མ་ཡོངས་ལ་མཐོང་ཆུང་དང་ཆད་གསོད་ལྟ་བུ་མཐོང་སོང་། རྒྱུ་མཚན་ནི་ད་བར་བོད་མི་མང་པོ་ཞིག་གིས་རང་སྲོག་བློང་བཏང་དང་གཏོང་བཞིན་ཡོད་ལ། མང་པོ་ཞིག་མུན་ནག་ཁང་ནང་མི་ལོ་བཅོ་ལྔ་ཉི་ཤུའི་རིང་ལ་བསྡད་དང་སྡོད་དགོས་ཐུག་གི་ཡོད་ལ། མང་པོ་ཞིག་ལོ་ཁ་ཤས་དང་། ཟླ་བ་ཤས། ཡང་ན་བདུན་ཕྲག་ཁ་ཤས་ལས་བཙོན་དུ་བསྡད་མེད་ཀྱང་། ལུས་སེམས་ཀྱི་སྡུག་བསྔལ་བརྗོད་ཀྱིས་མི་ལང་བ་མྱོང་མཁན་གྲང་ལས་འདས་པ་ཡོད། འདིར་རང་དབང་ངང་ལྷོད་ལྷོད་ཀྱིས་བཞུགས་མཁན་ཚོས་བྱིས་པ་ཚོའི་ཡིག་རྒུྱུག་ལ་བརྒྱ་ཆ་སྤྲོད་པ་ལྟ་བུ་བྱས་ན། གཞིས་ལུས་རྒྱ་ཆེའི་བོད་མི་ཆབ་སྲིད་བཙོན་པ་དང་། བཙོན་ཟུར་། འབྲེལ་ཡོད་མང་པོ་ཞིག་ལ་གཅིག་མཚུངས་ཀྱི་ངོས་འཛིན་མེད་པ་ལྟ་བུའི་ས་མཚམས་བཟོས་པར་བློ་ཕམ་ཚད་མེད་སྐྱེ་ངེས། གོང་གི་ཚོགས་པ་ཆུང་ཆུང་དེ་ཚོས་ངོས་ནས་བོད་མི་ཞིག་གིས་བོད་མི་རིགས་ཆེད་བློས་གཏོང་ག་ཚོད་བྱས་ན་ད་གཟོད་བྱ་དགའ་དེ་སྤྲོད་ཀྱི་ཡོད་དམ། ཅི་ཞིག་བསྒྲུབས་ཀྱང་སྔ་ཕྱི་བར་གསུམ་ལ་བསམ་བློ་ཞིབ་ཚགས་མི་གཏོང་བར་བྱིས་པ་ཆུང་ཆུང་གི་བྱ་སྤྱོད་ལྟ་བུ་འཁྲབ་སྟོན་བྱ་རྒྱུར་དགའ་དྲགས་མཁན་འདི་རིགས་ཀྱིས་བོད་མི་རིགས་གཡང་ལ་འཕེན་གྱི་འདུག འདིའི་རྗེས་ནས་བོད་མི་རིགས་ཀྱི་ཆབ་སྲིད་བཙོན་པ་སུའི་བློས་གཏོང་གི་ཚད་གཞི་གཞལ་རྩིས་ཡིན་ནམ། ཚད་གཞི་ཞིག་བཟོས་པ་ཡིན་ན་བྱ་དགའ་དེ་ཐོབ་པར་རྔམ་ནས་ཚད་གཞི་དེ་ལོང་བར་བློང་གཏོང་མཁན་མང་པོ་ཡོང་གི་རེད་བསམ་པ་ཡིན་ནམ། ཅོལ་ཆུང་གི་ལས་ཀ་རང་རེད།