ཁ་སང་ཕྱི་ཚེས་ ༡༩ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་ལགས་ལ་རྒྱ་གཞུང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། གྲྭ་བློ་བཟང་ལགས་ཀྱིས་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་རྔ་བ་རྫོང་ཐོག་ཏུ། ༧གོང་ས་མཆོག་གི་སྐུ་པར་དང་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་སྟེ་༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག བོད་ལ་རང་དབང་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་ནས་གློད་གྲོལ་གཏོང་དགོས་ཞེས་ཞི་བའི་སྐད་འབོད་བྱས་ཏེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཟླ་ ༡༠ ལྷག་ཙམ་རིང་བཀག་ཉར་འདྲི་རྩད་བྱས་རྗེས་རྔ་བ་རྫོང་ནས་སྤྱི་ལེ་༣༠༠ ཙམ་གྱི་སར་ཡོད་པའི་མོ་ཞན་ས་གནས་ཁྲིམས་ཁང་གིས་ལོ་ ༣ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
གྲྭ་བློ་བཟང་ལགས་རང་ལོ་ ༢༣ ཡིན་ཞིང་། རྔ་བ་རྫོང་ཕྱུག་ལས་འགབ་མ་ནས་ཡིན་པ་དང་། འཛིན་གྲྭ་ཕར་ཕྱིན་ལོ་རིམ་དང་པོ་ཡིན་འདུག
གསར་འགོད་པ། པདྨ་མཚོ།