བལ་ཡུལ་གློ་སྨོན་ཐང་སྟོད་ཀྱི་གློ་གྷི་ཀར་དགོན་གྱི་གནའ་བོའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་དགོན་པ་ཞིག་གསོ་བྱེད་བཞིན་ཡོད་འདུག
ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ནས་བལ་ཡུལ་གློ་སྨོན་ཐང་སྟོད་དུ་ཆགས་པའི་གློ་གྷི་ཀར་ (Lo Gekar Monastery) དགོན་གྱི་རྩ་མེད་འགྲོ་ཉེན་ཡོད་པའི་ལྡེབས་རིས་མང་པོ་བསྐྱར་གསོ་བྱེད་མགོ་བཙུགས་ཡོད་པ་དང་། དེ་ནི་དུས་རབས་བར་མའི་ནང་བྱུང་བའི་གནའ་བོའི་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་རྩ་ཆེན་ཁག་ཅིག་ཡིན་འདུག
གློ་རྒྱལ་པོ་འཇིགས་མེད་ཐེབས་རྩ་ཁང་ (Lo Gyalpo Jigme Foundation) གི་ཕྱག་མཛོད་ར་རྗོ་བྷེ་ས་ཊ་ (Raju Bista)ལགས་ཀྱིས། ད་ཆར་གློ་སྨོན་ཐང་སྟོད་ཀྱི་དགོན་པ་ཉམས་རྒུད་ཆེན་པོ་བྱུང་ཡོད་པ་མ་ཟད། གློ་བོའི་ཡུལ་གྱི་གཞོན་སྐྱེས་ཚོས་དགོན་རྙིང་དེའི་ལྡེབས་རིས་དེ་དག་རྩ་ཆེན་པོ་ཡིན་པ་ཧ་གོ་གི་མེད་སྐོར་བརྗོད་འདུག
བལ་ཡུལ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་་དོན་གཅོད་ལྕམ་ཊིབ་ལེ་ཊི་ཛི་ (Teplitz) ལགས་ཀྱིས། གནའ་བོའི་དགོན་རྙིང་དེའི་ལྡེབས་རིས་ཡོད་ཚད་ས་དང་མཚོན། ཤིང་སོགས་ཀྱིས་བཟོ་བསྐྲུན་བྱས་ཡོད་སྟབས། དེ་དག་ལས་སླ་པོར་རྩ་མེད་འགྲོ་ཉེན་ཆེ་བ་དང་། གལ་ཏེ་གནའ་རྫས་དེ་དག་ཉམས་རྒུད་དུ་སོང་ཚེ། དེ་ནི་བལ་ཡུལ་མི་མང་ཙམ་མ་ཟད། འཛམ་གླིང་ཡོངས་ཀྱི་གནའ་བོའི་ཤུལ་བཞག་རིག་གནས་ལ་ཐེབས་པའི་གོད་ཆག་ཆེན་པོ་ཞིག་ཡིན་སྐོར་བརྗོད་འདུག
གློ་སྨོན་ཐང་སྟོད་ཀྱི་གློ་གྷི་ཀར་དགོན་པ་ (Lo Gekar Monastery) དེ་ནི་བོད་ཁུལ་གྱི་དགོན་སྡེ་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། རིག་གནས་གསར་བརྗེ་སྐབས་སུ་དགོན་པ་དེར་གཏོར་བཤིག་ཚབས་ཆེན་བཟོས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་དུ་བྱུང་བའི་ས་ཡོམ་ཁྲོད་དགོན་རྙིང་དེའི་ལྡེབས་རིས་དང་གསུང་རབ་མང་པོར་གོད་ཆག་ཚབས་ཆེན་ཐེབས་ཡོད་འདུག
ཕྱི་ལོ་ ༡༩༩༢ ལོ་ནས་གློ་སྨོན་ཐང་སྟོད་ཀྱི་དགོན་རྙིང་དེའི་སྒོ་ཕྱེས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་དང་གནས་མཇལ་བ་མང་པོས་དགོན་རྙིང་དེའི་ལྡེབས་རིས་དང་ལྷ་རྟེན་སོགས་ལ་གཟིགས་ཞིབ་བྱེད་ཀྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་གཞུང་གིས་དགོན་རྙིང་དེའི་ལྡེབས་རིས་སྲུང་སྐྱོབ་དང་དགོན་པ་བསྐྱར་གསོའི་ཐད་ཨ་སྒོར་ ༢༣༠༠༠ ཙམ་བཏང་ཡོད་འདུག
ཧི་མ་ལ་ཡའི་བོན་ཞེས་པའི་དྲ་རྒྱའི་ཐོག་ཏུ་དགོན་རྙིང་དེའི་ནང་གི་ལྷ་རྟེན་དང་ལྡེབས་རིས། གསུང་རབ་མང་ཆེ་བ་ཡུལ་དེའི་གློ་སྨོན་ཐང་ཕོ་བྲང་མ་ཆགས་གོང་དུ་བོན་འཁོར་དགོན་པའི་ནང་གི་གློ་བོའི་ཡུལ་མིས་བཞེང་སྐྲུན་བྱས་པ་ཞིག་ཡིན་པ་མ་ཟད། སྤྱིར་གློ་བོའི་ཡུལ་དེར་སྔར་ཞང་ཞུང་གི་དུས་སུ་བོན་ཆོས་དར་བ་དང༌། དེའི་རྗེས་སུ་ནང་ཆོས་དར་ཡོད་པ་ནི་གློ་བོའི་ལོ་རྒྱུས་ཐོག་གསུབ་ཏུ་མེད་པའི་བྱུང་རིམ་གལ་ཆེན་ཞིག་ཡིན་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།
ཀློག་པ་པོ་ལགས།
ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་དང་ཝེ་ཁེ་རིག་མཛོད་ཆེན་མོ་གཙོས་པའི་ཉེ་རབས་ཡིག་ཚགས་ཁག་ནང”བློ་སྨོན་ཐང”དང”གློ་བོའི་ཡུལ”ཞེས་བྲིས་ཡོད་པ་ལས”བློ་སྨན་ཐང”ཟེར་བ་ཞིག་མཐོང་ཐོས་མ་བྱུང་བས། བདག་གིས་གོང་འཁོད་གཞིར་བཟུང་བ་ཡིན།
ང་རང་མཚོའི་ཁ་ཤུས་དང་ཡང་ན་ཡིག་ནོར་ཐོག་གློ་བ་འམ་བློ་སྨན་ཐང་སྔར་ཞང་ཞུང་གི་དུས་སུ་བོན་ཆོས་ཡིན་པ་དང་ཞང་ཞུང་ནང་ཡིན་པ་ཡང་བདེན་པ་རེད ཨོ་རྒྱན་པད་མ་འབྱུང་གནས་དུས་སུ་ང་ཡི་སྐུ་གསུངས་སྡེ་ལྔ་བོད་ལྷོ་ཕྱོག་ཆུ་མིག་བརྒྱ་ཚར་ས་ལ་མེ་འབར་རྡོ་ལ་མེ་འབར་ཆུ་ལ་མེ་འབར་གློ་བ་འམ་བོད་ལྷོ་ཕྱོ་སུ་ཡོད་པ་བདེན་པ་ར་འཕྲོད་རེད བོད་ལྷོ་ཕྱོག་རྒྱལ་པོ་འཇིགས་མེད་ད་ལྟ་བ་ཡུལ་མཆོད་འཇོར་ལ་ཡོད་པ་ཡང་བདེན་པ་རེད
ཡུལ་མི་ཚོས་བོད་པ་ཡིན་པ་དང་དེ་ཡང་བོད་སྡེ་བ་གཞུངས་འོག་ལ་ཡིན་པ་ཡང་ངོས་ལེན་གནང་གི་ཡོད་པ་དེ་ཡང་བདེན་པ་རེད ལྷོ་དང་གློ་གཉིས་
ཡིག་ནོར་གཏང་མི་དེ་སུ་རེད