རྩོམ་པ་པོ། ཆོས་ལྡན་འབུམ།
ས་གནས། ཉི་ཧོང་།
སྔོན་འགྲོའི་གཏམ།
དཔྱད་རྩོམ་འདིའི་དམིགས་ཡུལ་ནི། བོད་མིའི་རང་དབང་སླར་གསོའི་ཆེད་དུ། བོད་ཀྱི་དབུ་ཁྲིད་རྒྱལ་དབང་༡༤་བ་བསྟན་འཛིན་རྒྱ་མཚོ་མཆོག་གིས་བཏོན་པའི་དབུ་མའི་ལམ་དེའི་ནང་དུ་མི་རིགས་དང་རྒྱལ་ཁབ། ཆོས་ལུགས་སོགས་ཀྱི་སྒྲོམ་གཞི་ལས་ཡོངས་སུ་བརྒལ་ཐུབ་པའི་ལམ་བདེན་འཇུག་བདེ་བ་ཞིག་ཅི་ལྟར་བཟོ་དགོས་པའི་སྐོར་ལ་དཔྱད་པ་གཏོང་རྒྱུ་དེ་ཡིན།།
བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་སྤྱི་ཚོགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་བལྟས་ཡོང་དུས། མཉམ་འབྲེལ་རྒྱལ་ཚོགས(རྒྱལ་ཚོགས)ཀྱིས་དུས་ད་ལྟའང་བོད་ཀྱི་སྲིད་དོན་ལངས་ཕྱོགས་ལ་རྒྱབ་སྐྱོར་གསལ་བོ་ཞིག་བྱེད་ཐུབ་ཀྱི་མེད་པ་དང་། བོད་མིའི་ཆིག་སྒྲིལ་ལ་ཡང་ཐབས་ཤེས་ཀྱིས་འདང་གི་མེད་པ་གསལ་བོར་ཆགས་ཡོད།།
རྒྱལ་ཚོགས་ནི། འགྲོ་བ་མིའི་རིགས་ཀྱི་སྐྱིད་སྡུག་བཤད་ས་དང་། ཞི་བདེ་དང་དྲང་བདེན་སྲུང་སྐྱོབ་ཀྱི་ཆེད་དུ་༡༩༤༥་ལོར་བཙུགས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་ཡིན། འོན་ཀྱང་། ༡༩༥༠་ལོར་བོད་གཞུང་གིས་རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་དེ་རྒྱལ་ཚོགས་ལ་ཞུ་གཏུགས་བྱེད་སྐབས། རྒྱལ་ཚོགས་ཀྱིས་ཨ་ཧྥུའུ་རི་ཀ་དང་ཧིན་རྡུ་ཉི་ཞི་ཡ་ས་ཁུལ་གྱི་བཙན་འཛུལ་དང་མི་སེར་སྤེལ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་ཞོར། རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་ལ་དོ་སྣང་བྱས་མེད། ལྷག་པར་དུ་༢༠༠༩་ལོ་ནས་བཟུང་བོད་མིས་རང་སྲེག་ངོ་རྒོལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་ཞུ་གཏུགས་བྱས་ཏེ། ད་ལོའི་ཟླ་༢་པའི་ཚེས་༢༩་བར་དུ་བོད་མི་༡༤༩་ཙམ་གྱིས་རང་ལུས་མེར་སྒྲོན་ཡོད་ཀྱང་། ཛ་དྲག་གི་ལས་འགུལ་འདི་ལའང་རྒྱལ་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་མེད།།
དེ་ལས་ཀྱང་ཚབས་ཆེ་བ་ནི། ལྷག་པར་དུ་བོད་མིའི་དྲང་བདེན་ལ་སྣེ་ཁྲིད་བྱེད་མཁན་གྱི་བཙན་བྱོལ་བོད་གཞུང་གིས་ཀྱང་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་དེའི་ནང་དུ་ལམ་བདེན་འཇུག་བདེ་བ་ཞིག་བཟོ་ཐུབ་མེད་པ་དེ་ཡིན། གལ་ཏེ་ང་ཚོ་བོད་མི་ས་ཡ་༦་ཨ་མདོ་ཟི་ལིང་ནས་དབུས་ལྷ་སར་འགྲོ་བའི་དབང་དུ་བཏང་ན། ཐོག་མར་ཟི་ལིང་ནས་ལྷ་སའི་བར་ལ་ལམ་ཐིག་བརྒྱབ། བར་དུ་ལམ་ཐིག་དེའི་ནང་གཞུང་ལམ་འཇུག་བདེ་བ་ཞིག་བཟོས། མཐའ་མར་སྒྲིག་ཁྲིམས་ཡོད་པའི་སྒོ་ནས་ལམ་དེར་ཞུགས་ན་དཀའ་ངལ་མེད་པར་ལྷ་སར་འབྱོར་ཐུབ། དེའི་ཕྱིར། དབུ་མའི་ལམ་དེ་ནི་དེའི་ནང་གི་ལམ་ཐིག་དེ་ཡིན་པ་མ་གཏོགས། ལམ་བདེན་དངོས་མིན་ཞེས་བཤད་ཆོག།
ལོ་༢༥༠༠་ཡི་སྔོན་ལ་སྟོན་པ་ཤཀྱ་ཐུབ་པས《བདེན་བཞི》གསུངས་ཏེ། “སྡུག་བསྔལ་བདེན་པ”ལས་ཐར་བར་བྱེད་པར“ལམ་བདེན”འཇུག་བདེ་བ་ཞིག་བསྟན་ཡོད། ཆབས་ཅིག“རང་ཉིད་རང་གི་མགོན། རང་ཉིད་རང་གི་དགྲ”ཞེས་ཀྱང་གསུངས་ཡོད། གདམས་ངག་དེ་ལས་གལ་ཏེ་ང་ཚོས་དབུ་མའི་ལམ་དེའི་ནང་ལམ་བདེན་འཇུག་བདེ་བ་ཞིག་བཟོས་ཏེ། དེ་ལ་ཤར་བསྐྱོད་མ་བྱས་ན་བོད་མི་རིགས་འདི་ཡང་མན་ཇུ་མི་རིགས་དང་འདྲ་བར་རང་ཉིད་རང་གི་དགྲ་བོར་ཆགས་ཉེན་ཡོད་པ་བསྟན་ཡོད།།
གནད་དོན་དེ་འདྲ་ཞིག་ལ་བསམ་བློ་བཏང་སྟེ། དཔྱད་རྩོམ་འདིའི་ནང་དུ་བོད་དོན་དང་བོད་ཀྱི་འདས་མ་ད་གསུམ། བོད་དོན་འབྱུང་རྐྱེན་བཅས་ལ་རགས་དཔྱད་བརྒྱུད། བོད། རྒྱ་ནག སོག་པོ། ཡུ་གུར་སོགས་མི་རིགས་ཀུན་ལ་སྨན་དུ་འགྱུར་ཐུབ་པའི་དབུ་མའི་ལམ་དེའི་ནང་ལམ་བདེན་འཇུག་བདེ་བ་ཞིག་བཟོས་ཏེ་ད་ལྟའི་རྒྱ་ནག་ལ་འགྱུར་བ་གཏོང་ཐབས་གླེང་རྒྱུ་ཡིན།།
དང་པོ། ཅི་ཞིག་ལ“བོད་དོན”ཟེར།
༡ བོད།
ཡོངས་གྲགས་སུ་བོད་མིས་རང་གི་སྤྱི་ཚོགས་དང་རྒྱལ་ཁབ་ལ་བོད་ཅེས་འབོད། ཐུ་བྷོད་དང་གངས་ཅན་ལྗོངས་ཞེས་པའི་འབོད་སྲོལ་ཡང་ཡོད། རྒྱ་སྐད་ཀྱི“吐蕃”དང་དབྱིན་སྐད་ཀྱི“Tibet”ནི་ཐུ་བྷོད་ཀྱི་སྒྲ་བསྒྱུར་ཡིན་པར་འདོད། ལོ་རྒྱུས་ཐོག་བོད་ན་འཚོ་སྡོད་བྱས་ཡོང་བའི་མི་རིགས་རྣམས་ཀྱི་སྤྱི་མིང་ལ་བོད་དང་། ཡང་ན། བོད་པ་དང་བོད་མི་ཞེས་ཟེར།།
ཆ་སྙོམས་མཐོ་ཚད་ལ་སྨིས་༤༠༠༠་ཙམ་ཡོད་པས་བོད་ལ“འཛམ་གླིང་གི་ཡང་རྩེ”དང་། ཡང་ན། “འཛམ་གླིང་གི་སྣེ་གསུམ་པ”ཡང་ཟེར། ཤར་ཕྱོགས་ནི་རྒྱ་ནག་དང་། ལྷོ་ཕྱོགས་ནི་འབར་མ། བལ་བོ། རྒྱ་གར། འབྲུག་སོགས་དང་། ནུབ་ཕྱོགས་ནི་ཕ་ཀི་སི་ཐན། བྱང་ཕྱོགས་ནི་ཡུ་གུར་སོགས་ཀྱི་ས་མཚམས་དང་འདྲེས་ཡོད།།
འབྲི་ཆུ། རྨ་ཆུ། རྫ་ཆུ། གླིང་ཆེན་ཁ་འབབ། སེང་གེ་ཁ་འབབ་སོགས་ཡ་གླིང་གི་གཙང་བོ་ཆེན་མོའི་འབྱུང་ཁུངས་ཡང་བོད་ན་ཡོད་པ་དང་། དེས་ཡ་གླིང་གི་རིག་གནས་དང་མི་གྲངས་དུང་ཕྱུར་མང་པོའི་ཚེ་སྲོག་ལ་གསོན་ཤུགས་སྟེར་བཞིན་ཡོད། གསེར་དངུལ་ཟངས་ལྕགས་དང་སྨན་རྩ། རི་སྐྱེས་སོག་ཆགས་སོགས་ཀྱི་ཐོན་ཁུངས་ཡང་ཕུན་སུམ་ཚོགས་པ་ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་༣༣༤་ཙམ་ཡོད།།
འཛམ་གླིང་ཡང་རྩེ་ན་འཚོ་སྡོད་བྱེད་བཞིན་པའི་བོད་མིས་ཉུང་མཐར་ཡང་ལོ་ངོ་༢༠༠༠་ལྷག་གི་གོང་ནས་བཟུང་ཐུན་མོང་གི་སྐད་དང་ཡི་གེ ཆོས་ལུགས། རིག་གནས་སོགས་མཉམ་སྤྱོད་བྱས་ཏེ་རང་ཚུགས་ཐུབ་པའི་མིའི་སྤྱི་ཚོགས་ཤིག་སྐྲུན་ནས་ཡོང་ཡོད། དེ་བས། བོད་མི་རིགས་འདི་ཡང་རྒྱ་མི་རིགས་དང་ཉི་ཧོང་མི་རིགས་སོགས་དང་འདྲ་བར་རང་གི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ཡིན་ཞེས་གདེང་སྤོབས་ཆེན་པོས་བཤད་ཆོག།
༢ བོད་དོན།
འོན་ཀྱང་། ལོ་ངོ་༢༠༠༠་ལྷག་གི་ལོ་རྒྱུས་དེ་ཡང་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བའི་ལོ་རྒྱུས་དང་འདྲ་བར་ཐོག་མཐའ་བར་གསུམ་དུ་ཞི་བདེ་བརྟན་བརླིང་ཡིན་པའི་ལོ་རྒྱུས་ཤིག་ལ་ཆགས་མེད་པར། འཚམས་རེར་བཙན་འཛུལ་བྱེད་མཁན་དང་འཚམས་རེར་བཙན་འཛུལ་མྱོང་མཁན་ལ་ཆགས་ཡོད། དཔེར་ན། བོད་བཙན་པོའི་སྐབས་སུ་རྒྱ་ནག་དང་བལ་བོ། ཕ་ཀི་སི་ཐན་སོགས་ཁྱིམ་མཚེས་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཡོད། ཡིན་ནའང་། བཙན་པོའི་རྒྱལ་རབས་སིལ་བུ་འཐོར་རྗེས། བཙན་འཛུལ་དང་ནང་སྲིད་ཐེ་གཏོགས་རྐྱང་རྐྱང་མྱངས་ཡོད། དཔེར་ན། ༡༢༤༠་ལོ་ནས་༡༢༥༣་ལོའི་བར་དུ་སོག་པོའི་བཙན་བཟུང་འོག་ཚུད་པ་དང་། ༡༧༢༣་ལོ་དང་༡༩༡༠་ལོར་ཆིན་གྱི་ནང་སྲིད་ཐེ་གཏོགས་དང་བཙན་འཛུལ། ༡༩༠༤་ལོར་དབྱིན་ཇིའི་བཙན་འཛུལ། ༡༩༡༡་ལོར་ཀྲུང་ཧྭ་མིན་གོའི་བཙན་འཛུལ་སོགས་ཐེབས་ཡོད།།
ཡིན་ནའང་། དེ་དག་ནི་དུས་ཡུན་ཐུང་ཞིང་བོད་མཐའ་འཚམས་ཀྱི་ས་ཆར་མ་གཏོགས་བཙན་འཛུལ་ཐེབས་མེད། དེ་ལས་ཀྱང་གདུག་རྩུབ་ཆེ་ཞིང་དུས་ཡུན་རིང་བ་ནི། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ(རྒྱ་ནག)ཀྱི་བཙན་འཛུལ་ཡིན། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་སྒྲིལ་རྗེས། ཨ་རི་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙན་འཛུལ་དང་མི་སེར་སྤེལ་བའི་སྲིད་ཇུས་ལ“དཔལ་ཡོན་མིན”ཞེས་སྐྱོན་བརྗོད་དང་བཅས། མི་སེར་སྤེལ་ཡུལ་གྱི་རང་བཙན་དང་བཅིངས་འགྲོལ་ལ་རྒྱབ་སྐྱོར་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་པའི་སྐབས་དེར། རྒྱ་ནག་གིས་ལྡོག་ཕྱོགས་ནས་བཙན་འཛུལ་དང་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་བྱས། འདི་ནི་བོད་དོན་གྱི་འབྱུང་རྐྱེན་གཙོ་བོར་ཆགས་ཡོད།།
༣ “བོད་ནི་རྒྱ་ཁོངས”མིན།
འོན་ཀྱང་། རྒྱ་ནག་གིས་དེ་ནི“བཙན་འཛུལ”ལ་ངོས་ལེན་མི་བྱེད་པར། “བོད་ནི་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན”པའི་ལྟ་བ་འདོན་བཞིན་ཡོད། དེའི་ཁུངས་ལ། ཐོག་མར་བོད་བཙན་པོའི་རིང་ཐང་རྒྱལ་རབས་དང་གཉེན་འབྲེལ་བྱུང་སྟེ་བོད་ཐང་གཉིས་དབོན་ཞང་གི་འབྲེལ་བར་ཆགས་པ་དེ་དྲངས་ཡོད། དེ་དྲང་བདེན་མིན་པར་ཆགས་རྗེས་ཡོན་རྒྱལ་རབས་ཀྱི་དབང་འོག་ཏུ་ཚུད་ཡོད་ཚུལ་བཤད་ཡོད། དེ་ཡང་ལོ་རྒྱུས་དངོས་དང་འགལ་ཡོད་པ་ཤེས་རྗེས། ༡༧༢༣་ལོར་སྐབས་དེའི་ཆིན་རྒྱལ་པོས《བོད་ཀྱི་ལུགས་སྲོལ་གསར་འཛུགས་སྐོར་གྱི་རྩ་ཚིག་དོན་ཚན་ཉེར་དགུ》ཞེས་པའི་སྲིད་ཇུས་ཤིག་བཏོན་ཡོད་པ་དེ་དྲངས་ཡོད། དེ་ཡང་སྐབས་དེའི་བོད་གཞུང་གིས་ངོས་ལེན་བྱས་མེད་པ་དང་ལག་བསྟར་ཡང་བྱ་ཐུབ་མེད་པ་ཤེས་རྗེས། དྲང་བདེན་གྱི་སྒྲུབ་བྱེད་གང་ཡང་འདྲེན་རྒྱུ་མེད་པར་དུ“བོད་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན”ཞེས་པའི་སྐྱག་རྫུན་དེ་བསྐྱར་བཟློས་བྱེད་བཞིན་ཡོད།།
“བཅིངས་འགྲོལ”ཞེས་པའི་བཤད་སྟངས་དེའི་སྐོར་ལ། ཐོག་མར“བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ལས་བཅིངས་འགྲོལ་བཏང”ཚུལ་བཤད་ཡོད། སྐབས་དེའི་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ནི་དབྱིན་ཇི་ལ་བསྟན་ཡོད། འོན་ཀྱང་། དབྱིན་ཇི་ནི་༡༩༤༧་ལོར་རྒྱ་གར་རང་བཙན་བྱས་པ་དང་ཆབས་ཅིག་རྒྱ་གར་ནས་ཕྱིར་འཐེན་བྱས་ཡོད་ལ། མ་གཞི་ནས་བོད་ན་༡༩༡༢་ལོར་ཀྲུང་ཧྭ་མིན་གོའི་དམག་དཔུང་མཐར་བསྐྲད་པའི་རྗེས་སུ། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་དྲི་མ་ཙམ་ཡང་ལྷག་མེད། དེའི་རྗེས་སུ། རྒྱ་ནག་གིས“ཞིང་བྲན་ལམ་ལུགས་ལས་བཅིངས་འགྲོལ་བཏང་བ”ཞེས་སྐྱག་རྫུན་གསར་བ་ཞིག་གི་འགོ་བརྩམས།།
ཅི་ལྟར་བཅིངས་འགྲོལ་བཏང་ཚུལ་སྐོར་ལ། 《གྲོས་ཆོད་དོན་ཚན་བཅུ་བདུན་པ》དེ་འདྲེན་བཞིན་ཡོད། འོན་ཀྱང་། དེ་ནི་རྒྱ་ནག་གིས་བཟོས་པའི་ཡིག་ཆ་ཞིག་ལ་འཇིགས་སྐུལ། གཡོ་སྒྱུ། བཙན་གྱིས་བོད་གཞུང་གི་ཕོ་ཉ་ལ་མཚན་རྟགས་བཀོད་དུ་བཅུག་པ་ཞིག་ཡིན་པ་མ་གཏོགས། བོད་གཞུང་གིས་རྒྱ་ནག་ལ་རེ་བ་བཏོན་ནས་བཞག་པ་ཞིག་ཀྱང་མིན་ལ། ཕྱོགས་གཉིས་ཀྱི་མོས་མཐུན་བརྒྱུད་ནས་བཞག་པ་ཞིག་ཀྱང་རྩ་བ་ནས་མིན། དེ་བས། གྲོས་ཆོད་དོན་ཚན་བཅུ་བདུན་པ་དེའི་འཇོག་སྟངས་ནི་ཁྲིམས་འགལ་ལུགས་འགལ་ཞིག་ལ་ཆགས་ཡོད།།
གང་ལྟར་ཀྱང་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་སུ་གྱུར་བ་ཐེངས་གཅིག་ཀྱང་མེད་ལ། ད་ལྟའི་གནས་བབས་ཡང་རྒྱ་ནག་གི“བཙན་བཟུང”དང“མི་སེར་སྤེལ་ཡུལ”ཡིན་པ་ལས་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་ན་དོན་དངོས་དང་འགལ་ཡོད།།
གཉིས་པ། བོད་ཀྱི་འདས་མ་ད་གསུམ།
༡ ཁ་སང་གི་བོད།
༼ ༡ ༽ གནའ་བོའི་དུས་རབས།
བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་ངག་རྒྱུན་གྱི་ནང་དུ། གནའ་སྔ་མོའི་དུས་སུ་བོད་འདི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་བཤད་ཡོད། ད་ལྟའི་རྒྱ་ནག་དང་ནུབ་ཕྱོགས་ཀྱི་གནའ་རྫས་རྟོག་ཞིབ་རིག་པ་བས་ཀྱང་ལོ་མང་རིང་གི་ཞིབ་འཇུག་བརྒྱུད། གནའ་སྔ་མོའི་དུས་སུ་བོད་འདི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་བཤད་ཡོད།།
བོད་མིའི་འབྱུང་ཁུངས་ཀྱི་སྐོར་ལ། ཡོངས་གྲགས་སུ་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ལས་མཆེད་ཚུལ་བསྟན་ཡོད། བཤད་སྟངས་འདི་ནི་འཛམ་གླིང་ཡོངས་གྲགས་ཀྱི་མིའི་རིགས་ཀྱི་བྱུང་བ་སྨྲ་མཁན་གྱི་ལངས་ཕྱོགས་དང་བསྡུར་ན་སྔོན་ཐོན་ཞིག་ཡིན་པ་དང་། གནའ་རྫས་རྟོག་ཞིབ་རིག་པ་བས་བོད་ན་རྙེད་པའི་འགྱུར་རྡོ་སོགས་ལས་བོད་ན“ལོ་ངོ་ཁྲི་༥་ཡི་ཡར་སྔོན་ནས་བཟུང་སྟེ་མིའི་རིགས་འཚོ་སྡོད་བྱས་ཡོད”པ་བཤད་ཡོད།།
༼ ༢ ༽ ངག་རྒྱུན་གྱི་དུས་རབས།༡༢༧~༥༨༡
བོད་ཀྱི་སྲིད་དོན་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ། གནའ་བོའི་བོད་འདི་མ་སངས་སྤུན་དགུས་དབང་བསྒྱུར་བྱས་བའི་རྒྱལ་ཕྲན་མང་པོ་ཞིག རིམ་བཞིན་ཞང་ཞུང་རྒྱལ་པོའི་རྒྱལ་ཁབ་དང་ཡར་ཀླུང་རྒྱལ་པོའི་རྒྱལ་ཁབ་གཉིས་སུ་གཅིག་གྱུར་བྱུང་ཡོད་ཚུལ་གླེང་ཡོད། ཞང་ཞུང་རྒྱལ་པོའི་རྒྱལ་ཁབ་ནི་བོན་ཆོས་དར་ཡུལ་ཡིན་པ་དང་། ཡར་ཀླུང་རྒྱལ་པོའི་རྒྱལ་ཁབ་ནི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་དར་ཡོད། སྤྱི་ལོ་སྔོན་གྱི་༡༢༧་ལོར་བོན་གྱི་གྲྭ་བ་བཅུ་གཉིས་ཀྱིས་གཉའ་ཁྲི་བཙན་པོ་རྒྱལ་པོར་བཀུར་ཞིང་ཡར་ཀླུང་རྒྱལ་རབས་བྱུང་། འདི་ནི་བོད་ཀྱི་ལོ་རྒྱུས་ཟིན་བྲིས་སུ་བཀོད་ཡོད་པའི་རྒྱལ་པོ་ཐོག་མ་དང་། ལོ་དེ་ནི་བོད་ལོ་དང་པོར་ཆགས་ཡོད། ད་ལོའི་ཕྱི་ལུགས་ཀྱི་༢༠༡༦་ལོ་ནི་བོད་ལུགས་ཀྱི་༢༡༤༣་ཡིན།།
༼ ༣ ༽ བཙན་པོའི་དུས་རབས།༥༨༡~༨༤༢
དེ་ནས་བགྲང་བྱ་༥༨༡་ལོར་ཡར་ཀླུང་རྒྱལ་པོའི་རྒྱལ་སྲས་སྲོང་བཙན་སྒམ་པོས་དགོང་ལོ་བཅུ་གསུམ་ཐོག་རྒྱལ་སྲིད་བསྐྱངས་འགོ་བརྩམས་པ་དང་། ཁོང་གིས་ཐོག་མར་དབང་ཆ་དབུས་སྡུད་ལམ་ལུགས་ཀྱི་རྒྱལ་ཁབ་བཙུགས་པ་མ་ཟད། ད་ལྟའི་ལྷ་ས་འདི་ཆབ་སྲིད་ཀྱི་ལྟེ་གནས་སུ་བསྒྱུར་ཏེ་རྩ་ཁྲིམས་དང་སྲིད་སྐྱོང་ས་ཁུལ་དང་དེའི་སྒྲིག་གཞི་སོགས་ཀྱང་གཏན་ལ་ཕབ། ད་ལྟའི་བོད་ཡིག་འདི་ཡང་སྐབས་དེར་ལེགས་བཅོས་མཛད། ཁོང་ནི་རྒྱལ་རབས་སོ་གསུམ་པ་ཡིན་པ་དང་། ཁོང་ནས་རྒྱལ་རབས་ཞེ་གཉིས་པ་གླང་དར་མའི་བར་གྱི་བོད་ནི་ཡ་གླིང་གི་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ལ་ཆགས་ཏེ། རྒྱ་ནག ཡུ་གུར། བལ་བོ། ཕ་ཀི་སི་ཐན། རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱས་ཡོད།།
ཆབས་ཅིག ཁྱིམ་མཚེས་རྒྱལ་ཁབ་ལ་ཞི་བདེ་འཆམ་མཐུན་གྱི་འབྲེལ་བ་ཡང་བཙུགས་ཡོད། དཔེར་ན། ༨༢༣་ལོའི་ཟླ་༢་པའི་ཚེས་༡༤་ཉིན་སྟེ། བོད་བཙན་པོའི་རྒྱལ་པོ་ཁྲི་གཙུག་ལྡེ་བཙན(ཁྲི་རལ་པ་ཅན)རྒྱལ་ཁྲིར་ཕེབས་ནས་ལོ་དགུ་བ་དང་། རྒྱ་ནག་ཐང་གི་རྒྱལ་པོ་ཤུན་ཤུ(ས་ཡེ་ཙུང)རྒྱལ་ཁྲིར་ཕེབས་ནས་ལོ་གསུམ་པར། བོད་རྒྱ་གཉིས་ཆིངས་བྱས་ཏེ་ཕན་ཚུན་གཉིས་མོས་བྱུང་བའི་གནས་ཚུལ་རྣམས་བོད་རྒྱ་གཉིས་ཀྱི་ཡིག་ཐོག་ནས་རྡོ་རིང་ལ་བརྐོས་ཏེ། ས་མཚམས་གུ་གུ་རྨེ་རུར་རྡོ་རིང་གཅིག བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་རྡོ་རིང་གཅིག ཐང་གི་རྒྱལ་ས་ཁྲང་ཨན་གྱི་ཕོ་བྲང་ཀེང་ཤིའི་མདུན་དུ་རྡོ་རིང་གཅིག་བཞེངས། རྡོ་རིང་དེ་ལ《དབོན་ཞང་མཐུན་འབྲེལ་རྡོ་རིང》དང་། ཡང་ན། 《དབོན་ཞང་མོལ་བའི་རྡོ་རིང》ཟེར། ཆིངས་ཡིག་གི་ནང་དོན་ཁག་རྡོ་རིང་གི་ནུབ་ངོས་སུ་བརྐོས་ཡོད་པ་དང་ཐིག་ཕྲེང་༧༧་ཡོད། དེའི་ནང་དོན་གོ་བདེར་བྲིས་ན་གཤམ་ལྟར་ཡིན།།
བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱི་ལྷ་བཙན་པོ་དང་རྒྱའི་རྒྱལ་པོ་ཆེན་པོ་དབོན་ཞང་གཉིས་ཀྱིས། ཆབ་སྲིད་གཅིག་ཏུ་མོལ་ནས(ཆབ་སྲིད་ཀྱི་སྐོར་ལ་ཞི་བའི་ཆིངས་སྒྲིག་མཛད་རྒྱུའི་དགོངས་པ་གཅིག་ཏུ་བཞེས་ཏེ)། མཇལ་འདུམ་ཆེན་པོ་མཛད་དེ་གཙིགས་བཅས་པ་ནམ་ཞར་ཡང་མི་འགྱུར་བར་ལྷ་མི་ཀུན་གྱིས་ཤེས་ཤིང་དཔང་བྱས་ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོང་ཕྱིར། མཇལ་འདུམ་གྱི་གཙིགས་ཀྱི་མདོ་རྡོ་རིང་ལ་བྲིས་པའོ།།
འཕྲུལ་གྱི་ལྷ་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་ཞལ་སྔ་ནས། རྒྱ་རྗེ་བཱུན་བཱུ་ཧེའུ་ཏིག་ཧྭང་ཏེ(ས་ཡོན་ཙུང)དང་། དབོན་ཞང་གཉིས་སྒམ་དཀྱེལ་ཆེན་པོས་ནི། འཕྲལ་ཡུན་གཉིས་ཀྱི་ལེགས་ཉེས་ཚང་མར་གཟིགས་ཏེ། ཐུགས་རྗེ་ཆེན་པོའི་བཀའ་དྲིན་གྱིས་དགབ་པ་ལ་ཕྱི་ནང་མེད་པར་མངའ་འབངས་མང་པོ་ཀུན་བདེ་ཞིང་སྐྱིད་པར་བྱ་བ་ལ་ནི་ཡུན་རིང་པོ་ནས་དགོངས་པ་མཐུན་ཏེ། གཉེན་རྙིང་བའི་སྲི་ཞུ་དང་སྔར་ནས་བཟུང་ཁྱིམ་མཚེས་མཐུན་པའི་ཕྱིར་སླར་ཡང་ཆོད་དོན་བྱེད་པར་བཀའ་གནང་ནས། མཇལ་འདུམ་ཆེན་པོ་འདི་མཛད་དེ། བོད་རྒྱ་གཉིས་ཀྱིས་ད་ལྟ་རང་རང་ལ་མངའ་བའི་ཡུལ་དང་ས་མཚམས་སྲུང་ཞིང་། དེའི་ཤར་ཕྱོགས་ཐམས་ཅད་ནི་རྒྱ་ཆེན་པོའི་ཡུལ། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ། དེ་ལས་ཕན་ཚུན་དགྲར་མི་འཐབ། དམག་མི་དྲངས། ཡུལ་མིའི་ནང་ལ་ཡིད་མི་ཆེས་པའི་མི་ཞིག་ཡོང་ན། མི་དེ་བཟུང་ཞིང་གཏམ་དྲིས་ཏེ་ཕྱིར་བཏང་ངོ་།།
ད་ཆབ་སྲིད་གཅིག་ཅིང་མཇལ་འདུམ་ཆེན་པོ་འདི་ལྟར་མཛད་པའི་མཐུ་ལས། དབོན་ཞང་དགྱེས་པའི་ཕན་ཚུན་གྱི་གཏམ་སྙན་དང་སྐྱེས་བསྐྱལ་བའི་ཕོ་ཉ་གཏོང་བ་ཡང་ལམ་རྙིང་པ་ནས་བྱུང་སྟེ་སྔར་ལུགས་བཞིན་བོད་རྒྱ་གཉིས་ཀྱི་བར། ཙང་ཀུན་ཡོག་ཏུ་རྟ་བརྗེས་ལ། སྩེ་ཞུང་ཆེག་ཏུ་རྒྱ་དང་འཕྲད་པ་མན་ཆད་ནི་རྒྱས་སྣེ་ལེན་བྱ། ཙང་ཤུ་ཧྱན་དུ་བོད་དང་འཕྲད་པ་ཡན་ཆད་ནི་བོད་ཀྱིས་སྣེ་ལེན་བྱས་ཏེ། དབོན་ཞང་ཐུགས་ཉེ་ཞིང་གཉེན་པའི་ཚུལ་བཞིན་དུ། སྲི་ཞུ་དང་བཀུར་སྟིའི་ལུགས་ཇི་ཡོད་མཛད་ཅིང་། ཡུལ་གཉིས་ཀྱི་བར་ན་མི་བདེ་བ་རྡུལ་ཙམ་ཡང་མེད་པར། གློ་བུར་དུ་རྒོལ་བ་དང་དགྲའི་མིང་ནི་མི་གྲགས་པར་རང་རང་གི་ས་མཚམས་སྲུང་བའི་མི་ཐམས་ཅད་ཀྱང་དོགས་ཤིང་འཇིགས་པ་མེད་པར་རང་ས་རང་མལ་ན་བག་ཕབ་སྟེ་བདེ་བར་གནས་ཤིང་། སྐྱིད་པའི་བཀའ་དྲིན་ནི་མི་རབས་ཁྲི་ཕྲག་གི་བར་དུ་ཐོབ་པ་དང་། སྙན་པའི་གྲགས་པ་ནི་ཉི་ཟླས་གར་སླེབས་ཀྱི་བར་དུ་ཁྱབ་སྟེ། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའི་སྲིད་ཀྱི་ཆོད་དོན་ཆེན་པོ་མཛད་ནས་གཙིགས་བཅས་པ་འདི། ནམ་ཡང་མི་འགྱུར་ཞིང་མི་བཤིག་པའི་ཐབས་སུ། དཀོན་མཆོག་གསུམ་དང་འཕགས་པའི་ལྷ་རྣམས་དང་། ཉི་ཟླ་དང་གཟའ་སྐར་ལ་སོགས་པ་ཡང་དཔང་དུ་བཙུགས་ཏེ། ཐ་ཚིག་རྣམས་ཀྱང་བསྒྲགས། སྲོག་ཆགས་བསད་དེ་མནའ་ཡང་བོར་ནས་གཙིགས་བཅས་སོ། གཙིགས་འདི་བཞིན་དུ་མ་བྱས་པར་བཤིག་ན། བོད་རྒྱ་གཉིས་སུས་སྔ་འགལ་བྱས་པར་སྡིག་ཅིང་། ལན་དུ་འཁོན་ལན་ཅི་བྱས་ཀྱང་གཙིགས་བཤིག་པ་ལ་མི་གཏོགས་སོ།།
འདི་ལྟར་བོད་རྒྱ་གཉིས་ཀྱི་རྗེ་བློན་གྱིས་ཞལ་གྱིས་བཤགས་མནའ་བོར་ཏེ། གཙིགས་ཀྱི་ཡི་གེ་ཞིབ་མོར་བྲིས་ནས་རྒྱལ་པོ་ཆེན་པོ་གཉིས་ཀྱིས་ཕྱག་རྒྱས་བཏབ། བློན་པོ་གཙིགས་འཛིན་པ་གཏོགས་པ་རྣམས་ཀྱིས་ལག་ཡིག་དུ་བྲིས་ཏེ། གཙིགས་ཀྱི་ཡི་གེ་སོ་སོའི་ཡིག་ཚང་དུ་བཞག་གོ།
གོང་ལྟར་བཙན་པོའི་རིང་གི་བོད་ཀྱི་རྒྱལ་པོ་ཆེན་པོ་ཁྲི་གཙུག་ལྡེ་བཙན་གྱི་རིང་ལ། བོད་རྒྱ་གཉིས་ཀྱིས་གཙིགས་བཅས་པའི་ཞི་བདེ་ཆིངས་ཡིག་དེ་མི་རབས་ནས་མི་རབས་བར་དུ་མི་བཤིག་པར་བརྟན་སྲུང་བྱ་ཆེད། མནའ་ཚིག་རྣམས་རྡོ་ལ་བརྐོས་ཤིང་། “གཙིགས་འདི་བཞིན་དུ་མ་བྱས་པར་བཤིག་ན། བོད་རྒྱ་གཉིས་སུས་སྔ་འགལ་བྱས་པར་སྡིག་ཅིང་། ལན་དུ་འཁོན་ལན་ཅི་བྱས་ཀྱང་གཙིགས་བཤིག་པ་ལ་མི་གཏོགས་སོ”ཞེས་དམ་བཅས་ཡོད། འོན་ཀྱང་། ད་ལྟ་བོད་ན་བཞེངས་ཡོད་པའི་རྡོ་རིང་དེ་མ་གཏོགས། རྒྱ་ནག་དང་བོད་རྒྱའི་ས་མཚམས་གུ་གུ་རྨེ་རུར་བཞེངས་ཡོད་པའི་རྡོ་རིང་གཉིས་གར་སོང་ཆ་མེད་དུ་གྱུར་ཡོད།
༼ ༤ ༽ ཆབ་སྲིད་སིལ་བུར་ཐོར་བའི་དུས་རབས།༨༤༢~༡༢༥༤
ཞི་བདེ་ཆིངས་ཡིག་བཞག་ནས་ལོ་༢༠་ཙམ་འགོར་རྗེས། བོད་བཙན་པོ་རྒྱལ་ཁབ་ཡང་རྒྱ་ནག་གི་ཐང་རྒྱལ་རབས་དང་འདྲ་བར་སིལ་བུར་ཐོར་ཡོད།།
༨༣༦་ལོར་ནག་ཕྱོགས་པ་དབུས་ཏོ་རེ་ཅོག་རོ་ལེགས་སྒྲས་གསང་སྟབས་ཀྱིས་བཙན་པོ་ཁྲི་རལ་པ་ཅན་བཀྲོངས། སྐབས་དེར་ཁྲི་རལ་པ་ཅན་དགུང་ལོ་༣༦་ཡིན། དེ་ནས་བཟུང“དགེ་བཅུའི་ཁྲིམས་ནི་སོག་ཧྲུལ་གྱི་ཕོན་ཐག་བཞིན་དུ་གཞིགས། ཆབ་སྲིད་ཀྱི་ཕན་བདེ་ནི་ནམ་མཁའི་འཇའ་བཞིན་དུ་ཡལ། ནག་ཕྱོགས་པའི་ལོག་སྤྱོད་ནི་རླུང་ཚུབ་དྲག་པོ་བཞིན་དུ་ལངས”ཤིང་། “ནག་ཕྱོགས་ལ་དགའ་བའི་བློན་པོ་རྣམས་བགྲོས་ཏེ་སྲས་དར་མ་རྒྱལ་ཁྲིར་གསོལ། སྲས་དར་མ་ནི་ཐུགས་གཤིས་རྩུབ་ཅིང་། བཟང་སྤྱོད་ལ་རྒྱབ་ཀྱིས་ཕྱོགས་པས་འབངས་རྣམས་ཀྱིས་རྒྱལ་པོ་ལ་གླང་དར་མ་ཞེས་དུད་འགྲོའི་མིང་དུ་བོས། ༨༣༨་ལོ་ནས་བཟུང་རྒྱལ་པོ་གླང་དར་མས་ལྷ་ས་དང་བསམ་ཡས། ཁྲ་འབྲུག འུ་ཤང་སོགས་ཀྱི་སྐུ་རྟེན་ལ་ལ་ཆུར་སྐྱུར། ལ་ལ་བྱེ་འདམ་དུ་སྦས། ལ་ལ་མེར་བསྲེགས། བཙུན་པ་རབ་རྣམས་བསད། གཙུག་ལག་ཁང་དུ་བཤོས་ར་བཟོས་པ”སོགས་སངས་རྒྱས་བསྟན་པ་གཏོར་བཤིག་གཏོང་འགོ་བརྩམས་པར་བརྟེན། ༨༤༢་ལོར་སྒོམ་དུ་བཞུགས་ཡོད་པའི་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་བཀྲོངས། དེའི་རྗེས་ཁོང་གི་སྲས་གཉིས་མ་མཐུན་པར་ས་ཆ་བཅད་བཟུང་དབང་བསྒྱུར་བྱས་པས། འབངས་གྱེན་ལོག་གིས་རྒྱལ་སྲིད་ཐོར་ཏེ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་ལུང་པ་སོ་སོའི་དཔོན་པོས་རང་ས་རང་བདག་བརྒྱབ་ནས་རྒྱལ་ཕྲན་མང་པོར་ཆགས།།
འོན་ཀྱང་། ཕྱོགས་གཞན་ཞིག་ནས་རིག་གནས་ཁྱབ་ཁོངས་སུ་གྲུབ་མཐའ་དང་ལྟ་བ་མི་འདྲ་བ་མང་པོ་བྱུང་ནས་ནང་ཆོས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཞིག་ཐེབས་པ་དང་། དེས་སོག་པོ་གཙོ་བྱས་བའི་མན་ཇུ་མི་རིགས་དང་རྒྱ་མི་རིགས་ལའང་ལམ་སྟོན་དང་སྣེ་ཁྲིད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད།།
༡༽ ས་སྐྱའི་སྲིད་དབང་།༡༢༥༤~༡༣༥༨
ས་སྐྱ་བ་ནི་སིལ་བུར་གྱུར་པའི་བོད་ཀྱི་སྲིད་དོན་གོང་བུ་གཅིག་ཏུ་སྒྲིལ་མཁན་གྱི་སྲིད་དབང་ཐོག་མ་དེ་ཡིན།།
༡༢༠༧་ལོར་བོད་ཀྱི་མི་ཉག་རྒྱལ་ཕྲན་དེ་སོག་པོ་བཙན་རྒྱལ་གྱི་དབང་འོག་ཏུ་ཤོར། ༡༢༢༧་ལོར་སོག་པོའི་ཆིང་ཀེ་སི་ཁང་རྒྱལ་པོ་སྐུ་གཤེགས་པའི་གོ་སྐབས་དེ་བཟུང་སྟེ། སོག་པོའི་དབང་འོག་ཏུ་ཡོད་པའི་བོད་ཀྱི་རྒྱལ་ཕྲན་ཁག་གིས་དཔྱ་ཁྲལ་འབུལ་འཚམས་བཞག ༡༢༤༠་ལོར་སོག་པས་ཡང་བསྐྱར་བོད་ལ་བཙན་འཛུལ་བྱེད་འགོ་བརྩམས་ཤིང་། ས་སྐྱ་བས་སོག་པོར་མགོ་བཏགས། ༡༢༥༣་ལོར་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་སེ་ཆེན་རྒྱལ་པོ་དང་ཁོང་གི་བློན་ཆེན་རྣམས་ལ་དབང་བསྐུར། ཐེངས་དང་པོའི་དབང་ཡོན་ལ་ཁྲི་སྐོར་བཅུ་གསུམ་གྱི་བདག་དབང་དང་། ཐེངས་གཉིས་པའི་དབང་ཡོན་ལ་བོད་ཆོལ་ཁ་གསུམ་གྱི་བདག་དབང་ཕྱིར་སྤྲད།།
དེ་ལྟར་༡༢༥༣་ལོར་ས་སྐྱ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་སོག་པོའི་རྒྱལ་པོ་དང་ཆོས་འབྲེལ་བརྒྱུད། བོད་ཀྱི་རང་བཙན་སླར་གསོ་བྱས། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་བཙུན་པའི་སྲིད་སྐྱོང་བྱུང་བ་ཐོག་མ་ཡིན་པ་མ་ཟད། ཆོས་བརྒྱུད་གྲུབ་མཐའི་སྲིད་དབང་བྱུང་བ་ཐོག་མ་ཡང་ཡིན། ད་ལྟའི་རྒྱ་ནག་གི་ལྟ་བ་ཕྱོགས་རིས་ཅན་སྐོར་ཞིག་གིས་བོད་སོག་འབྲེལ་བར“ཡོན་རྒྱལ་རབས་དབུས་གཞུང་དང་བོད་ས་གནས་སྲིད་གཞུང”ཞེས་འགྲེལ་ལོག་བརྒྱབ་ཡོད། འོན་ཀྱང་། ལོ་རྒྱུས་ཐོག་བོད་ནི་སོག་པོ་ཡོན་རྒྱལ་རབས་ཀྱི་དབང་འོག་ཏུ་ཚུད་མྱོང་མེད། རྒྱུ་མཚན་ནི། ཡོན་རྒྱལ་རབས་ནི་༡༢༧༡་ལོར་བཙུགས་པ་དང་། ༡༢༥༣་ལོར་ས་སྐྱ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་སོག་པོའི་ལག་ནས་བོད་ཀྱི་བདག་དབང་ཕྱིར་བླངས་ཡོད་པས་ཡིན། སོག་པོས་བོད་ལ་དབང་བསྒྱུར་བྱས་པ་དེ་ཡང་དབུས་དང་ས་གནས་ཀྱི་འབྲེལ་བ་མ་ཡིན་པར། ཕྱིའི་རྒྱལ་ཁབ་ཀྱི“བཙན་འཛུལ”བྱ་སྤྱོད་ལ་ཆགས་ཡོད། རྒྱ་ནག་ལ་མཚོན་ནའང་ཡོན་རྒྱལ་རབས་ནི“བཙན་འཛུལ་བ”ཡིན།།
༢༽ ཕག་མོ་གྲུབ་པ་དང་རིན་སྤུངས་བའི་སྲིད་དབང་།༡༣༥༨~༡༥༦༥
ས་སྐྱའི་སྲིད་དབང་བྱུང་ནས་ལོ་༡༠༤་ཙམ་འགོར་རྗེས། སྲིད་དབང་དེ་ཕག་མོ་གྲུབ་པ་བཀའ་བརྒྱུད་པའི་ལག་ཏུ་ཤོར།།
༡༣༢༡་ལོར་ས་སྐྱའི་སྲིད་དབང་གིས་ཕག་མོ་གྲུབ་པ་བཀའ་བརྒྱུད་པ་འཛུགས་མཁན་བྱང་ཆུབ་རྒྱལ་མཚན་དབུས་གཙང་ཆོལ་ཁར་ཁྲི་དཔོན་ལ་བསྐོས། ༡༣༥༨་ལོར་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་ནང་ཁུལ་གྱི་འགལ་ཟླ་ཆེ་རུ་ཕྱིན་ཡོད་པའི་གོ་སྐབས་དེ་བཟུང་སྟེ་སྲིད་དབང་ཕྲོགས། འོན་ཀྱང་། ཁོང་གིས“རྒྱལ་ཁྲི་འཛིན་མཁན་གྲྭ་བ་གཅིག་པུ་ཡིན”ཞེས་གཏན་ལ་ཕབ་པར་བརྟེན། སྐུ་དྲག་དང་དཔོན་རིགས་ཚོའི་ངོ་ལོག་ཐེབས་ནས་༡༤༣༤་ལོར་ཕག་མོ་གྲུབ་པའི་སྲིད་དབང་དེ་རིན་སྤུངས་བའི་ལག་ཏུ་ཤོར་པ་དང་། རིན་སྤུངས་བའི་སྲིད་དབང་ཡང་༡༥༦༤་ལོར་བློན་ཆེན་ཚེ་བསྟན་རྡོ་རྗེའི་ལག་ཏུ་ཤོར།།
སྐབས་དེར། རྒྱ་ནག་ནི་སོག་པོ་ཡོན་རྒྱལ་རབས་ཀྱི་དབང་འོག་ནས་རང་བཙན་བྱས་ཏེ་མིན་རྒྱལ་རབས་བཙུགས་རུང་ཡིན། མིན་རྒྱལ་རབས་ཀྱིས་སོག་པོ་ཡོན་རྒྱལ་རབས་ནང་ལྟར་བཙན་འཛུལ་བྱ་སྤྱོད་དང་ས་ཁོངས་རྒྱ་སྐྱེད་སྲིད་ཇུས་མ་སྤེལ་པར་སོག་པོ་སོགས་ཕྱི་དགྲ་འགོག་ཆེད་ལྕགས་རི་རིང་བོ་རྩིག་འགོ་བརྩམས། བོད་དང་འབྲེལ་བའི་སྐོར་ལ། མིན་རྒྱལ་རབས་ཀྱིས་ཕག་མོ་གྲུབ་པའི་སྲིད་དབང་གི་གདན་ས་གོང་མ་རྣམས་གདན་འདྲེན་ཞུ་ཡང་ཁས་ལེན་ཐོབ་མེད། དེའི་རྗེས་མིན་གྱི་རྒྱལ་རབས་གཉིས་པ་ཡུང་ལོ་རྒྱལ་པོས་ཕོ་ཉ་མངགས་ཏེ་ས་སྐྱ་གོང་མ་གྲགས་པ་རྒྱལ་མཚན་དང་བཀའ་བརྒྱུད་པའི་ཀརྨ་པ་དེ་བཞིན་གཤེགས་པ། རྗེ་ཙོང་ཁ་བ་སོགས་གདན་དྲངས། འོན་ཀྱང་། གོང་མ་གྲགས་པ་རྒྱལ་མཚན་གྱིས་ཞལ་བཞེས་གནང་མེད་པ་དང་། རྗེ་ཙོང་ཁ་བས་རང་གི་ཚབ་ལ་སློབ་མ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གཏོང་རྒྱུ་ཁས་བླངས། ༡༤༠༦་ལོར་ཀརྨ་པ་དེ་བཞིན་གཤེགས་པ་ཁམས་ཆོལ་ཁ་བརྒྱུད་མིན་གྱི་རྒྱལ་ས་ནན་ཅིན་ལ་ཕེབས་པ་དང་། མིན་གྱི་ཡུང་ལོ་རྒྱལ་པོས་རང་ཉིད་ཀྱིས་དཔོན་འབངས་གྲྭ་བཙུན་སྟོང་ཕྲག་ཁ་ཤས་ཁྲིད་དེ་ནན་ཅིན་ལྕགས་རིའི་ཕྱི་ལོགས་བར་དུ་ཕེབས་བསུ་ཞུ་བར་བཅར་ཡོད། ༡༤༠༨་ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཡང་ཀརྨ་པ་དེ་བཞིན་གཤེགས་པ་དང་གཅིག་མཚུངས་ཀྱི་ཕེབས་བསུ་གཟབ་རྒྱས་བྱས་ཡོད། འོན་ཀྱང་། དེ་དག་གཞུང་འབྲེལ་ལ་ཆགས་མེད།།
༣༽ གཙང་གྲུབ་པའི་སྲིད་དབང་།༡༥༦༥~༡༦༤༢
བློན་ཆེན་ཚེ་བརྟན་རྡོ་རྗེས་ཕྲོགས་པའི་སྲིད་དབང་ལ་ཡོངས་གྲངས་སུ་གཙང་གྲུབ་པའི་སྲིད་དབང་ཟེར། སྲིད་དབང་འདིས་ཀརྨ་པ་བཀའ་བརྒྱུད་པ་དང་མཉམ་འབྲེལ་གྱིས་བཀྲ་ཤིས་ལྷུན་པོ་དང་སེ་འབྲས་དགེ་གསུམ་སོགས་དགེ་ལུགས་པའི་དགོན་ཆེན་ཁག་ལ་དྲག་གནོན་བྱས་པར་བརྟེན། རྒྱལ་དབང་༥་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གི་གནད་ཡོད་མི་སྣས་དགེ་ལུགས་པའི་སྦྱིན་བདག་ལ་ཆགས་ཡོད་པའི་ནུབ་བརྒྱུད་སོག་པོའི་ཨོ་ཡེ་ལ་ཐོ་ཚོ་ཁག་བཞིའི་ནང་གསེས་ཧོ་ཤུག་ཐོ་ཚོ་ཁག་གི་རྒྱལ་པོ་གུ་ཧྲི་ཧན་གྱི་དམག་རོགས་ལ་བརྟེན་ནས། ༡༦༤༢་ལོར་གཙང་གྲུབ་པའི་སྲིད་དབང་རྩ་རྫོགས་བྱས་ཏེ་དགེ་ལུགས་པའི་སྲིད་དབང་བཙུགས། གཞུང་མིང་ལ“དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ”དང་། ཡོངས་གྲགས་སུ“དགའ་ལྡན་ཕོ་བྲང”ཞེས་ཟེར།།
༤༽ དགའ་ལྡན་ཕོ་བྲང་གི་སྲིད་དབང་།༡༦༥༢
གསར་དུ་བཙུགས་པའི་དགའ་ལྡན་ཕོ་བྲང་གིས་རྒྱལ་དབང་ལྔ་བ་མཆོག་གི་དབུ་ཁྲིད་འོག བཙན་པོ་སྐབས་དང་འདྲ་བར་དབང་ཆ་དབུས་སྡུད་ལམ་ལུགས་ཀྱི་སྲིད་དབང་བརྟན་པོ་ཞིག་བཙུགས། ད་ལྟའི་རྩེ་ཕོ་བྲང་པོ་ཏ་ལ་ཡང་སྐབས་དེར་བཞེངས་པ་དང་། དེས་དགའ་ལྡན་ཕོ་བྲང་གི་བསྟན་སྲིད་བརྟན་ཞིང་རྒྱས་ཡོད་པ་མཚོན་ཡོད། དེར་བརྟེན། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་རྒྱལ་དབང་ལྔ་བར་བཙན་པོ་དུས་རབས་ཀྱི་མེས་དབོན་རྣམ་གསུམ(སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེའུ་བཙན། ཁྲི་གཙུག་ལྡེ་བཙན)དང་འདྲ་བར“རླབས་ཆེན་གྱི་རྒྱལ་པོ”ཞེས་གདེང་འཇོག་བྱེད་བཞིན་ཡོད།།
སྐབས་དེར། རྒྱ་ནག་ན་མན་ཇུ་མི་རིགས་ཀྱིས་མིན་རྒྱལ་རབས་རྩ་རྫོགས་བྱས་ཏེ་ཆིན་རྒྱལ་རབས་བཙུགས་ཏེ། རྒྱ་མི་རིགས་ཡང་བསྐྱར་མི་རིགས་གཞན་གྱི་བཙན་འཛུལ་དབང་བསྒྱུར་འོག་ཚུད་ཡོད། ཆིན་རྒྱལ་རབས་ཀྱི་རྒྱལ་པོ་ཐོག་མ་ཧྲུང་ཀྲི་ཡིས་རྒྱལ་དབང་ལྔ་བ་གདན་ཞུ་བྱས་ཏེ། ༡༦༥༣་ལོའི་ཟླ་༣་པའི་ཚེས་༡༥་ཉིན་རྒྱལ་དབང་མཆོག་རྒྱ་ནག་ལ་ཕེབས་འགོ་བརྩམས། ཟླ་༩་པའི་ནང་ཆིན་རྒྱལ་པོས་མངགས་པའི་ཕོ་ཉ་དང་རྒྱ་སོག་དད་ལྡན་པ་སྟོང་ཕྲག་མང་པོའི་ཕེབས་བསུའི་འོག ད་ལྟའི་ཀན་ལྷོ་ཞིང་ཆེན་གྱི་ཉིན་ཞ་ལ་འབྱོར་ཞིང་། ཆིན་རྒྱལ་པོའི་ཕོ་ཉ་ལས“གོང་མ་ཆེན་པོ་པེ་ཅིན་ནས་ཉིན་གཅིག་གི་ས་ཁོ་ཐོར་ཞེས་པར་ཕེབས་བསུར་ཕེབས་རྒྱུ་ཡིན”ཞེས་པའི་སྙན་ཞུ་འབྱོར། ཟླ་༡༡་པའི་ཚེས་༡༥་ཉིན་ཡང་བསྐྱར་ཆིན་གྱི་དད་ལྡན་པ་སྟོང་ཕྲག་མང་པོའི་ཕེབས་བསུའི་འོག་ཆིན་ཧོན་ལ་འབྱོར་བ་དང་། ཆིན་རྒྱལ་པོའི་ཕོ་ཉ་ལས“གོང་མ་རང་སང་ཉིན་ཕེབས་བསུའི་ཆེད་དུ་ཁོ་ཐོར་ལ་ཕེབས་རྒྱུར་དེར་མཇལ་འཕྲད་གནང་རྒྱུ་ཡིན”ཞེས་བའི་སྙན་ཞུ་འབྱོར། ཚེས་༡༦་ཉིན་ཧྲུང་ཀྲི་རྒྱལ་པོ་འཁོར་དང་བཅས་པའི་ཕེབས་བསུའི་འོག་ཁོ་ཐོ་ལ་འབྱོར་ཞིང་། ཕན་ཚུན་ལ་འཚམས་འདྲི་དང་ལེགས་སྐྱེས་ཕུལ། ཚེས་༡༧་ཉིན་ཆིན་རྒྱལ་པོའི་མི་དྲག་དང་མིག་གིས་མི་བཟོད་པའི་དཔུང་ཚོགས། རྒྱའི་བཙུན་པ་དང་མི་དམངས་སེར་སྦྲེངས་དང་བཅས་པས་མདུན་བདར་བཞིན་པེ་ཅིན་ལ་ཕེབས། དེ་ནས་བཟུང་བོད་ཆིན་བར་ནས་ཡང་མཆོད་ཡོན་གྱི་འབྲེལ་བ་བྱུང་བ་དང་། རྒྱལ་དབང་མཆོག་གིས་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་པེ་ཅིན་ལ་ཆེད་མངགས་ཀྱིས་ཆིན་རྒྱལ་པོའི་དབུ་བླ་མཛད་དུ་བཅུག།
འོན་ཀྱང་། ༡༧༢༠་ལོའི་ཡས་མས་ནས་བཟུང་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཡང་སྲིད་ཁྲིར་འདོན་སྐོར་ལ། དགའ་ལྡན་ཕོ་བྲང་གི་ནང་མ་འཆམ་པར་རྙོག་དྲ་བྱུང་བས། བོད་གཞུང་གིས་ཆིན་རྒྱལ་རབས་ཀྱི་རོགས་རམ་ལ་བརྟེན་ནས་ལྷ་བཟང་ཧན་གྱིས་ཐུགས་ཐག་བཅད་པའི་ཡང་སྲིད་དེ་མར་ཕབ་སྟེ་བོད་རང་གིས་ངོས་འཛིན་བྱས་པའི་ཡང་སྲིད་ཁྲི་འདོན་མཛད། དེའི་རྗེས་སུ་བལ་བོ་དང་གོར་ཁ་སོགས་ཀྱི་བཙན་འཛུལ་ཐེབས་པའི་སྐབས་སུའང་ཆིན་རྒྱལ་རབས་ལ་རོགས་རམ་ཞུ་ཡོད། དེ་ལྟར་བོད་གཞུང་གི་རྒྱལ་སྲུང་སྟོབས་ཤུགས་ཞན་པ་དེར་རྐྱེན་བྱས་ཏེ། ཆིན་སྲིད་གཞུང་གིས《བོད་ཀྱི་ལུགས་སྲོལ་གསར་འཛུགས་སྐོར་གྱི་རྩ་ཚིག་དོན་ཚན་ཉེར་དགུ》ཞེས་པའི་སྲིད་ཇུས་ཤིག་བཏོན་ཏེ་བོད་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱས། འོན་ཀྱང་། བོད་གཞུང་གིས་སྲིད་ཇུས་དེ་དང་ལེན་བྱས་མེད་པ་དང་ལག་བསྟར་ཡང་བྱ་ཐུབ་མེད་པ་གསལ་བོར་ཆགས་ཡོད།།
ཆིན་དང་འདྲ་བར“མན་བསྣུབས་རྒྱ་དར”གྱི་འབོད་སྒྲའི་འོག་ཆིན་རྩ་རྫོགས་བྱས་ཏེ་གསར་དུ་བཙུགས་པའི་ཀྲུང་ཧྭ་མིན་གོས་ཀྱང་ཆིན་ལ་ལད་ཟློས་ཀྱིས་བོད་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱས་པ་དང་། ཀྲུང་ཧྭ་མིན་གོ་རྒྱངས་ཕུད་ལ་བཏང་སྟེ་གསར་དུ་བཙུགས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་བོད་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་འགོ་བརྩམས་ཡོད།།
༢ དེ་རིང་གི་བོད།
༼ ༡ ༽ རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ།
༡༩༤༩་ལོའི་ཟླ་༡༠་པའི་ཚེས་༡་ཉིན། རྒྱ་ནག་གུང་ཁྲན་ཏང་གི་དབུ་ཁྲིད་མོ་ཙེ་ཏུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་གསལ་བསྒྲགས་བྱས། ཆབས་ཅིག་པེ་ཅིན་རྒྱང་སྒྲགས་ཁང་བརྒྱུད་དེ“མི་དམངས་བཅིངས་འགྲོལ་དམག་གིས་ངེས་པར་དུ་ཀྲུང་གོའི་ས་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བྱེད་དགོས། བོད། ཡུ་གུར། ཧེ་ནན་གླིང་ཕྲན། ཐེ་ཝན་སོགས་ཀྱང་བཅིངས་འགྲོལ་བྱེད་དགོས”ཞེས་འབྲེལ་མེད་ཀྱི་གསལ་བསྒྲགས་འཕར་མ་ཞིག་སྤེལ། སྐབས་དེར་ཨ་རི་གཙོ་བྱས་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཚོགས་གསར་འཛུགས་བརྒྱུད། བཙན་འཛུལ་བྱ་སྤྱོད་དང་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་པའི་སྒང་ཡིན་པ་དང་། གནས་ཚུལ་དེ་འདྲའི་འོག་རྒྱ་ནག་གིས་ལྡོག་ཕྱོགས་ནས་བོད་སོགས་ཁྱིམ་མཚེས་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྒྱུན་ལྡན་གྱི་འཕེལ་རྒྱས་ལ་གཏོར་བརླག་བྱས་ཡོད།།
བོད་གཞུང་གིས་གསལ་བསྒྲགས་དེ་ཐོས་རྗེས་རྒྱལ་དམངས་གྲོས་ཚོགས་འཚོགས་ཏེ། ཨ་རི། དབྱིན་ཇི། རྒྱ་གར། བལ་བོ་སོགས་ལ་རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་འཚམས་འཇོག་ཡོང་བར་རོགས་རམ་ཐོབ་ཆེད་ཕོ་ཉ་གཏོང་རྒྱུ་ཐག་བཅད། འོན་ཀྱང་། རྒྱ་ནག་གིས“གལ་ཏེ་པེ་ཅིན་ལ་ཕོ་ཉ་བཏང་ན། གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱ་རྒྱུའི་གྲྭ་སྒྲིག་ཡོད”ཅེས་གསལ་བསྒྲགས་སྤེལ་བར་བརྟེན། ༡༩༥༠་ལོའི་ཟླ་༣་པའི་ནང་བོད་གཞུང་གིས་པེ་ཅིན་ལ་ཕོ་ཉ་གཏོང་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཏེ་མི་བདུན་རྩ་འཛུགས་བྱས་པ་དང་། ཐོག་མར་རྒྱ་གར་བཅའ་སྡོད་དབྱིན་ཇི་གཞུང་ཚབ་ཁང་གི་བསམ་ཚུལ་ལྟར་རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་དང་གྲོས་མོལ་བྱས། འོན་ཀྱང་། རྒྱ་ནག་གི་ཕྱོགས་ནས“བོད་རྒྱ་ཁོངས་ཡིན”པ་དང“བོད་ཀྱི་རྒྱལ་སྲུང་དབང་ཆ་རྒྱ་ནག་གིས་འགན་ཁུར་དགོས་པ”ཁས་ལེན་དགོས་པའི་རེ་བ་བཏོན་པར་བརྟེན། བོད་གཞུང་གིས“བོད་རང་བཙན་གཙང་མ་ཡིན”ཞེས་རེ་བ་དེ་ཁས་མ་བླངས་པར་གྲོས་མོལ་ལམ་ལྷོངས་བྱུང་མེད།།
དེའི་རྗེས་རྒྱ་གར་གཞུང་གིས་རྒྱ་ནག་དང་གྲོས་མོལ་བྱ་དགོས་པའི་བསམ་ཚུལ་ཡང་ཡང་བཏོན་པར་བརྟེན། བོད་གཞུང་གིས་རྒྱ་ནག་ལ་ཕོ་ཉ་གཏོང་རྒྱུའི་གྲྭ་སྒྲིག་བྱས། འོན་ཀྱང་། གྲྭ་སྒྲིག་བྱེད་བཞིན་པའི་སྐབས་དེར་རྒྱ་ནག་གི་སྲིད་བློན་ཀྲུའུ་འུན་ལེས“མི་དམངས་བཅིངས་འགྲོལ་དམག་ནུབ་སྐྱོད་བྱས་ཏེ་བོད་མི་དམངས་བཅིངས་འགྲོལ་དང་རྒྱ་ནག་གི་ས་འཚམས་བརྟན་སྲུང་གི་ཆོད་སེམས་བཞག་ཡོད། མེས་རྒྱལ་གྱི་བདེ་འཇགས་ཀྱི་ཆེད་དུ་དགོས་ངེས་ཀྱི་ཐབས་ཤེས་དེ་གྲོས་མོལ་བརྒྱུད་དེ་ཞི་འགྲིག་ཡོང་བར་ཡིད་ཆེས་ཡོད། ང་ཚོས་བོད་ས་གནས་སྲིད་གཞུང་གིས་ཞི་བའི་ངང་གནད་དོན་ཐག་ཆོད་ཡོང་པར་འདིའི་ཡན་གྱི་དུས་ཚོད་འགོར་འགྱངས་མི་བྱ་བའི་རེ་བ་ཡོད”ཅེས་འཛེམ་དོགས་མེད་པར་བོད་ལ་བཙན་འཛུལ་གྱི་གྲྭ་སྒྲིག་ཡོད་པ་གསལ་བསྒྲགས་བྱས། དེ་ནི་༡༩༥༠་ལོའི་ཟླ་༡༠་པའི་ཚེས་༡་ཉིན་སྟེ་རྒྱ་ནག་གསར་བ་བཙུགས་ནས་ལོ་གཅིག་དག་དག་འགོར་བའི་ཉིན་ཡིན།།
སྐབས་དེར་རྒྱ་ནག་གི་དམག་དཔོན་ཝང་ཆི་མེས་དམག་ཁྲི་༨་ལྷག་ཙམ་ཁྲིད་ནས་ཆབ་མདོ་ལ་འབྱོར་ཡོད་པ་དང་། གསལ་བསྒྲགས་དེ་སྤེལ་ནས་གཟའ་འཁོར་གཅིག་དག་དག་གི་རྗེས་སྟེ་ཚེས་༧་ཉིན་ཆབ་མདོ་ལ་བཙན་འཛུལ་བྱེད་འགོ་བརྩམས། ཚེས་༡༩་ཉིན་རྫོང་དཔོན་ང་ཕོད་ང་བ་ངག་དབང་འཇིགས་མེད་འཛིན་བཟུང་བྱས་ཏེ་ཆབ་མདོ་ཡང་རྒྱ་ལག་ཏུ་ཤོར།།
༡༩༥༠་ལོའི་ཟླ་༡༡་པའི་ཚེས་༣་ཉིན། བོད་གཞུང་གིས་རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་དེ་རྒྱལ་ཚོགས་ལ་ཞུ་གཏུགས་བྱས་པ་དང་། ཚེས་༡༤་ཉིན་ཨྭད་འོ་ས་བྷུ་ཊོར(El Salvador)རྒྱལ་ཁབ་ཀྱིས་ཞུ་གཏུགས་དེ་ལ《ཕྱི་རྒྱལ་གྱི་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱས་པ(Invasion of Tibet by foreign forces)》ཞེས་པའི་བརྗོད་གཞིའི་ཐོག རྒྱལ་ཚོགས་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་བོད་དོན་དེ་གྲོས་ཚོགས་ཀྱི་གྲོས་གཞིའི་ནང་ཁ་སྣོན་བྱ་དགོས་པའི་སྙན་ཞུ་བཏོན་ཡོད་མོད། དབྱིན་ཇིས“བོད་ཀྱི་ཁྲིམས་ཐོག་གི་གནས་བབས་གསལ་བོར་ཆགས་མེད”པ་དང་། “བོད་དོན་ནི་བོད་རྒྱ་བར་ནས་ཐག་གཅོད་བྱ་ཐུབ་པར་རེ་བ་བརྒྱབ་ཆོག་པའི་ས་སྟོང་ཅིག་ལྷག་ཡོད། ཞི་འགྲིག་ཡོང་བར་ཐབས་ཤེས་ཡག་ཅིག་ཡོང་རག་བར་དུ་སྒུག་ན་འགྲིག་པས། ཨྭད་འོ་ས་བྷུ་ཊོར་ཡིས་བཏོན་པའི་སྙན་ཞུ་དེ་ཕྱིར་འགྱངས་བྱེད་རོགས”ཞེས་རྒྱ་ནག་དང་བསྟུན་མཁས་བྱས་པར་བརྟེན། ཐོག་མར་རྒྱ་གར་དང་ཨོ་སི་ཁྲོ་ལི་ཡས་དབྱིན་ཇིའི་བསམ་ཚུལ་ལ་མོས་མཐུན་བྱས། དེ་ནས་ཨ་རིས་ཀྱང་རྒྱ་གར་གྱི་བར་འདུམ་ལ་རེ་བ་རྒྱག་ཞོར་དབྱིན་ཇིའི་བསམ་ཚུལ་ལ་མོས་མཐུན་བྱས།།
དེ་ལྟར་རྒྱལ་ཚོགས་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་སྐྱིད་སྡུག་བཤད་ས་དང་དྲང་བདེན་གྱི་སྲུང་མ་ཡིན་པར་ཡིད་ཆེས་ཀྱིས་རྒྱལ་ཚོགས་ལ་སྐྱབས་ཞུ་མཁན་བོད་པ་ཚང་གྲོགས་མེད་ཁེར་རྐྱང་གིས་རྒྱ་ནག་གི་ཁ་གཏད་དུ་མི་ལངས་ཐབས་མེད་དུ་གྱུར།།
༼ ༢ ༽ གྲོས་ཆོད་དོན་ཚན་བཅུ་བདུན།
དེ་འདྲའི་གནས་ཚུལ་འོག ༡༩༥༡་ལོའི་ཟླ་༥་པའི་ཚེས་༢༣་ཉིན། རྒྱ་ནག་ལ་ཕྱིན་པའི་བོད་གཞུང་གི་ཕོ་ཉས《དབུས་མི་དམངས་སྲིད་གཞུང་དང་ས་གནས་བོད་གཞུང་གི་བོད་ཞི་བའི་བཅིངས་འགྲོལ་དང་འབྲེལ་བའི་གྲོས་ཆོད》ཅེས་བའི་ཆོད་ཡིག་ཅིག་ལ་མཚན་རྟགས་མི་འགོད་ཐབས་མེད་དུ་གྱུར།།
༡༩༥༡་ལོའི་ཟླ་༤་པའི་ཚེས་༢༢་ཉིན་བོད་གཞུང་གི་ཕོ་ཉ་ལྔ་པེ་ཅིན་ལ་འབྱོར། ཚེས་༢༩་ཉིན་རྒྱ་ནག་གཞུང་གིས་བོད་གཞུང་གི་ཕོ་ཉ་ཚོར་ཆོད་ཡིག་ཅིག་ལ་མོས་མཐུན་མཚན་རྟགས་འགོད་དགོས་པའི་རེ་བ་བཏོན། འོན་ཀྱང་། བོད་གཞུང་གི་ཕོ་ཉས“བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན། བཅིངས་འགྲོལ་བྱ་དགོས་པར་རེ་བ་འདོན་གི་མེད”ཅེས་ངོས་ལེན་མ་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཡང་བསྐྱར་བཟོ་བཅོས་བྱས་པའི་ཆོད་ཡིག་ཅིག་ལ་མོས་མཐུན་མཚན་རྟགས་འགོད་དགོས་པའི་རེ་བ་བཏོན། འོན་ཀྱང་། དེ་ཡང་བོད་གཞུང་གི་ཕོ་ཉས་ངོས་ལེན་མ་བྱས་པར་བརྟེན། རྒྱ་ནག་གཞུང་གིས་བོད་གཞུང་གི་ཕོ་ཉའི་བསམ་ཚུལ་ལ་བརྩི་མེད་བཏང་སྟེ། “འདི་ནི་ཆེས་མཐའ་འཇུག་གི་བཀའ་རྒྱ་ཡིན། མཚན་རྟགས་འགོད་རྒྱུ་ཡིན་ནམ། ལྷ་སར་བཙན་འཛུལ་དང་ལེན་བྱ་རྒྱུ་ཡིན”ཞེས་འཇིགས་སྐུལ་དང་བཙན་གྱིས་མཚན་རྟགས་འགོད་དུ་བཅུག།
གོང་ལྟར་ཟླ་༥་པའི་ཚེས་༢༣་ཉིན། བོད་གཞུང་གི་ཕོ་ཉས་གྲོས་ཆོད་དེ་ལ་མཚན་རྟགས་མི་འགོད་ཐབས་མེད་དུ་གྱུར། འོན་ཀྱང་། མཚན་རྟགས་བཀོད་མ་ཐག་རྒྱ་ནག་གིས་མཛད་སྒོ་ཆེན་པོ་ཞིག་སྤེལ་ཏེ“བོད་ཞི་བའི་བཅིངས་འགྲོལ་གྱི་ཆེད”དུ“གྲོས་ཆོད་བཞག”ཅེས་འཛམ་གླིང་ལ་བསྒྲགས་ཤིང་། དེ་ཁྲིམས་མཐུན་ཡིན་པར་བརྫུས་ཆེད་བོད་གཞུང་གི་ཐམ་ཀ་རྫུན་མ་ཞིག་བཟོས་ཏེ་ཐམ་ཀ་བརྒྱབ། དེ་ནི་ཡོངས་གྲགས་ཀྱི《གྲོས་ཆོད་དོན་ཚན་བཅུ་བདུན》ཞེས་བ་དེ་ཡིན། དེའི་དོན་ཚན་༡་པོའི་ནང་དུ“བོད་མི་དམངས་ནི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་པ”ཞེས་དང་། དོན་ཚན་༢་པའི་ནང་དུ་རྒྱ་དམག་བོད་ལ་སོང་ཆོག་ཚུལ་དང་བོད་ཀྱི་ཕྱི་འབྲེལ་དབང་ཆ་དེ་རྒྱ་ནག་ལ་སྤྲོད་དགོས་ཚུལ་སོགས་དང་། དོན་ཚན་༤་བ་དང་༥་བ་སོགས་ཀྱི་ནང་དུ་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་སོགས་བཀོད་ཡོད། ལྷག་པར་དུ་དོན་ཚན་༡༣་པའི་ནང་དུ“རྒྱ་དམག་གིས་བོད་མིའི་ལག་ནས་ཁབ་སྐུད་ཙམ་ཡང་མི་ལེན”ཞེས་ཀྱང་བཀོད་ཡོད།།
༼ ༣ ༽བོད་སྒེར་ལངས་ཆེན་མོ་དང་རྒྱལ་དབང་མཆོག་གི་བཙན་བྱོལ།
འོན་ཀྱང་། རྒྱ་ནག་གཞུང་གིས་ཆོད་ཡིག་དེ་བརྩི་མེད་བཏང་སྟེ“དམངས་གཙོ་བཅོས་བསྒྱུར”དང“བཅིངས་འགྲོལ”ཞེས་པའི་ཡག་མིང་འོག བོད་མིའི་རྒྱུ་ནོར་ཁབ་སྐུད་ཙམ་ཡང་མ་ལུས་པར་ཕྲོགས་ཤིང་། མི་གསོད་ཁྲག་སྦྱོར་དང་རིག་གནས་གཏོར་བརླག་གི་སྤྱོད་ངན་ཚད་ལས་བརྒལ་བ་བྱས།།
༡༩༥༩་ལོའི་ཟླ་༣་པའི་ཚེས་༥་ཉིན། རྒྱལ་དབང་མཆོག་གི་ཕྱག་ཏུ་ལྷ་སའི་རྒྱ་ནག་དམག་སྒར་ནང་གི་སྲོལ་རྒྱུན་འཁྲབ་སྟོན་ལ་གཟིགས་མོར་ཕེབས་དགོས་པའི་གདན་ཞུ་ཡི་གེ་ཐེངས་གསུམ་པ་དེ་འབྱོར། དེ་ལ་རྒྱལ་དབང་མཆོག་གིས“ཚེས་༡༠་ཉིན་ཡིན་ན་སྟབས་འགྲིག”ཞེས་ལན་སྐྱོན། ཡིན་ནའང་། རྒྱ་ནག་གི་ཕྱོགས་ནས“བོད་མིའི་སྐུ་སྲུང་དམག་ཁྲིད་ནས་ཡོང་མི་ཆོག”ཅེས་རྒྱུན་ལྡན་མིན་པའི་ཆ་རྐྱེན་ཞིག་བཏོན་པར་བརྟེན། བོད་གཞུང་དམངས་ཀྱིས་དེ་ནི“རྒྱལ་དབང་མཆོག་བཙན་ཁྲིད་བྱ་རྒྱུའི་འཆར་གཞི་རེད”ཅེས་ཉེན་ཁ་ཞིག་ལ་མཐོང་སྟེ། ཚེས་༩་ཉིན་གྱི་དགོང་མོ་ནས་བཟུང་ནོར་བུ་གླིང་ཀའི་མཐའ་སྐོར་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་འགོ་བརྩམས་པ་དང་། ཚེས་༡༠་ཉིན་ནས་བཟུང་རྒྱ་དམག་གིས་མང་ཚོགས་ཁྲོད་ལ་མེ་སྒྱོགས་འཕངས་ཏེ་བོད་མི་ཁྲི་ཁ་ཤས་བསད། འདི་ནི་ཡོངས་གྲགས་ཀྱི“སུམ་ཅུ་དུས་དྲན”གྱི་འབྱུང་རྐྱེན་ལ་ཆགས་ཡོད།།
དེ་ལྟ་བུའི་ཛ་དྲག་གི་གནས་ཚུལ་འོག རྒྱལ་དབང་མཆོག་ནོར་བུ་གླིང་ཀ་དང་ཁ་བྲལ་ཏེ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་པར་ཆགས་ཤིང་། རྒྱ་གར་གྱི་ས་མཚམས་ནང་གོམ་པ་མ་སྤོས་གོང་ལ་ཆོད་ཡིག་དེ“ནུས་མེད་ཡིན”པ་གསལ་བསྒྲགས་བྱས། རྒྱ་གར་ལ་འབྱོར་མ་ཐག་རང་དབང་དམངས་གཙོའི་རྩ་དོན་གཞིར་བཟུང་སྟེ་བཙན་བྱོལ་བོད་གཞུང་བཙུགས་པ་དང་། ༡༩༧༩་ལོའི་ནང་ནས་བཟུང་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ་མིང་དོན་མཚུངས་བའི་རང་སྐྱོང་ངོ་མ་ཡོང་ཐབས་སུ་རྒྱ་ནག་ལ་གྲོས་མོལ་གྱི་འབོད་སྐུལ་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་དེ་ཡང“རྣམ་པ་འགྱུར་བའི་རང་བཙན་རེད”ཅེས་གཡོལ་ཐབས་བྱེད་བཞིན་ཡོད།།
༣ བོད་ཀྱི་མ་འོངས་པ།
འོ་ན། བོད་ལ་མདུན་ལམ་མེད་པ་ཞིག་ཡིན་ནམ་ཞེ་ན། དེ་འདྲ་ཞིག་རྩ་བ་ནས་མིན།།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་དུ་དུས་ཡུན་རིང་བོར་གནས་པའི་སྲིད་དབང་སྒེར་གཅོད་པ་གཅིག་ཀྱང་ལྷག་མེད། གུང་ཁྲན་རིང་ལུགས་རྒྱལ་ཁབ་ཀྱི་ཨ་ཕ་སྟེ་སུའུ་ལེན་ཡང་རང་དབང་དང་དམངས་གཙོའི་སྟོབས་ཤུགས་ཀྱིས་ཐོར་ཞིག་ཏུ་སོང་ཡོད། ན་ཙེ་སི(Nazis)འཇར་མན་སྲིད་དབང་སྒེར་གཅོད་པའི་མཚོན་རྟགས་སུ་གྱུར་ཡོད་པའི་བྷར་ལིན(Berlin)ལྕགས་རི་ཡང་རང་དབང་དང་དམངས་གཙོའི་སྟོབས་ཤུགས་ཀྱིས་ཐོར་ཞིག་ཏུ་སོང་ཡོད། ལྷོ་ཨ་ཧྥའུ་རི་ཀ་དང་ནེ་གྷེ་རེའ(Nigeria)སོགས་ཨ་ཧྥའུ་རི་ཀ་དང་དཀྱིལ་ཤར་ས་ཁུལ་གྱི་སྲིད་དབང་སྒེར་གཅོད་པ་ཡང་རང་དབང་དང་དམངས་གཙོའི་སྟོབས་ཤུགས་ཀྱིས་ཐོར་ཞིག་ཏུ་འགྲོ་བཞིན་ཡོད། ད་ལྟའི་རྒྱ་ནག་གི་གུང་ཁྲན་ཚོགས་པའི་སྲིད་དབང་སྒེར་གཅོད་པ་འདི་ཡང་རང་དབང་དང་དམངས་གཙའི་སྟོབས་ཤུགས་ཀྱིས་ཐོར་ཞིག་ཏུ་འགྲོ་བའི་ལས་དབང་ལས་ཟློག་ཐབས་མེད་དེ་། དེ་ཡང་རི་མོ་དང་པོས་བསྟན་ཡོད་ལྟར་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཀྱི་ཆགས་སྟངས་དེ་འབངས་ཀྱི་ཐོབ་ཐང་ཆེས་དམའ་རིམ་ལ་འགྲིབ་ཞིང་། དཔོན་གྱི་རུལ་སུངས་དབང་ཆ་ཆེས་མཐོ་རིམ་ལ་འཕེལ་ཏེ་ཁ་ཕྱོགས་ཀྱི་འགྱུར་ཐིག་ནང་སླེབས་ཡོད་པ་དང་མི་འགྱངས་བར་ཐོར་ཞིག་ཏུ་འགྲོ་སྲིད། ད་དུང་། རྒྱལ་སྤྱིའི་སྤྱི་ཚོགས་སུའང་རྒྱ་ནག་ནི་ཉེན་ཁ་ཞིག་ལ་རྩིས་བཞིན་ཡོད། གང་ལྟར་ཀྱང་རྒྱ་ནག་ལ་འཕྲད་ཡོད་པའི་ནང་ནད་ཕྱི་དགྲ་ཡི་གནས་སྟངས་དེ་ནི་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བརྩོན་ལེན་ལ་མཚོན་ན་གོ་སྐབས་ཤིག་ཡིན།།
རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ནའང་ང་ཚོ་ལ་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད། དཔེར་ན། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས(Charter of the United Nations)》(༡༩༤༥)དང《འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཁྱབ་བསྒྲགས(Universal Declaration of Human Rights)》(༡༩༤༨)། 《མི་སེར་སྤེལ་ཡུལ་ལ་རང་བཙན་སྤྲོད་པའི་ཁྱབ་བསྒྲགས(Declaration on the Granting of Independence to Colonial Countries and Peoples)》(༡༩༦༠)། 《རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་ཁྲིམས(International Covenants on Human Rights)》(༡༩༦༦)སོགས་རྒྱལ་སྤྱིའི་ཁྲིམས་ཀྱི་ནང་དུའང་མི་རིགས་སོ་སོར“མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང”ཡོད་པ་གསལ་བོར་བཀོད་ཡོད། ལྷག་པར་དུ་༢༠༠༠་ལོའི་ཟླ་༩་པའི་ཚེས་༦~༨ཉིན་འཚོགས་པའི་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག འཛམ་གླིང་གི་དབུ་ཁྲིད་༡༤༨་དང་རྒྱལ་ཁབ་༡༨༩་ཡིས་ཐུན་མོང་གིས་གྲོས་ཆོད་བཞག་པའི《རྒྱལ་ཚོགས་ཀྱི་སྟོང་ལོ་འཆར་གཞི་ཁྱབ་བསྒྲགས(United Nations Millennium Declaration)》ཀྱི་ལེའུ་དང་པོའི་དམིགས་ཡུལ་བཞི་བའི་ནང་དུའང“་་་ད་ལྟའང་མུ་མཐུད་དུ་མི་སེར་སྤེལ་བའི་དབང་བསྒྱུར་དང་ཕྱི་རྒྱལ་གྱི་བཙན་བཟུང་འོག་ཡོད་པའི་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་་་”སོགས“བརྩོན་ལེན་བྱེད་བཞིན་པའི་བྱ་འགུལ་ལ་རྒྱབ་སྐྱོར་ཡོད”ཅེས་བཀོད་ཡོད།།
གང་ལྟར་ཀྱང་ང་ཚོ་བོད་མི་རིགས་ལ་ཡང་རྒྱ་ནག་གི་དབང་བསྒྱུར་འོག་ནས་རང་བཙན་གཙང་མ་བྱས་ཆོག་པའི་ཁྲིམས་མཐུན་ལུགས་མཐུན་གྱི་ཐོབ་ཐང་དང་ཁུངས་བཅོལ་ས་ཁ་ཚང་འཛོམས་ཡོད།།
གསུམ་པ། བོད་དོན་བཟོ་མཁན་གྱི་ལག་དམར་སུ་ཡིན།
ཡིན་ནའང་། ང་ཚོས་ཁྲིམས་མཐུན་ལུགས་མཐུན་གྱི་ཐོབ་ཐང་དེ་བརྩོན་ལེན་བྱེད་པར། ཐོག་མར་བོད་དོན་འབྱུང་རྐྱེན་ལ་རྒྱུས་ལོན་དང་ངོས་འཛིན་ཡང་དག་ཅིག་བྱ་རྒྱུ་གལ་ཆེ།།
༡ རང་བཟོས་རྒྱུ་རྐྱེན།
༼ ༡ ༽ སྨོན་ལམ་རྒྱག་པ་མ་གཏོགས་ལག་ལེན་མེད་པའི་བོད་མིའི་གཤིས་ཀ
བོད་བཙན་པོ་སིལ་བུར་ཐོར་རྗེས། སོག་པོ། བལ་བོ། གོར་ཁ། དབྱིན་ཇི། ཆིན། ཀྲུང་ཧྭ་མིན་གོ་སོགས་ཀྱིས་བོད་ཀྱི་ནང་སྲིད་ལ་ཐེ་གཏོགས་དང་བོད་ཀྱི་མཐའ་མཚམས་ཁག་ལ་བཙན་འཛུལ་རབ་དང་རིམ་པ་བྱས་ཡོད། འོན་ཀྱང་། “བོད་རེ་བས་ཕུངས། རྒྱ་དོགས་པས་ཕུངས”ཞེས་གསར་བརྗེ་བ་དང་བསམ་བློ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་གསུངས་ཡོད་པ་ལྟར། རྩ་བའི་ཆ་ནས་བོད་ཀྱི་དཔོན་འབངས་གཉིས་ཀྱིས་བོད་དང་རྒྱལ་དབང་རིམ་བྱོན་སོགས་ཀྱི་བདེ་འཇགས་ལ་བསང་ཁ་བསང་མཆོད་དང་སྨོན་ལམ་རྒྱག་པ་ཙམ་མ་གཏོགས། ཁ་ཡོད་ལག་ཡོད་ཀྱིས་མེས་རྒྱལ་བརྟན་སྲུང་དང་། བོད་མིའི་ཚེ་སྲོག་དང་རྒྱུ་ནོར་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་བྱ་བ་གནད་ལ་ཁེལ་བ་ཞིག་ཅི་ཡང་བྱས་མེད།།
༼ ༢ ༽ སྲིད་དོན་གོ་རྟོགས་དམའ་བ།
གནད་དོན་དེའི་རྒྱབ་ལོག་ན་བོད་མི་སྤྱིའི་སྲིད་དོན་གོ་རྟོགས་དམའ་བ་དེ་གནས་ཡོད།།
༡༩༡༣་ལོའི་ཟླ་༢་པའི་ཚེས་༡༣་ཉིན། རྒྱལ་དབང་༡༣་པ་མཆོག་གིས་ཡང་བསྐྱར་བོད་རང་བཙན་ཁྱབ་བསྒྲགས་བྱས་ཏེ། རྒྱལ་སྲུང་དམག་གི་དཔུང་སྡེ་དང་སློབ་གྲྭ གློག་བརྙན་ཁང་། སྦྲགས་ཁང་སོགས་ཀྱི་འཛུགས་སྐྲུན་བརྒྱུད་དེ་བོད་དེང་རབས་ཅན་ལ་བསྒྱུར་འགོ་བརྩམས་ཡོད། འོན་ཀྱང་། ལྟ་བ་མཁྲེགས་འཛིན་དང་ཁོག་རྒྱ་དོག་པའི་བླ་སྤྲུལ་དང་སྐུ་དྲག དཔོན་རིགས་དབང་ཡོད་ཅན་ཁ་ཤས་ཀྱིས“ནུབ་ཕྱོགས་རིག་གནས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཏོར་བརླག་ཐེབས”རབ་སོགས་བཤད་དེ་རྒྱབ་སྐྱོར་མ་བྱས་པར་ཕམ་ཡོད་པ་རེད་ཟེར།།
ད་དུང་༡༩༣༢་ལོར་རྒྱལ་དབང་མཆོག་གིས་བོད་གཞུང་གི་དཔོན་རིགས་ཚོར“་་་ང་ཚོས་རང་ཉིད་ཀྱི་ལག་པ་འདིས་རྒྱལ་ཁབ་མ་སྲུང་ན། གུང་ཁྲན་རིང་ལུགས་ཀྱི་རྒྱ་ནག་ཡོང་ནས་མི་ནི་བསད། དགོན་པ་ནི་གཏོར། རྒྱུ་ནི་འཕྲོག་པར་འགྱུར་རོ་་་་”ཞེས་ཉེན་བརྡ་བཏང་ཡང་། ལྟ་བ་མཁྲེགས་འཛིན་དང་ཁོག་རྒྱ་དོག་པའི་བླ་སྤྲུལ་དང་སྐུ་དྲག དཔོན་རིགས་དབང་ཡོད་ཅན་ཁ་ཤས་ཀྱིས“བོད་ནི་བོད་ཀྱི་སྲུང་མས་སྲུང་གི་ཡིན”རབ་བཤད་ནས་དོ་སྣང་བྱས་མེད།།
ལྷག་པར་དུ་༡༩༤༨་ལོར་རྒྱ་གར་གྱི་དཔོན་རིགས་ཤིག་གིས་བོད་གཞུང་གི་དཔོན་རིགས་ཤིག་ལ“ད་ལྟ་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་གི་འདུག་པ་དང་། དེ་ནི་བོད་ལ་མཚོན་ན་ཉེན་ཁ་ཞིག་ལ་མཐོང་གི་འདུག ཁྱེད་ཚོ་ལ་གྲྭ་སྒྲིག་ག་རེ་ཡོད”ཅེས་དྲིས་པར། བོད་གཞུང་གི་དཔོན་རིགས་དེས“ང་ཚོའི་ངོས་ནས་ཉེན་ཁ་གང་ཡང་མཐོང་གི་མི་འདུག”ཅེས་ལན་སྐྱོན་པ་རེད་ཟེར།།
གོང་ལྟར་བོད་བཙན་པོ་སིལ་བུར་ཐོར་རྗེས། བོད་ཀྱི་སྲིད་དབང་སོ་སོ་དང་ཆབ་སྲིད་པ། བསམ་བློ་བ་སོ་སོས་རིག་གནས་ཁྱབ་ཁོངས་ཀྱི་གོང་བུ་ཆིག་སྒྲིལ་མ་གཏོགས། ཆབ་སྲིད་ཁྱབ་ཁོངས་ཀྱི་གོང་བུ་ཆིག་སྒྲིལ་ལ་ཤུགས་སྣོན་བརྒྱབ་མེད། དེ་བས། “ལུག་གཟའ་རོ་མང་ས་ན་སྤྱང་ཀི་མང”ཞེས་པའི་དཔེ་ལྟར། སྲིད་དོན་རིག་པའི་ཕྱོགས་ནས་བོད་མི་གཟའ་རོ་མང་སོང་བ་དེས་ཕྱི་དགྲ་ལ་གོ་སྐབས་ཤིག་སྐྲུན་ཡོད་ཅེས་བཤད་ཆོག།
༢ མཉམ་བཟོས་རྒྱུ་རྐྱེན།
༼ ༡ ༽ རྒྱ་ནག་གི་བོད་བཙན་འཛུལ་ལ་སྟབས་བདེ་སྐྲུན་མཁན་གྱི་བོད་མི།
“ནང་རྐུན་ཁྱིས་མི་ཁོག”ཅེས་པ་ལྟར། བོད་མིའི་ནང་དུ་རྒྱ་ནག་གི་བོད་བཙན་འཛུལ་ལ་མཐུན་རྐྱེན་སྐྲུན་མཁན་ཡང་བྱུང་ཡོད་ལ། སྒེར་གྱི་ཁེ་ཕན་གྱི་ཆེད་དུ་སྤྱིའི་ཁེ་ཕན་བློས་བཏང་སྟེ་རྒྱ་ནག་མི་རིགས་ཆེན་པོའི་ལྟ་བར་མགོ་བཏགས་ལུས་གཏད་བྱེད་མཁན་དང་། རྒྱ་ནག་གི“མི་རིགས་འདྲ་མཉམ”དང“ཀྲུང་ཧྭ་མི་རིགས”ཞེས་པའི་བསམ་བློའི་གཡོ་འོག་ཏུ་ཚུད་ནས་རང་ཚུགས་ཤོར་དང་ཤོར་བཞིན་པའི་བོད་མི་ཡང་ཡོད། ད་དུང་རྒྱ་དམག་ནང་ཞུགས་ཏེ་བོད་ལ་བཙན་འཛུལ་བྱེད་མཁན་གྱི་བོད་མི་བྱུང་ཡོད། དཔེར་ན། སྡེ་བ་ག་གེ་མོ་ཞིག་གི་བོད་མི་ཞིག་རྒྱ་དམག་ནང་ཞུགས་ཏེ་བོད་བཙན་འཛུལ་ནང་ཞུགས་ཡོད། ལྷ་ས“བཅིངས་འགྲོལ”བྱེད་སྐབས། ཁོང་གིས“ཁོང་ལ་དོམ་མཁྲིས་དྲུག་ཅུ་ལྷག་ཡོད”ཚུལ་དང“ཁོང་གིས་ཀྱང་ལྷ་སའི་བོད་མོ་ཉི་ཤུ་ལྷག་ལ་བཙན་གཡེམ་བྱས”ཚུལ་སོགས་སྤོབས་པ་དང་བཅས་བཤད་པ་དུས་ད་ལྟའང་ཁ་སང་ཐོས་པ་ནང་བཞིན་དྲན་ངོགས་སུ་གསལ། ཁོང་གིས་བཤད་པ་ལྟར་ན། ཁོང་ནི་མོ་ཙེ་ཏུང་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དང་། ལྷ་ས་བཅིངས་འགྲོལ་བྱས་རྗེས་ལྷ་ས་གྲོང་ཁྱེར་གྱི་སྤྱི་དཔོན་ལ་བསྐོ་བཞག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད་ཟེར།།
༼ ༢ ༽ བོད་མིའི་ཐོབ་ཐང་ལ་བར་ཆད་བཟོ་མཁན་གྱི་བོད་མི།
“ནང་རྐུན་ཁྱིས་མི་ཁོག”ཅེས་པ་ལྟར། བོད་དོན་ཐག་གཅོད་བྱེད་དཀའ་བར་གྱུར་ཡོད་པ་ནི། བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་བོད་མི་ནང་རྐུན་མང་བས་རྐྱེན་ཡིན། དེའི་རིགས་ནི་མཐོ་རིམ་དཔོན་རིགས་ཀྱི་ནང་དུའང་ཡོད་ལ། སྤྱིར་བཏང་འབངས་མིའི་ནང་དུའང་ཡོད། ད་དུང་སྨྱུག་ཐོགས་པའི་ནང་དུའང་ཡོད། ཁོང་ཚོས་ལྟ་བ་མཁྲེགས་འཛིན་དང་མི་རིགས་ཆེན་པོའི་རིང་ལུགས་འཛིན་མཁན་གྱི་རྒྱ་མི་རིགས་ལ་མགོ་བཏགས་ལུས་གཏད་ཀྱིས་རྒྱལ་དབང་མཆོག་དང་། ཡང་ན། བཙན་བྱོལ་བོད་གཞུང་ལ་སྐྱོན་བརྗོད་དང་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་ཡོད། དཔེར་ན། ད་ལོའི་ལོ་མགོ་ཡས་མས་སུ་ཉི་ཧོང་གི་གཞུང་གཉེར་བརྙན་འཕྲིན་ཁང་འད་ནེ་ཆི་ཁེའི་གསར་འགོད་པ་ཞིག་གིས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བ་ལ“དབུ་མའི་ལམ”ལ་ལྟ་ཚུལ་ཅི་ཡོད་དྲིས་པར། ཁོང་གིས“དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་གུང་ཁྲན་ཏང་གི་དབུ་ཁྲིད་ལ་རྒྱབ་འགལ་བྱས་ཡོད་པས། ངོས་ལེན་བྱ་ཐབས་མེད”ཅེས་སྐྱོན་བརྗོད་བྱས་ཡོད།།
གང་ལྟར་ཀྱང་བོད་མི་དེའི་རིགས་ཀྱིས་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་བྱེད་མཁན་གྱི་རྒྱ་མི་རིགས་དང་མཉམ་དུ། བོད་ཀྱི་བདེན་མཐའ་རྙོག་དྲ་ཅན་དང་བོད་དོན་ཐག་གཅོད་ཀྱི་དུས་ཡུན་འགོར་འགྱངས་སུ་གཏོང་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལའང་བརྡ་ལོག་ཅིག་སྤྲོད་བཞིན་ཡོད།།
༣ གཞན་བཟོས་རྒྱུ་རྐྱེན།
༼ ༡ ༽ རྒྱ་ནག་གི་བཙན་འཛུལ།
བོད་དོན་འབྱུང་རྐྱེན་གྱི་ཕྱིའི་རྐྱེན་ནི། ཀུན་གྱིས་མཁྱེན་གསལ་ལྟར་རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་དེ་ཡིན།།
༡༩༤༩་ལོར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་གྱི་གྲྭ་སྒྲིག་ཡོད་པ་གསལ་བསྒྲགས་བྱས་པའི་ཉིན་དེ་ནས་བཟུང་། བོད་གཞུང་གིས“བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན”ལུགས་དང“རྒྱལ་ཁབ་གཞན་གྱིས་བཅིངས་འགྲོལ་བྱེད་དགོས་པར་རེ་བ་འདོན་གི་མེད”ལུགས་སོགས་ཡང་ཡང་བཤད་ཀྱང་། རྒྱ་ནག་གིས་དེ་བརྩི་མེད་བཏང་སྟེ་བོད་ལ་འཇིགས་སྐུལ་དང་བཙན་འཛུལ་བྱེད་འགོ་བརྩམས་ཡོད།།
གྲོས་ཆོད་དོན་ཚན་བཅུ་བདུན་བཞག་པའི་རྗེས་སུའང། བོད་གཞུང་གིས་རྒྱ་ནག་གཞུང་གིས་གྲོས་ཆོད་དོན་ཚན་བཅུ་བདུན་དེ་བརྩི་མེད་གཏོང་བཞིན་ཡོད་པ་ལ་མ་བལྟོས་པར། མུ་མཐུད་དུ་གྲོས་ཆོད་དེ་བརྩི་སྲུང་བྱ་དགོས་པ་ནན་ཞུ་བྱས་ཀྱང་། རྒྱ་ནག་གཞུང་གིས“བསམ་འཆར་ཡོད་ན། དམག་དྲངས་ཤོག”ཅེས་ང་རྒྱལ་ཆེན་པོས་བོད་མི་དམར་གསོད་དང་རྒྱུ་དངོས་རིག་གསུམ་གྱི་འཕྲོག་བཅོམ་གཏོར་གསུམ་ཚད་ལས་བརྒལ་པ་བྱས། རིག་གནས་གསར་བརྗེ་ཆེན་པོ་མཇུག་སྒྲིལ་རག་བར་དུ་བོད་མི་ས་ཡ་༡་ལྷག་ཙམ་དམར་གསོད་དང་དགོན་པ་༦༠༠༠་ཙམ་གཏོར་བརླག་བྱས་ཏེ། དེའི་ནང་གི་གསེར་དངུལ་སོགས་རིན་ཐང་ཅན་གྱི་ཅ་དངོས་རྣམས་བཙན་འཕྲོག་བྱས། ཕོ་བྲང་པོ་ཊ་ལའི་བང་མཛོད་ཡང་སྟོང་བར་ཤོང་འདུག་ཟེར།།
ལྷག་པར་དུ་༢༠༠༩་ལོ་ནས་ད་ལྟའི་བར་དུ(༢༠༡༦.༢.༢༩)བོད་མི་༡༤༩་ཙམ་གྱིས་གཞན་ལ་འཚེ་མེད་ཀྱིས་བོད་མིའི་རང་དབང་གི་ཆེད་དུ། རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་ལ་བོད་ཀྱི་དཀའ་སྡུག་བཤད་ཀྱང་རྒྱ་ནག་གཞུང་གིས་དེ་ལ“འཇིགས་སྐུལ་བའི་བྱ་སྤྱོད”ཅེས་བསམ་ཤེས་མི་བྱེད་པར་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད།།
༼ ༢ ༽ རྒྱ་ནག་དང་མཉམ་དུ་ཉེས་ཅན་དུ་གྱུར་བའི་རྒྱལ་ཚོགས།
རྒྱལ་ཚོགས་ཡང་བོད་དོན་དང་འབྲེལ་བ་མེད་པ་ཞིག་གཏན་ནས་མིན། དེ་ལ་རྒྱུ་མཚན་གཙོ་བོ་གཉིས་ཡོད།།
གཅིག ཨ་རི་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཚོགས་བཙུགས་པའི་ཉིན་དེ་ནས་བཟུང་། བཙན་འཛུལ་བྱ་སྤྱོད་དང་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་དང་ཆབས་ཅིག མི་སེར་སྤེལ་ཡུལ་གྱི་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་། བོད་གཞུང་གིས་ཞུ་གཏུགས་བྱས་པའི་རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་ལ་དོ་སྣང་བྱས་མེད།།
གཉིས། རྒྱལ་ཚོགས་ནི་འགྲོ་བ་མིའི་རིགས་ཀྱི་སྐྱིད་སྡུག་བཤད་ས་དང་། དྲང་བདེན་དང་ཞི་བདེའི་སྲུང་མ་ལྟ་བུར་ཆགས་ཡོད། འོན་ཀྱང་། བོད་མི་རིགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དཀའ་ངལ་ཞུ་གཏུགས་བྱས་ཀྱང་། རྒྱལ་ཚོགས་ཀྱིས་དེ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་གསལ་བོ་ཞིག་བསྟན་མེད།། ནང་སྒོས་སུ་རྒྱ་གར་ལ་དམིགས་བསལ་གྱི་འགན་ཁུར་ཡོད།།
༡༩༤༩་ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་འགོ་བརྩམས་པའི་ཉིན་དེ་ནས་བཟུང་། བོད་གཞུང་གིས་རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་ནི་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་ཚུལ་གྱི་རྒྱུ་མཚན་དྲངས་ཏེ་བར་འདུམ་བྱ་དགོས་པའི་རེ་བ་བཏོན་ཡང་། རྒྱ་གར་གཞུང་གིས“རྒྱ་ནག་ནི་དཔལ་ཡོན་ལྡན་ཞིང་རིག་གནས་ཡོད་པའི་མི་རིགས་ཤིག་ཡིན་པས། རྒྱ་ནག་དང་གྲོས་མོལ་བྱས་ན་ཞི་འགྲིག་ཡོང་གི་རེད”ཅེས་བོད་གཞུང་གི་བསམ་ཚུལ་སྣང་མེད་དུ་བཏང་ཡོད། དེ་ལས་ཀྱང་ཚབས་ཆེ་བ་ནི། ༡༩༥༤་ལོར་བོད་གཞུང་གི་འཐུས་མི་མེད་བཞིན་དུ་རྒྱ་ནག་གིས་བཏོན་པའི《ཞི་བདེའི་རྩ་དོན་ལྔ》ཟེར་བའི་ཆངས་ཡིག་ལ་མོས་མཐུན་མཚན་རྟགས་བཀོད་པ་དེ་ཡིན། དེ་ནི་བོད་ཀྱི་ཚོང་དོན་དང་འབྲེལ་བའི་སྐོར་ལ་བཞག་པའི་ཆིངས་ཡིག་ཅིག་ཡིན་ཕྱིར། སྤྱིར་ཡིན་ན་བོད་ཀྱི་འཐུས་མི་ངེས་པར་དུ་ཞུགས་དགོས་བར་ཆགས་ཡོད། འོན་ཀྱང་། རྒྱ་གར་གྱིས་དེ་ལ་སྣང་མེད་བཏང་སྟེ་མོས་མཐུན་མཚན་རྟགས་བཀོད་པ་མ་ཟད། དེ་རྒྱལ་སྤྱིའི་སྲིད་དོན་གྱི་འགྲོ་སྟངས་ལ་ངོས་འཛིན་བྱ་དགོས་པའི་འབོད་སྐུལ་བསྒྲགས་གཏམ་ཡང་སྤེལ། དེའི་ནང་དུ་རྒྱལ་ཁབ་ཕན་ཚུན་གྱི“ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ”དང“མངའ་ཁོངས་དང་བདག་དབང་ལ་བརྩི་བཀུར་བྱེད་པ”སོགས་ཀྱི་ནང་དོན་འདུས་ཡོད་པར་བརྟེན། རྒྱ་ནག་གིས་དེའི་རྗེས་སུ་བོད་ནས་མི་གསོད་ཁྲག་སྦྱོར་དང་འཕྲོག་བཅོམ་གཏོར་གསུམ་ཚད་ལས་བརྒལ་བ་བྱས་ཀྱང་རྒྱ་གར་གྱིས་དེ་ལ་ཐེ་གཏོགས་བྱེད་ཐུབ་མེད།།
དབྱིན་ཇི་གཞུང་གིས་ཀྱང་རང་གི་ཁེ་ཕན་གྱི་ཆེད་དུ། ཕྱོགས་གཅིག་ནས་བོད་ལ་ཚོང་འབྲེལ་ཆིངས་ཡིག་སོགས་བཞག་སྟེ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་ངོས་འཛིན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཆིན་རྒྱལ་རབས་དང་ཀྲུང་ཧྭ་མིན་གོ་སོགས་དང་མཉམ་དུ་བོད་ཡང་ད་ལྟའི་ཕྱི་སོག་དང་ནང་སོག་ནང་བཞིན་དུམ་བུར་བཅད་བཟུང་དབང་བསྒྱུར་བྱ་རྒྱུའི་འཆར་གཞི་བཏང་པ་མ་ཟད། རང་སྣང་གང་ཤར་གྱིས་ཆིན་ལ་བོད་ཀྱི་བདག་དབང་ཡོད་ཚུལ་དང་བོད་ཀྱི་ཁྲིམས་ཐོག་གི་གནས་བབས་གསལ་བོ་མིན་ཚུལ་སོགས་ལྕེ་གཉིས་སྨྲ་བའི་སྐད་ཆ་བཤད་དེ། རྒྱལ་སྤྱིའི་སྲིད་སྟེགས་ཐོག་བོད་གྲོགས་མེད་ཁེར་རྐྱང་ལ་ཤོང་ཅི་ཐུབ་བྱས་ཡོད།།
གོང་གསལ་ལྟར་བོད་དོན་འབྱུང་རྐྱེན་ལ་གཙོ་བོ་རིགས་གསུམ་ཡོད། དེ་ཡང་མཐར་གཏུགས་ན་བོད་མི་རང་སྟེང་གི་སྐྱོན་ཆ་ཞིག་ལ་ཐུག་ཡོད་དེ། ཕྱི་ལོག་གི་ཐེ་གཏོགས་དང་བཙན་འཛུལ་སོགས་འགོག་དགོས་ན། ཐོག་མར་རང་གི་སྟོབས་ཤུགས་དེ་ཕྱོགས་ཡོངས་ནས་རང་ཚུགས་ཐུབ་པ་ཞིག་བཟོ་དགོས་བར་ཆགས་ཡོད། འོན་ཀྱང་། བོད་བཙན་པོ་སིལ་བུར་ཐོར་རྗེས། བོད་གཞུང་དམངས་གཉིས་ནས་རིག་གནས་ཁྱབ་ཁོངས་ཀྱི་སྟོབས་ཤུགས་མ་གཏོགས། ཆབ་སྲིད་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྟོབས་ཤུགས་དེ་རང་ཚུགས་ཐུབ་པ་ཞིག་ལ་བཟོས་མེད། འདི་ནི་ཆོལ་གསུམ་བོད་མི་ཐུན་མོང་གི་བསམ་བློ་གཏོང་གཞིར་ཆགས་ཡོད།།
བཞི་བ། བོད་དོན་ཐག་ཆོད་ཡོང་བར་རེ་བ་ཡོད་དམ།
འོ་ན། བོད་དོན་ཐག་ཆོད་ཡོང་བར་རེ་བ་བརྒྱབ་ཆོག་གམ་ཞེ་ན། ཆོག་ཅེས་ཐེ་ཚོམ་བཅད་ནས་བཤད་དཀའ། རྒྱུ་མཚན་ནི། བོད་ཀྱི་བདེན་དོན་དང་རྒྱ་ནག་གི་སྐྱག་རྫུན་ཡང་ཕན་ཚུན་རྟེན་འབྱུང་གི་འབྲེལ་བས་གྲུབ་ཅིང་འགྱུར་བའི་རང་བཞིན་ཅན་ཡིན་པར་བརྟེན། གལ་ཏེ་བོད་ཕྱི་ནང་གཉིས་ནས་སྐྱག་རྫུན་དེ་ཡར་འཕེལ་བར་ལྷན་ཅིག་བྱེད་པའི་རྐྱེན་ཅི་ཙམ་བསྐྲུན་ན། དེ་ཙམ་གྱིས་བོད་ཀྱི་བདེན་མཐའ་སེལ་དཀའ་བར་འགྱུར་ཉེན་ཡོད་པས་ཡིན། འོན་ཀྱང་། ད་ལྟའི་རྒྱ་ནག་དང་བོད་ཀྱི་འགྱུར་ལྡོག་ལ་བལྟས་ཡོང་དུས། བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་ཡོང་བར་ད་དུང་རེ་བ་བརྒྱབ་ཆོག་པར་འདོད་ལ། དེ་ཡང་ཆོལ་གསུམ་བོད་མིས་བོད་ཀྱི་བདེན་མཐའ་སེལ་བར་ལྷན་ཅིག་བྱེད་རྐྱེན་དང་ཁོར་ཡུག་ག་འདྲ་ཞིག་བསྐྲུན་ཐུབ་མིན་དང་བཙན་བྱོལ་བོད་གཞུང་གིས་དེ་ལ་སྣེ་ཁྲིད་ཀྱི་ནུས་པ་ག་འདྲ་ཞིག་འདོན་ཐུབ་མིན་ལ་རག་ལས་ཡོད།།
༡ རྒྱ་ནག་གི་འགྱུར་ལྡོག
༼ ༡ ༽ སྒེར་གཅོད་སྲིད་དབང་གིས་རང་དབང་དམངས་གཙོ་འགོག་མི་ཐུབ།
༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་དམངས་གཙོ་ལས་འགུལ་དེ་གྲྭ་སྒྲིག་དང་ཐབས་ཤེས་ཀྱིས་མ་འདང་བར་སྐྱོ་གར་ཆེན་པོ་ཞིག་ཏུ་གྱུར་ཡོད། ཡིན་ནའང་། དེས་རྒྱ་ནག་གི་རང་དབང་དམངས་གཙོ་ལ་རེ་བ་མེད་པ་ཞིག་ལ་མི་སྟོན། ༢༠༠༡་ལོའི་ཟླ་༣་པའི་ཚེས་༡༠་ཉིན། སྐབས་དེའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་འགན་འཛིན་བོའུ་པང་གོ་ཡིས“ལྔ་མི་ལས(ཏང་མང་ལམ་ལུགས་མི་ལས། བསམ་བློའི་སྣ་མང་ཅན་མི་ལས། དབང་གསུམ་དབྱེ་འབྱེད་མི་ལས། མཉམ་འབྲེལ་ལམ་ལུགས་མི་ལས། སྒེར་གཉེར་ལམ་ལུགས་མི་ལས།)”ཁྱབ་བསྒྲགས་བྱས་ཡོད། ད་ལྟའི་སྲིད་སྐྱོང་ཞི་ཅིན་ཕིན་གྱིས་ཀྱང་༢༠༡༤་ལོའི་ཟླ་༣་པའི་ནང་འཇར་མན་རྒྱལ་ཁབ་ནས“ཁྲིམས་སྐྱོང་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་ནི་རྒྱ་ནག་ལ་འོས་འཚམས་མིན”ཞེས་གསུངས་ཡོད། འོན་ཀྱང་། དོན་དངོས་སུ་རྒྱ་ནག་ན་རང་དབང་དང་དམངས་གཙོ། འདྲ་མཉམ། དྲང་བདེན་སོགས་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པའི་ལས་འགུལ་ཇེ་མང་དང་ཤུགས་ཆེ་རུ་འགྲོ་བཞིན་ཡོད།།
གང་ལྟར་ཀྱང་ད་ལྟའི་རྒྱ་ནག་གི་གཞུང་དམངས་བར་གྱི་རྟེན་འབྱུང་གི་འབྲེལ་བ་དེ། རི་མོ་༡་པོའི་ནང་བསྟན་ཡོད་པ་ལྟར་ལྡོག་ཕྱོགས་སུ་མར་འགྲིབ་ནས་ཁ་ཕྱོགས་འགྱུར་ཐིག་ནང་སླེབས་ཡོད་པ་དང་། ཞི་ཅིན་ཕིན་གྱིས་ཉེན་ཁ་དེ་ལས་གཡོལ་ཆེད “སྟག་སྦྲང་མཉམ་རྡུང”གི་ཁ་གཡང་འོག རུལ་སུངས་ལ་རྒོལ་རྡུང་བྱས་ཏེ་མང་ཚོགས་ཀྱི་བློ་འགུགས་ཅི་ཐུབ་བྱེད་བཞིན་ཡོད། འོན་ཀྱང་། དེའི་ཐབས་ཤེས་སུ་རང་དབང་དང་དམངས་གཙོ། འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་སོགས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་རིན་ཐང་སོགས་བེད་སྤྱོད་གཏོང་བཞིན་མེད་པར་བརྟེན། ལྷག་བསམ་རྣམ་དག་གིས་རུལ་སུངས་ལ་རྒོལ་རྡུང་བྱས་ན་ཏང་ཐོར་ཉེན་ཆེ་བ་དང་། ལྷག་བསམ་རྣམ་དག་གིས་རུལ་སུངས་ལ་རྒོལ་རྡུང་མ་བྱས་ན་རྒྱལ་ཁབ་ཐོར་ཉེན་ཆེ་བའི་གནད་དོན་འཕར་མ་ཞིག་ལ་འཕྲད་ཡོད།།
༼ ༢ ༽བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་མཁན་གྱི་རྒྱ་མི་རིགས།
རྒྱ་ནག་གི་ཆབ་སྲིད་རུལ་སུངས་ཀྱི་རྒྱབ་ལོག་ན་ཡ་རབས་སྤྱོད་བཟང་གི་ཉམས་རྒུད་དང་། དེའི་རྒྱབ་ལོག་ན་སྲོལ་རྒྱུན་རིག་གནས་གཏོར་བརླག་བྱས་པ་དེ་ཡོད། རྒྱ་ནག་གི་སྒེར་གཅོད་སྲིད་དབང་གིས་སྲོལ་རྒྱུན་རིག་གནས་རྩ་མེད་བཟོ་ཆེད། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པའི་དཀའ་འབྲི་ཡི་གེ་དེ་ད་ལྟའི་སླ་འབྲི་ཡི་གེ་ལ་བཟོ་བཅོས་བྱས་ཤིང་། སླ་འབྲི་ཡི་གེས་ལོ་ངོ་༢༠༠་ཙམ་གྱི་ལོ་རྒྱུས་མ་གཏོགས་མེད་པའི་མར་ལེ་རིང་ལུགས་དེ་ད་ལྟའི་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཀྱི་ཚབ་བྱེད་དུ་བཅུག་ཡོད། མར་ལེ་རིང་ལུགས་དེ་ཡང་ནུབ་ཕྱོགས་སུ་བྱུང་བའི་སྤྱི་ཚོགས་ལྟ་གྲུབ་ཞིག་ཡིན་མོད། དུས་རབས་ཉི་ཤུའི་དཀྱིལ་ཙམ་ནས་བཟུང་ནུབ་ཕྱོགས་ཀྱི“གད་སྙིགས”སུ་ཆགས་ཡོད།།
རྒྱ་ནག་གིས་གད་སྙིགས་དེ་སྲེག་བཅད་བརྡར་བའི་གསེར་བཞིན་དུ་མ་བརྟག་མ་དཔྱད་པར་ནང་འདྲེན་བྱས་པར་བརྟེན། ད་ལྟའི་རྒྱ་ནག་གི་བྱམས་བརྩེའི་རིག་གནས་དེ་ཡང་སླ་འབྲི་ཡི་གེ〔爱〕ཡིས་བསྟན་ཡོད་པ་ལྟར། དཀའ་འབྲི་ཡི་གེ〔愛〕ཡི་ནང་གི“སེམས(心)”ཡིག་དོར་ཏེ“སེམས”མེད་པའི་བྱམས་བརྩེའི་རིག་གནས་སུ་བཟོས་ཡོད། དེ་བས། ཉི་ཧོང་ལུང་པའི་ནང་དུའང་རྒྱ་མི་རིགས་ལ“མིའི་ནང་གི་ཐ་མ”ཞེས་ཟེར་མཁན་ཡང་ཉུང་ཉུང་མིན། ངོ་ཚའི་རིག་གནས་དེ་ཡང་སླ་འབྲི་ཡི་གེ〔耻〕ཡིས་བསྟན་ཡོད་པ་ལྟར། དཀའ་འབྲི་ཡི་གེ〔恥〕ཡི་ནང་གི“སེམས(心)”ཡིག་དོར་ཞིང་། དེའི་ཚབ་ལ“བཀག(止)”ཡིག་བཞག་སྟེ་སྐད་ཆ་མི་གོ་བའི་རིག་གནས་སུ་བཟོས་ཡོད། དེ་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སྤྱི་འབངས་ཀྱི་ཐོབ་ཐང་ཁག་ཐེག་བྱ་དགོས་པའི་འབོད་སྐུལ་ཅི་ཙམ་བྱས་ཀྱང་། རྒྱ་ནག་གི་སྲིད་དོན་པ་ཚོའི་རྣ་བ་འོན་པ་ལྟ་བུར་ཆགས་ཡོད། སློབ་སྟོན་བྱེད་སྟངས་དེ་ཡང་སླ་འབྲི་ཡི་གེ〔指导〕ཡིས་བསྟན་ཡོད་པ་ལྟར། དཀའ་འབྲི་ཡི་གེ〔導〕ཡི་ནང་གི“ལམ(道)”ཡིག་དོར་བའི་སློབ་སྟོན་ལ་བཟོས་ཡོད་པར་བརྟེན། ད་ལྟ་རྒྱ་ནག་གི་གཞུང་དམངས་གཉིས་སྲིད་དབང་སྒེར་གཅོད་ཀྱི་ལམ་ལ་ཡང་ཡང་དག་པར་འགྲོ་མ་ཤེས། རང་དབང་དམངས་གཙོའི་ལམ་ལ་ཡང་འགྲོ་མ་ཤེས་པར་དམུས་ལོང་ཇི་བཞིན་མགོ་འཐོམས་ནས་བསྡད་ཡོད། ད་དུང་སྲིད་སྐྱོང་སྟངས་དེ་ཡང་སླ་འབྲི་ཡི་གེ〔飞〕ཡིས་བསྟན་ཡོད་པ་ལྟར། དཀའ་འབྲི་ཡི་གེ〔飛〕ཡི་ནང་གི་གཤོག་པ་ཡ་གཅིག་གཡུགས་ཏེ་ཡ་གཅིག་གིས་དགོང་ཨ་སྔོན་བསྟོད་འདོད་ཀྱི་ཧམ་སེམས་བཅངས་ཡོད། འདི་ནི་རྒྱུན་ཤེས་དང་འགལ་ཡོད།།
དེ་ལྟ་བུའི་གནས་ཚུལ་འོག རྒྱ་མི་རིགས་ཀྱི་ནང་ནས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་དང་སློབ་གཉེར་བྱེད་མཁན་རིམ་བཞིན་མང་དུ་འགྲོ་བཞིན་ཡོད། དཔེར་ན། བླ་རུང་གསེར་རྟ་དགོན་པའི་ནང་དུ་གྲྭ་བ་ཁྲི་གཅིག་ཙམ་ཡོད་པ་དེའི་ནང་གི་བརྒྱ་ཆའི་གཉིས་ཙམ་རྒྱ་མི་རིགས་ཀྱིས་ཟིན་ཡོད་ཟེར། གཞན། ཀྲེ་ཅིང་སློབ་གྲྭ་ཆེན་མོ་དང་ཧྲང་ཧེ་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་ཀྱི་ནང་དུའང་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་ཁང་སོགས་བཙུགས་ཏེ། བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་འགོ་བརྩམས་ཡོད། དེས་རྒྱ་མི་རིགས་ཡང་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་བརྩི་མཁན་ཞིག་ལ་ཆགས་པར་གང་ལ་དེ་འཚམས་ཀྱི་ཕན་ཐོགས་ཡོང་སྲིད།།
༢ བོད་ཀྱི་འགྱུར་ལྡོག
༼ ༡ ༽ ཆབ་སྲིད་ཁྱབ་ཁོངས་སུ་གོང་བུ་གཅིག་གི་འདུ་ཤེས་ཆགས་བཞིན་ཡོད་པ།
དེ་དང་འདྲ་བར་བོད་མིའི་སྤྱི་ཚོགས་ནང་དུའང་དྲང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་དང་འབྱུང་བཞིན་ཡོད།།
བོད་ཀྱི་རིག་གནས་ཁྱབ་ཁོངས་སུ་ལོ་རྒྱུས་ཐོག་གོང་བུ་གཅིག་གི་འདུ་ཤེས་བརྟན་པོ་ཞིག་ཆགས་ཡོད། འོན་ཀྱང་། ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་གོང་བུ་གཅིག་གི་འདུ་ཤེས་དེ་སྐྲུན་ཐུབ་མེད། བོད་བཙན་པོ་སིལ་བུར་ཐོར་རྗེས། སྲིད་དབང་སོ་སོས་འགྲོ་གྲོན་སྟབས་བདེ་ཞིག་དང་སྲིད་སྐྱོང་སྒྲིག་གཞི་སྟབས་བདེ་ཞིག་གིས་སྲིད་དོན་བསྐྱངས་ཏེ། མི་མང་ལ་དཔྱ་ཁྲལ་དམ་འབུལ་གྱི་ཁྲིམས་སོགས་བཅོས་མེད།།
འོན་ཀྱང་། ནུབ་ཕྱོགས་བཙན་རྒྱལ་གྱི་ས་ཁོངས་རྒྱ་བསྐྱེད་དང་མི་སེར་སྤེལ་བའི་སྲིད་ཇུས་དེས་ཡ་གླིང་ལའང་འཇིགས་སྣང་ཞིག་བཟོས་ཡོང་བའི་སྐབས་དེར། བོད་མི་རིགས་ཀྱི་ནང་དུའང་རྒྱལ་སྲུང་གི་ཆེད་དུ་གོང་བུ་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་འགོ་བརྩམས་ཡོད། དཔེར་ན། གོང་ནས་གླེང་ཟིན་པ་ལྟར་༡༩༡༣་ལོའི་ཟླ་༢་པའི་ཚེས་༡༣་ཉིན། རྒྱལ་དབང་༡༣་པ་མཆོག་གིས་བོད་རང་བཙན་ཁྱབ་བསྒྲགས་བྱས་ཏེ་སོག་པོ་རྒྱལ་ཁབ་དང་ཞི་བདེའི་ཆིངས་ཡིག་བཞག་ཡོད། ༡༩༣༩་ལོར་འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས《བོད་ཀྱི་གུང་ཁྲན་རིང་ལུགས་ཚོགས་པ》བཙུགས་ཤིང་། ༡༩༤༣་ལོར་ལྷ་ས་ནས《བོད་རྒྱལ་ཡོངས་མི་རིགས་གཅིག་གྱུར་བཅིངས་འགྲོལ་མཐུན་ཚོགས》བཙུགས་ཏེ་གསར་བརྗེ་ལས་འགུལ་སྤེལ་རྩིས་བྱས་ཡོད། འོན་ཀྱང་། རང་བཙན་ཁྱབ་བསྒྲགས་དེས་ཆོལ་གསུམ་བོད་མི་གཉིད་ལས་སློང་ཐུབ་མེད་ལ། གསར་བརྗེའི་བསམ་བློ་དེ་ཡང་ལམ་ལྷོངས་བྱུང་མེད།།
ཡིན་ནའང་། ༢༠༠༨་ལོའི་༣.༡༤་དོན་རྐྱེན་དེ་ཆབ་སྲིད་ཁྱབ་ཁོངས་ཀྱི་གོང་བུ་གཅིག་གི་འདུ་ཤེས་དེ་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་སུ་ཕྱིན་པའི་མཚོན་རྟགས་ཤིག་ལ་ཆགས་ཡོད། རྒྱུ་མཚན་ནི། ལས་འགུལ་དེ་ལྷ་ས་ནས་འགོ་བརྩམས་པ་ཡིན་མོད། དོན་རྐྱེན་དུ་གྱུར་མ་ཐག་ཨ་མདོ་ནས“སྐྱིད་སྡུག་མཉམ་མྱོང”གི་འབོད་སྒྲས་དེ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད། འདི་ནི་རྒྱ་ནག་གི་བཙན་བཟུང་དང་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་བའི་བོད་རྒྱལ་ཡོངས་རང་བཞིན་གྱི་ལས་འགུལ་ཐོག་མར་ཆགས་ཡོད།།
༼ ༢ ༽ ཁྲིམས་ཀྱི་འདུ་ཤེས་ཇེ་མཐོར་འགྲོ་བཞིན་ཡོད་པ།
གཞན། ཁྲིམས་ཀྱི་གནས་ལུགས་དྲངས་ཏེ་ཐོབ་ཐང་བརྩོན་ལེན་བྱེད་པའི་ལས་འགུལ་ཡང་བྱུང་འགོ་བརྩམས་ཡོད། དཔེར་ན། ད་ལོའི་ཕྱི་ཟླ་༡་པོའི་ཚེས་༢༦་ཉིན། ཨ་མདོ་ན་ཨ་རོབ་ཚང་ཟེར་བ་ཞིག་གིས་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་བའི་ནང་གི“མི་རིགས་སོ་སོར་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད”ཅེས་པ་དང་། ༢༠༡༤་ལོའི་ཟླ་༩་པའི་ཚེས་༢༨་ཉིན་ཞི་ཅིན་ཕིན་གྱིས《དབུས་མི་རིགས་ལས་དོན་ཚོགས་འདུ》ཐོག་གསུངས་པའི་གསུང་བཤད་ནང་གི“མི་རིགས་ཚང་མ་འདྲ་མཉམ་ཡིན་པ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྨང་གཞི་ཡིན། མི་རིགས་ཚང་མ་འདྲ་མཉམ་ཡིན་པའི་རྩ་དོན་དེ་རྒྱུན་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་མི་རིགས་སོ་སོའི་ཁྱད་ཆོས་ལ་བརྩི་བཀུར་བྱ་རྒྱུ་དེ་ཡིན”ཞེས་བ་དང་། ༢༠༡༤་ལོའི་ཟླ་༡༠་པའི་ཚེས་༡༢་ཉིན་གྱི《ཀྲུང་གོ་གུང་ཁྲན་དབུས་དང་རྒྱལ་སྲིད་སྤྱི་ཁབ་ཁང་གི་གནས་ཚུལ་གསར་བའི་འོག་གི་མི་རིགས་ལས་དོན་སྲ་བརྟན་ལེགས་བཅོས་དང་འབྲེལ་བའི་བསམ་འཆར》ཞེས་པའི་ནང་གི“གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་ཆོག་པའི་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་བྱེད་པ”ཞེས་པའི་ཚིག་སོགས་དྲངས་ཏེ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཟི་ལིང་གྲོང་ཁྱེར་ནས་བོད་སྐད་ཡིག་གི་སློབ་གྲྭ་ཆུང་འབྲིང་འཛུགས་དགོས་པའི་འབོད་སྐུལ་ཡི་གེ་བཏང་བ་རེད་ཟེར།།
ད་དུང་དེའི་སྔ་གཞུག་དུ་དཔའ་ལུང་རྫོང་ཐོག་ཏུའང་བོད་མི་བཅུ་གྲངས་ལྷག་གིས《དཔའ་ལུང་རྫོང་སློབ་གསོ་ལྷན་ཁང་འགོ་ཁྲིད་མ་ཁྲིན་ལུང་གིས་དབུལ་ཕུངས་ས་ཁུལ་གྱི་མི་རིགས་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ལ་བར་ཆད་བཟོས་པ》ཞེས་པའི་ནང་དོན་གྱི་འཕྲད་དར་འཕྱར་ཏེ། སྲིད་གཞུང་གིས་བོད་མིས་བོད་སྐད་ཡིག་གི་སློབ་གསོ་མྱང་ཆོག་པའི་འདྲ་མཉམ་གྱི་ཐོབ་ཐང་ཁག་ཐེག་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་པ་ཡང་སྐབས་དེའི་དྲ་ལམ་ན་ཁྱབ་ཡོད།།
ལྔ་བ། རྗེས་ཕྱོགས་ལ་བཅངས་བའི་ཕུགས་འདུན།
༡ དབུ་མའི་ལམ།
གོང་ལྟར་བོད་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བརྩོན་ལེན་ལ་ཕན་པའི་སྤྱི་ཚོགས་སྣང་ཚུལ་ཡང་བྱུང་དང་འབྱུང་བཞིན་ཡོད། ད་ལྟ་བོད་ཀྱི་མ་འོངས་པའི་སྐོར་ལ། གཞོན་ནུ་ལྷན་ཚོགས་གཙོ་བྱས་པའི་བོད་མི་ཁག་ཅིག་གིས་རང་བཙན་གཙང་མ་དང་བཙན་བྱོལ་བོད་གཞུང་གཙོ་བྱས་པའི་བོད་མི་ཁག་ཅིག་གིས་རང་སྐྱོང་ངོ་མ་གླེང་བཞིན་ཡོད། འོན་ཀྱང་། ཕྱོགས་གཉིས་ལའང་ཕྱི་གསལ་ནང་གསལ་དང་འཐུས་སྒོ་ཚང་བ། བྱེ་བྲག་ཅན་ཡིན་པའི《ལམ་བདེན》འཇུག་བདེ་བ་ཞིག་སྟོན་རྒྱུ་མེད། ད་ལྟ་ང་ཚོའི་རེ་བ་རྒྱག་ས་ནི་རྒྱལ་དབང་མཆོག་གིས་བཏོན་ཞིང་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པའི《དབུ་མའི་ལམ》དེ་ཡིན། དེའི་སྙིང་བོ་གཤམ་གསལ་ལྟར་ཡིན།།
(༡)བཙན་བྱོལ་བོད་གཞུང་ནས་བོད་རང་བཙན་གྱི་རྩོད་གླེང་མི་བྱེད་པར། ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་གོང་བུ་ཞིག་ཏུ་བསྐྲུན་དགོས་པ་དང་།
(༢)དེ་འདྲའི་གོང་བུ་དེར་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྲིད་རང་སྐྱོང་གི་གནས་བབས་ཚད་ལྡན་དགོས་པ།
(༣)རང་སྲིད་རང་སྐྱོང་དེ་ཡང་མང་གཙོའི་ལམ་སྲོལ་ལ་བརྟེན་ནས་མི་དམངས་ཀྱིས་འོས་འདེམས་བྱས་པའི་གྲོས་ཚོགས་དང་འོས་འདེམས་བྱས་པའི་གཞུང་གིས་འཛིན་སྐྱོང་བྱེད་དགོས་པ།
(༤)གོང་གསལ་གནས་བབས་རྣམས་རྒྱ་གཞུང་ནས་ཁས་ལེན་བྱུང་འཕྲལ་བོད་རྒྱ་ནག་ནས་ཁ་བྲལ་མི་དགོས་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་གནས་རྒྱུ།
(༥)བོད་འདི་འཚེ་མེད་ཞི་བདེའི་བསྟི་གནས་སུ་བསྒྱུར་མ་ཟིན་བར་རྒྱ་ནག་གཞུང་གིས་བོད་ཀྱི་སྲུང་སྐྱོབ་ཁོ་ནའི་ཆེད་གྲངས་ཚད་ངེས་ཅན་གྱི་དམག་དཔུང་བོད་ནང་བཞག་ཆོག་པ།
(༦)རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུས་གཞུང་ནས་བོད་ཀྱི་སྲིད་དོན་གྱི་ཕྱི་འབྲེལ་དང་རྒྱལ་སྲུང་གི་འགན་ཁུར་ལས། བོད་ཀྱི་ཆོས་དང་རིག་གཞུང་། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་བོད་མི་རང་གིས་འཛིན་སྐྱོང་བྱེད་དགོས་པ།
(༧)རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་དང་། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་གནས་སྤོ་བྱེད་པའི་སྲིད་བྱུས་མཚམས་འཇོག་དགོས་པ།
(༨)བོད་རྒྱའི་དཀའ་རྙོག་སེལ་ཆེད་༧་གོང་ས་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་ལྷག་བསམ་རྣམ་དག་གིས་གྲོས་མོལ་དང་། འདུམ་འགྲིག་གི་ཐུགས་འགན་རྐང་བཞེས་གནང་རྒྱུ།
དབུ་མའི་ལམ་གྱི་ལངས་ཕྱོགས་འདི་ནི། གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་དུས་རབས་སྔོན་མའི་ལོ་རབས་༧༠་ནང་། རྒྱ་ནག་གི་དབུ་ཁྲིད་ཏེང་ཞོ་ཕིན་གྱིས“ཏ་ལའི་བླ་མས་བོད་རང་བཙན་རྩོད་གླེང་མ་གནང་ན། དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག”ཅེས་རྒྱལ་དབང་མཆོག་གི་དགོངས་གཞི་དང་མཐུན་པའི་གྲོས་འགོ་བཏོན་པ་དང་། རྒྱལ་དབང་མཆོག་གིས་ཀྱང་བཙན་བྱོལ་བོད་གཞུང་གི་མཁྱེན་རྒྱ་ཡངས་བའི་ཤེས་མྱོང་ཅན་མང་པོར་བཀའ་བསྡུར་དང་བསམ་འཆར་བསྡུ་བཞེས་རིམ་པར་གནང་ཐོག བཙན་བྱོལ་བོད་གཞུང་གིས་དམངས་གཙོའི་འགྲོ་རིམ་ལྟར་གཏན་འབེབ་བྱས་པའི་སྲིད་ཇུས་ཤིག་ཡིན་ཏེ། བོད་རང་བཙན་ཡང་མི་བྱེད་པ་དང་ད་ལྟའི་རྒྱ་ནག་གི་དབང་བསྒྱུར་ལ་ཡང་ངོས་ལེན་མི་བྱེད་པར་ཕྱོགས་གཉིས་ཀྱི་ཁེ་ཕན་ལ་བསམ་པའི་རང་སྐྱོང་ངོ་མ་ཞིག་ལ་སྟོན་བཞིན་ཡོད།།
དེ་བས། དབུ་མའི་ལམ་འདི་ནི་རྒྱ་ནག་ལ་མཚོན་ན་གོ་སྐབས་ཤིག་ཡིན་སྲིད་མོད། འོན་ཀྱང་། རྒྱ་ནག་གིས་དེ་ཡང“རྣམ་པ་འགྱུར་བའི་རང་བཙན”ཞེས་མུ་མཐུད་དུ་གཡོལ་ཐབས་བྱེད་བཞིན་ཡོད་ལ། དབུ་མའི་ལམ་དེ་ཡང་གོང་ནས་བཤད་ཟིན་པ་ལྟར་བོད་མིའི་རང་དབང་སླར་གསོའི་ལམ་ཐིག་ཡིན་པ་ལས་ལམ་བདེན་དངོས་མིན།།
༢ ལམ་གྱི་བདེན་པ།
༼ ༡ ༽ དམིགས་ཡུལ་གཅིག ཆ་རྐྱེན་གཅིག ཐབས་ཤེས་གཅིག་མཉམ་སྤྱོད་བྱ་དགོས།
འོ་ན། ཅི་ལྟར་བོད་དོན་ཐག་གཅོད་བྱེད་དགོས་སམ།།
སྟོན་པས“རང་ཉིད་རང་གི་མགོན”ཞེས་གསུངས་ཡོད་པ་ལྟར། ང་ཚོས་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་ལམ་ཐིག་དེའི་ནང་དུ་ལམ་བདེན་འཇུག་བདེ་བ་ཞིག་བཟོས་ཆོག འདིའི་སྐོར་ལ་བསམ་ཚུལ་འདོན་རྒྱུ་ནི་དཔྱད་རྩོམ་འདིའི་དམིགས་ཡུལ་ཡིན། འོན་ཀྱང་། བོད། རྒྱ་ནག སོག་པོ། ཡུ་གུར་སོགས་འབྲེལ་ཡོད་མི་རིགས་ཚང་མ་འདྲ་མཉམ་གྱིས་འཇུག་བདེ་བའི་ལམ་བདེན་ཞིག་བཟོ་བར། བོད། རྒྱ་ནག སོག་པོ། ཡུ་གུར་སོགས་འབྲེལ་ཡོད་མི་རིགས་ཚང་མས་ངེས་པར་དུ་དམིགས་ཡུལ་གཅིག ཆ་རྐྱེན་གཅིག ཐབས་ཤེས་གཅིག་མཉམ་སྤྱོད་བྱ་དགོས། འདི་ནི་ཞི་བདེ་འཆམ་མཐུན་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན།།
དམིགས་ཡུལ་གཅིག
དམིགས་ཡུལ་གཅིག་ཅེས་པ་ནི། “ཞི་བདེ་འཆམ་མཐུན”ལ་སྟོན་བཞིན་ཡོད། དེ་ཡང་ཅུང་གསལ་བར་བཤད་ན“བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ”ཞེས་བའི་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་མངོན་འདོད་དང་ཐོབ་ཐང་དེ་ལ་སྟོན་བཞིན་ཡོད་ལ། འདི་ནི་མི་རིགས་དང་ཕོ་མོའི་དབྱེ་བ། དབང་གོ་ས་ཡོད་མེད། མི་གྲངས་མང་ཉུང་། ཆབ་དཔལ་རིག་གསུམ་གྱི་སྟོབས་ཤུགས་ཆེ་ཆུང་སོགས་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པར། འགྲོ་བ་མིའི་རིགས་ཡོངས་ཀྱིས་ཐུན་མོང་གིས་འདོད་བཞིན་ཡོད་པའི་དམིགས་ཡུལ་ཡིན། ད་ལྟའི་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་སོག་པོ། ཡུ་གུར་སོགས་ཀྱིས་ཀྱང་རྒྱ་མི་རིགས་དང་གཅིག་མཚུངས་ལྟར་བདེ་བ་མ་གཏོགས་སྡུག་བསྔལ་འདོད་བཞིན་མེད།།
ཆ་རྐྱེན་གཅིག
ཆ་རྐྱེན་གཅིག་ཅེས་པ་ནི། སྤྱི་ཚོགས་གང་དེའི་གྲུབ་ཆ་ཚང་མར་འདྲ་མཉམ་གྱིས་དབང་བའི་ཐུན་མོང་གི་སྒྲིག་ཁྲིམས་ཤིག་དང་སྒྲིག་འཛུགས་ཤིག་ལ་སྟོན་བཞིན་ཡོད། རྒྱལ་ཁབ་ཞིག་ལ་མཚོན་ན། སྒྲིག་ཁྲིམས་ཞེས་པ་ནི་གཙོ་བོ་རྒྱལ་ཁབ་དེའི་རྩ་ཁྲིམས་དང་། སྒྲིག་འཛུགས་ཞེས་པ་ནི་གཙོ་བོ་རྒྱལ་ཁབ་དེའི་དབུས་གཞུང་ལ་སྟོན་བཞིན་ཡོད། མིང་དོན་མཚུངས་པའི་ཞི་བདེ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་དགོས་ན། སྤྱི་ཚོགས་དེའི་གྲུབ་ཆ་ཚང་མས་ངེས་པར་དུ་ཆ་རྐྱེན་དེ་མཉམ་སྤྱོད་བྱ་དགོས་པར་ཆགས་ཡོད། འོན་ཀྱང་། ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་དང་དབུས་གཞུང་དེ་བོད་དང་སོག་པོ། ཡུ་གུར་སོགས་མི་རིགས་ཚང་མར་འདྲ་མཉམ་གྱིས་དབང་བའི་ཐུན་མོང་གི་སྤྱི་ནོར་ཞིག་ལ་ཆགས་མེད།།
ཐབས་ཤེས་གཅིག
ཐབས་ཤེས་གཅིག་ཅེས་པ་ནི། སྤྱི་ཚོགས་གང་དེའི་གྲུབ་ཆ་ཚང་མར་འདྲ་མཉམ་གྱིས་དབང་བའི་ཐུན་མོང་གི་ཐབས་དང་ཤེས་རབ་ཞིག་ལ་སྟོན་བཞིན་ཡོད། ཞི་བདེ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་སྐྲུན་པའི་ཐབས་ཀྱི་མཆོག་ནི། རང་དབང་དང་དམངས་གཙོ། འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་སོགས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་རིན་ཐང་དེ་ཡིན་ལ། དེ་ཡང་དྲང་ཕྱོགས་ཀྱི་རྟེན་འབྱུང་གི་འབྲེལ་བ་རྟོགས་པའི་ཤེས་རབ་ཀྱིས་སྤྱི་ཚོགས་ནང་མངོན་འགྱུར་ཡོང་བར་བྱས་ན་རྙོག་དྲ་འབྱུང་མི་སྲིད།།
རྒྱ་ནག་གི་སྲིད་དོན་རིག་པའི་རྩ་དོན་ལ་གྱུར་ཡོད་པའི་མར་ལེ་རིང་ལུགས་ཀྱིས་ཀྱང་དམངས་གཙོ་དང་འདྲ་མཉམ། མི་རིགས་སོ་སོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཚུལ་སོགས་གསུངས་ཡོད་ལ། མོ་ཙེ་ཏུང་གིས་ཀྱང་རང་དབང་། དམངས་གཙོ། དྲང་བདེན། ཁྲིམས་སྐྱོང་། མི་རིགས་འདྲ་མཉམ་གྱི་ལྟ་གྲུབ་སོགས་གལ་ཆེ་ཚུལ་གསུངས་ཡོད་པ་མ་ཟད། གཞུང་གི་སྒྲིག་འཛུགས་ཀྱི་མིང་ལའང་མི་དམངས་སྲིད་གཞུང་། མི་དམངས་ཉེན་རྟོག་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་སྨན་ཁང་ཞེས་མི་དམངས་སྤྱི་ལ་དབང་བའི་ཐུན་མོང་གི་སྒྲིག་འཛུགས་ཡིན་པ་བསྟན་ཡོད། རྒྱ་ནག་གི་སྲིད་སྐྱོང་ཟུར་བ་ཧོ་ཅིན་ཐོད་ཀྱིས་ཀྱང་ཨ་རིའི་སློབ་ཆེན་ཞིག་གི་ནང་དུ་དུས་ཚོད་གཅིག་གི་རིང་ལ་བཤད་པའི་གཏམ་བཤད་ཅིག་གི་ནང་དུ“དམངས་གཙོ”ཞེས་པའི་ཚིག་དེ་ཐེངས་༦༧་ལ་བེད་སྤྱོད་བཏང་ཡོད། ལས་ཐོག་སྲིད་སྐྱོང་ཞི་ཅིན་ཕིན་གྱིས་ཀྱང་ཆབ་སྲིད་ལ་འགྱུར་བ་གཏོང་དགོས་ལུགས་ཐེངས་མང་གསུངས་ཡོད།།
འོན་ཀྱང་། “རྟ་གོ་བ་ཅན་ལ་ལྕགས་གཅིག མི་གོ་བ་ཅན་ལ་ཚིག་གཅིག”ཅེས་པ་ལས་ལྡོག་སྟེ། རྒྱ་ནག་མི་དམངས“མི་གོ་བ་ཅན”མིན་སོང་བ་ཡིན་ནམ། ཡང་ན། དཔོན་འབངས་གཉིས་ཀྱིས་རང་དབང་དང་དམངས་གཙོ། འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་སོགས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་རིན་ཐང་གི་དགེ་མཚན་མ་མཐོང་བ་ཡིན་ནམ། ཡང་ན། ཐབས་ཀྱི་མཆོག་དེ་མངོན་འགྱུར་བྱེད་པའི་ཤེས་རབ་ཀྱིས་མ་འདང་བ་ཡིན་ནམ། གང་ལྟར་ཀྱང་རྒྱ་ནག་ན་ཐབས་དེ་དག་ཁ་ཡོད་ལག་མེད་ལ་ཆགས་ཡོད།།
༼ ༢ ༽ ལམ་གྱི་བདེན་པ།
དེར་བརྟེན། དཔྱད་རྩོམ་འདིའི་ནང་དུ་དབུ་མའི་ལམ་དེའི་ནང་མི་རིགས་དང་ཆོས་ལུགས་སོགས་ཀྱི་སྒྲོམ་གཞི་ལས་ཡོངས་སུ་བརྒལ་ཞིང་། བོད། རྒྱ་ནག སོག་པོ། ཡུ་གུར་སོགས་འབྲེལ་ཡོད་མི་རིགས་ཚང་མ་འདྲ་མཉམ་གྱིས་འཇུག་བདེ་བའི་ལམ་གྱི་བདེན་པ་སྟེ། སྒྲོམ་གཞི་གསར་བ་ཞིག་གིས་ད་ལྟའི་རྒྱ་ནག་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་ལ། དེ་ཡང་ལྗོན་ཤིང་རྐང་གཅིག་གི་ཆགས་སྟངས་དེ་མིག་དཔེ་ཡག་ཤོས་དང་མཉམ་འབྲེལ་ལམ་ལུགས་ཞེས་པ་དེ་ལམ་ལུགས་ཡག་ཤོས་ལ་རྩིས་ཡོད།།
སྒྲོམ་གཞི་གསར་བའི་མིག་དཔེར་བལྟ་ས།-ལྗོན་ཤིང་གཅིག་གི་ཆགས་སྟངས།
ལྗོན་ཤིང་ནི། རྩད་པ། གཞུང་རྟ། ཡལ་ག ཡལ་གའི་ཡལ་ག ལོ་མ། འབྲས་བུ་སོགས་ཀྱིས་གྲུབ་ཡོད། སྤྱི་ཚོགས་ཤིག་ལ་མཚོན་ན། སྤྱི་ཚོགས་དེའི་རྩ་ཁྲིམས་ནི་ལྗོན་ཤིང་གི་རྩད་པ་དང་། དབུས་གཞུང་ནི་གཞུང་རྟ་དང་། ཞིང་ཆེན་སོ་སོ་ནི་ཡལ་ག་དང་། ཁུལ་རྫོང་ཡུལ་ཚོ་སྡེ་བ་སོགས་ནི་ཡལ་གའི་ཡལ་ག་སོགས་དང་། ལྟོ་གོས་གནས་མལ་དང་སྤྱི་ཚོགས་ཞབས་ཞུ་སོགས་ནི་ལོ་མ་དང་། སྤྱི་འབངས་རེ་རེ་ནི་འབྲས་བུ་དང་ཆ་འདྲ་ལ། རང་བྱུང་ཁམས་ཀྱི་ས་ཆུ་མེ་རླུང་སོགས་ཀྱི་ཉིང་བཅུད་ནི་རང་དབང་དང་དམངས་གཙོ། འདྲ་བཉམ། དྲང་བདེན། ཁྲིམས་སྐྱོང་སོགས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་རིན་ཐང་དང་གཅིག་མཚུངས་སུ་ཆགས་ཡོད།།
ལྗོན་ཤིང་གི་རྩད་པས་རང་བྱུང་ཁམས་ལས་ས་ཆུ་མེ་རླུང་གི་ཉིང་བཅུད་བཞིབས། གཞུང་རྟས་རྩད་པ་ལས་ཉིང་བཅུད་དེ་དྲངས་ཏེ་ཡལ་གའི་ནང་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་། ཡལ་གས་ཡལ་གའི་ཡལ་ག་སོགས་བརྒྱུད་དེ་ཁ་ཤས་ཀྱིས་ལོ་མ་བཟོས། ཁ་ཤས་ཀྱིས་འབྲས་བུ་སྨིན་པར་བྱེད་བཞིན་ཡོད། དེ་ལྟར་ལོ་མ་དང་འབྲས་བུས་རྒྱན་ཡོད་པའི་ལྗོན་ཤིང་ཞིག་ཐོན་སྐྱེད་བྱེད་པར་རྩད་པ་བརྟན་པོ་ཞིག་དང་ནུས་པ་ཅན་ཞིག་དགོས། དེ་ལས་ལྡོག་སྟེ་རྩད་པ་བརྟན་པོ་མེད་པའམ་ཡང་ན་རྩད་པས་དུག་ཆུ་སོགས་བཞིབས་ན། ལྗོན་ཤིང་དེ་ལ་ཆག་འཇིག་ཡོང་སྲིད། དཔེ་དེ་བཞིན་དུ་སྤྱི་ཚོགས་གང་ཞིག་དེའི་རྩ་ཁྲིམས་ཀྱིས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་རིན་ཐང་རྣམས་ཚུར་དྲངས། སྲིད་གཞུང་གིས་སྤྱི་འབངས་རེ་རེའི་ནང་དུ་དེ་མངོན་འགྱུར་ཡོང་བར་བྱས་ན། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་ཐུབ་ལ། དེ་ལྟར་བྱེད་པར་རྩ་ཁྲིམས་གཙང་མ་དང་ནུས་པ་ཅན་ཞིག་དགོས།།
དེར་བརྟེན། ཁྱིམ་ཚང་། སྡེ་བ། ཞིང་ཆེན། རྒྱལ་ཁབ་སོགས་སྤྱི་ཚོགས་གང་ཞིག་ཡིན་རུང་། ལྗོན་ཤིང་རྐང་གཅིག་གི་ཆགས་སྟངས་དེ་སྤྱི་ཚོགས་ཀྱི་ཆགས་སྟངས་ཀྱི་མིག་དཔེར་བཟུང་སྟེ་དེའི་གྲུབ་ཆ་སོ་སོའི་བར་གྱི་ལྡོག་ཕྱོགས་ཀྱི་རྟེན་འབྱུང་གི་འབྲེལ་བ་དེ་དོར་བྱ་དང་དྲང་ཕྱོགས་ཀྱི་རྟེན་འབྱུང་གི་འབྲེལ་བ་དེ་བླང་བྱ་ཡིན་པར་ཁྲིམས་ཀྱིས་བཅོས་ན། སྤྱི་ཚོགས་དེའི་ཞི་བདེ་འཆམ་མཐུན་ལ་དགེ་མཚན་ཆེན་པོ་ཡོད་པར་འདོད། འོན་ཀྱང་། རྒྱ་ནག་གི་སྤྱི་ཚོགས་དེ་དེ་ལྟར་ཆགས་མེད་ལ། རྩ་ཁྲིམས་ཀྱི་ནང་དུའང་རང་དབང་དང་དམངས་གཙོ། འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་སོགས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་རིན་ཐང་རྣམས་ཕྱི་གསལ་ནང་གསལ་ལ་བཟོས་མེད།།
སྒྲོམ་གཞི་གསར་བའི་ལམ་ལུགས།- མཉམ་འབྲེལ་ལམ་ལུགས།
གོང་ལྟར་མི་རིགས་དང་ཆོས་ལུགས། སྐད། ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་ཐ་དད་ཡིན་པའི་མི་རིགས་ཁ་ཤས་གཅིག་འདུས་ཀྱི་སྒྲོམ་གཞི་སྟེ་ཆབ་སྲིད་ཀྱི་གོང་བུ་གཅིག་གི་ནང་དུ་ཞི་བདེ་མཉམ་གནས་བྱ་དགོས་ན། ཡོངས་གྲགས་ཀྱི“མཉམ་འབྲེལ་ལམ་ལུགས”ཟེར་བ་དེ་སྒྲོམ་གཞི་གསར་བའི་ལམ་ལུགས་ཡག་ཤོས་ཡིན། མཉམ་འབྲེལ་ལམ་ལུགས་ཞེས་པ་ནི། ས་ཁུལ་དུ་མ་ཞིག་གམ་ཡང་ན་རྒྱལ་ཁབ་དུ་མ་ཞིག་ཐུན་མོང་གི་བདག་དབང་འོག་ཏུ་མཉམ་འབྲེལ་བྱས་ཏེ་གྲུབ་པའི་ཆབ་སྲིད་ཀྱི་གོང་བུ་ཞིག་ལ་ཟེར་ཞིང་། དེའི་གྲུབ་ཆ་སོ་སོ་ནི་བལྟོས་བཅོས་ཀྱིས་རང་བཙན་བྱས་ཡོད།།
འདིའི་སྐོར་ལ་རྒྱ་ནག་གི་ནོ་ཝེ་ཞི་བདེ་གཟེངས་རྟགས་བཞེས་མཁན་ལུག་ཞོ་པོ་ཡིས་དམངས་གཙོ་དང་ཁྲིམས་སྐྱོང་སོགས་ཀྱི་དགོངས་དོན་གཞིར་བཟུང་སྟེ“ཀྲུང་ཧྭ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ”ཞེས་པའི་མིང་ཐོག་ནས་ད་ལྟའི་རྒྱ་ནག་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད། སྔོན་ཆད་གུང་ཁྲན་ཏང་དང་གོ་མིན་ཏང་གིས་ཀྱང་དེ་དང་གཅིག་མཚུངས་ཀྱི་བསམ་ཚུལ་བཏོན་ཡོད། དཔེར་ན། ༡༩༢༢་ལོར་ཁྱབ་བསྒྲགས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་གཉིས་པའི་རྒྱལ་ཡོངས་ཚོགས་ཆེན་གསལ་བསྒྲགས》ཞེས་པའི་ལེའུ་གསུམ་པའི་ནང་དུ“རང་དབང་ལྡན་པའི་མཉམ་འབྲེལ་ལམ་ལུགས་གཞིར་བཟུང་སྟེ། སོག་པོ། བོད། ཡུ་གུར་སོགས་རྒྱ་ནག་དང་གཅིག་གྱུར་བྱས་ཏེ་ཀྲུང་ཧྭ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ”ནི་རྒྱ་ནག་གུང་ཁྲན་ཏང་གི་དམིགས་ཡུལ་ཡིན་པ་བཀོད་ཡོད། གོ་མིན་ཏང་གིས་ཀྱང་༡༩༣༠་ལོའི་ནང“མི་རིགས་འདྲ་མཉམ”གྱི་རྩ་དོན་གཞིར་བཟུང་སྟེ། རྒྱ་ནག བོད། སོག་པོ། མན་ཇུ། ཡུ་གུར་བཅས་མི་རིགས་ཆེན་པོ་ལྔས་གྲུབ་པའི“ཀྲུང་ཧྭ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ”འཛུགས་རྒྱུའི་བསམ་ཚུལ་བཏོན་ཡོད།།
འོན་ཀྱང་། བོད། སོག་པོ། ཡུ་གུར། ཐེ་ཝན་སོགས་འབྲེལ་ཡོད་མི་རིགས་དང་ཁྱིམ་མཚེས་རྒྱལ་ཁབ་ཀུན་གྱིས་ངོས་ལེན་བྱ་ཐུབ་པའི་སྒྲོམ་གཞི་ཤིག་བཟོ་དགོས་ན། ཀྲུང་ཧྭ་མཉམ་འབྲེལ་སྤྱི་མཐུན་རྒྱབ་ཁབ་ཞེས་པའི་དགོངས་གཞི་དེ་འོས་འཚམས་མིན། གཅིག་ནས། གུང་ཁྲན་ཏང་དང་གོ་མིན་ཏང་གིས་བཏོན་པའི་མཉམ་འབྲེལ་དགོངས་གཞི་དེ་ནང་ཁོག་མེད་པའི་ཁ་གཡང་ཙམ་ལ་ཆགས་ཡོད་པ་དང་། སྐབས་དེའི་བོད་མི་འཇོན་ཐང་ཅན་ཁ་ཤས་ཀྱང་དེའི་མགོ་སྐོར་འོག་ཚུད་ཡོད། ལུག་ཞོ་པོ་ཡིས་ཀྱང་བྱེ་བྲག་གི་ནང་དོན་ཅི་ཡང་བསྟན་མེད། གཉིས་ནས། “ཀྲུང་ཧྭ”ཞེས་པའི་ཐ་སྙད་དེ་རྒྱ་མི་རིགས་རང་གི་འཇིག་རྟེན་གྱི་ཐ་སྙད་ཅིག་ཡིན་པ་དང་། རྒྱ་མི་རིགས་ཀྱི་མི་རིགས་ཆེན་པོའི་རིང་ལུགས་པ་ཚོས་ཐ་སྙད་སྐམ་པོ་དེ་གཟི་བརྗིད་ཅིག་ལ་རྩིས་ཏེ་ཁྱིམ་མཚེས་མི་རིགས་ལ་དམའ་འབེབ་བྱས་དང་བྱེད་བཞིན་ཡོད། གསུམ་ནས། “སྤྱི་མཐུན་རྒྱལ་ཁབ”ཞེས་པའི་ཐ་སྙད་དེ་མི་རིགས་ག་གེ་མོ་ཞིག་དང་ཡང་ན་རྒྱལ་ཁབ་ག་གེ་མོ་ཞིག་གི་སྒྲིག་འཛུགས་ཀྱི་མིང་ལ་འདོགས་དགོས་པ་མ་གཏོགས། རྒྱལ་སྤྱིའི་རང་བཞིན་གྱི་སྒྲོམ་གཞིའི་ནང་ལ་ཁྱེར་ཡོང་ན་འོས་འཚམས་མིན།།
དེར་བརྟེན། བོད། རྒྱ་ནག སོག་པོ། ཡུ་གུར་སོགས་འབྲེལ་ཡོད་མི་རིགས་ཚང་མ་ཞི་བདེ་མཉམ་གནས་དང་འཆམ་མཐུན་ཡོང་ཐུབ་པའི་སྒྲོམ་གཞི་ཤིག་ལ་བསམ་བློ་གཏོང་དུས། མི་རིགས་དང་ཆོས་ལུགས་སོགས་ཀྱི་སྒྲོམ་གཞི་ལས་ཡོངས་སུ་བརྒལ་ཞིང་། འབྲེལ་ཡོད་མི་རིགས་ཚང་མར་འདྲ་མཉམ་གྱིས་དབང་ཐུབ་པའི་སྒྲོམ་གཞི་ཤིག་ལ་བསམ་བློ་གཏོང་དགོས།།
སྒྲོམ་གཞི་གསར་བའི་མིང་།-ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས།
འོ་ན། སྒྲོམ་གཞི་གསར་བའི་མིང་ལ་ཅི་ཞིག་འདོགས་དགོས་སམ།།
དཔྱད་རྩོམ་འདིའི་ནང་དུ་ཁྲིམས་ཀྱིས་ཀྲུང་ཧྭ་ཞེས་པ་དེ་ཡང་མི་རིགས་དང་ཆོས་ལུགས་སོགས་ཀྱི་སྒྲོམ་གཞི་ལས་བརྒལ་བའི་ཐ་སྙད་ཅིག་ལ་བཟོ་དགོས་པ་སྔོན་འགྲོའི་ཆ་རྐྱེན་འོག “ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས”ཞེས་བཏགས་ཡོད། དེ་ལས་གཞན། “ཡ་གླིང་དཀྱིལ་ཤར་མཉམ་འབྲེལ་རྒྱལ་ཚོགས”དང་། ཡང་ན། “ཡ་གླིང་མཉམ་འབྲེལ་རྒྱལ་ཚོགས”ཞེས་པའི་མིང་ཡང་ཡོད། གང་ལྟར་ཀྱང་སྒྲོམ་གཞིའི་མིང་དེ་ཡང་འབྲེལ་ཡོད་མི་རིགས་ཚང་མས་མོས་མཐུན་ངོས་ལེན་ཡོད་པ་ཞིག་ཡིན་དགོས།།
༼ ༣ ༽ ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆགས་སྟངས།
གོང་གི་བསམ་ཚུལ་གཞིར་བཟུང་སྟེ། གཤམ་དུ་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆགས་སྟངས་དང་། དེའི་གཞུང་ཞབས་པའི་འདེམས་སྟངས། འགྲོ་སོང་། སྤྱི་སྐད། རྩ་ཁྲིམས་སོགས་དང་འབྲེལ་བའི་རྩ་བའི་བསམ་ཚུལ་འགོད་པར་བྱ།།
༡༽ ཀྲུང་ཧ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆགས་སྟངས།
གོང་ལྟར་ལྗོན་ཤིང་གི་ཆགས་སྟངས་དེ་མིག་དཔེར་བཟུང་ན། ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆགས་སྟངས་དེ་རི་མོ་གཉིས་པ་ལྟར། ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནི་ལྗོན་ཤིང་གི་རྩད་པ་དང་། ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ནི་གཞུང་རྟ་དང་། བོད་དང་རྒྱ་ནག སོག་པོ། ཡུ་གུར་སོགས་འབྲེལ་ཡོད་ཚོགས་ཞུགས་རྒྱལ་ཁབ་སོ་སོ་ནི་ཡལ་ག་དང་། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་ཞིང་ཆེན་ཁུལ་རྫོང་ཡུལ་ཚོ་སྡེ་བ་སོགས་ནི་ཡལ་གའི་ཡལ་ག་དང་། སྤྱི་འབངས་རེ་རེའི་ལྟོ་གོས་གནས་མལ་དང་སྤྱི་ཚོགས་ཞབས་ཞུ་སོགས་ནི་ལོ་མ་དང་། མི་རིགས་སོ་སོའམ་ཡང་ན་སྤྱི་འབངས་རེ་རེ་ནི་འབྲས་བུ་དང་ཆ་འདྲ་བར་བཟོ་དགོས།།
དེ་ལྟ་བུའི་སྒྲོམ་གཞི་གསར་བའི་ནང་། ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས། ཚོགས་ཞུགས་རྒྱལ་ཁབ་སོ་སོས་ངེས་པར་དུ་ལྗོན་ཤིང་གི་རྩད་པ་དང་གཞུང་རྟ། ཡལ་ག་སོགས་དང་ཆ་འདྲ་བའི་འགན་གཙང་ལེན་བྱས་ཏེ། རང་དབང་། དམངས་གཙོ། འདྲ་མཉམ། དྲང་བདེན་སོགས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་རིན་ཐང་རྣམས་ཁ་ཡོད་ལག་ཡོད་ཀྱིས་འབངས་མི་རེ་རེའི་ནང་དུ་མངོན་འགྱུར་ཡོང་བར་བྱ་དགོས།།
༢༽ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་སྐྱོང་ལམ་ལུགས།
དེ་ལྟར་བྱེད་པར་རི་མོ་གསུམ་པ་ལྟར་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཆ་དེ“དབང་གསུམ་དབྱེ་འབྱེད”ཀྱི་རྩ་དོན་ལྟར་མཉམ་འབྲེལ་གྲོས་ཚོགས་དང་མཉམ་འབྲེལ་སྲིད་སྐྱོང་ལྷན་ཁང་། མཉམ་འབྲེལ་ཁྲིམས་གཅོད་ཁང་བཅས་སྡེ་ཁག་གསུམ་གྱིས་བགོས་ཏེ་སྲིད་སྐྱོང་རྒྱུ་གལ་ཆེན་པོར་ཆགས་ཡོད།།
མཉམ་འབྲེལ་གྲོས་ཚོགས།
འདི་ནི་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོ་དབང་ཆའི་སྒྲིག་འཛུགས་ཡིན་པར་བྱས་ཏེ། དེ་ལ་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་བཟོ་དབང་ཆ་ལས་གཞན། མཉམ་འབྲེལ་སྲིད་སྐྱོང་ལྷན་ཁང་དང་འགན་གཅིག་ལྕོགས་དང་། མཉམ་འབྲེལ་ཁྲིམས་གཅོད་ཁང་དང་མཉམ་འབྲེལ་སྲིད་སྐྱོང་ལྷན་ཁང་གི་ནག་ཉེས་ཐེར་འདོན་སོགས་ཀྱི་འགན་དབང་བཅོལ་བ། དེ་ཡང་གྲོས་ཚོགས་གོང་མ་དང་གྲོས་ཚོགས་འོག་མ་གཉིས་སུ་དབྱེ་ཏེ། གྲོས་ཚོགས་གོང་མ་ལ་གྲོས་ཚོགས་འོག་མ་ལས་དམིགས་བསལ་གྱི་འགན་དབང་བཅོལ་བ། འགན་དབང་དེའི་སྤྱོད་སྟངས། སྤྱོད་ཡུལ། ཁྱབ་ཁོངས་སོགས་ཀྱི་ཚད་གཞི་ཡང་ཁྲིམས་ཐོག་ནས་གཏན་འབེབ་བྱེད་པ།།
མཉམ་འབྲེལ་སྲིད་སྐྱོང་ལྷན་ཁང་།
འདི་ནི་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་སྐྱོང་སྒྲིག་འཛུགས་མཐོ་ཤོས་ཡིན་པར་བྱས་ཏེ། དེ་ལ་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་སྐྱོང་འགན་དབང་བཅོལ་བ། དཔེར་ན། མཉམ་འབྲེལ་གྲོས་ཚོགས་ནང་དུ་གཏན་ལ་ཕབ་པའི་སྲིད་ཇུས་སོགས་ལག་བསྟར་བྱེད་པ་དང་མཉམ་འབྲེལ་གྲོས་ཚོགས་ལ་གྲོས་གཞི་འདོན་པ་ལྟ་བུའོ། འགན་དབང་དེའི་སྤྱོད་སྟངས། སྤྱོད་ཡུལ། ཁྱབ་ཁོངས་སོགས་ཀྱི་ཚད་གཞི་ཡང་ཁྲིམས་ཐོག་ནས་གཏན་འབེབ་བྱེད་པ།།
མཉམ་འབྲེལ་ཁྲིམས་གཅོད་ཁང་།
འདི་ནི་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོ་ཁྲིམས་གཅོད་ཁང་ཡིན་པར་བྱས་ཏེ། དེ་ལ་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་གཅོད་དབང་ཆ་བཅོལ་བ། དཔེར་ན། མཉམ་འབྲེལ་གྲོས་ཚོགས་དང་མཉམ་འབྲེལ་སྲིད་སྐྱོང་ལྷན་ཁང་། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་ཁྲིམས་འགལ་ལུགས་འགལ་གྱི་ནག་ཉེས་སོགས་ལ་རྟོག་ཞིབ་དང་ཁྲིམས་གཅོད་བྱེད་པ་ལྟ་བུའོ། འགན་དབང་དེའི་སྤྱོད་སྟངས། སྤྱོད་ཡུལ། ཁྱབ་ཁོངས་སོགས་ཀྱི་ཚད་གཞི་ཡང་ཁྲིམས་ཐོག་ནས་གཏན་འབེབ་བྱེད་པ།།
༣༽ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཞབས་པའི་འདེམས་སྟངས།
ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཞབས་པ་རྣམས་གཤམ་གྱི་རྩ་དོན་ལྟར་འདེམས་བསྐོ་བྱེད་པ།།
མཉམ་འབྲེལ་སྲིད་སྐྱོང་།
ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་ཁྲིད་ལ“མཉམ་འབྲེལ་སྲིད་སྐྱོང”ཞེས་དང་། དེའི་གདམ་བྱ་དང་འདེམས་བྱེད་ཀྱི་ཐོབ་ཐང་ནི་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་སོ་སོའི་ལས་ཐོག་སྲིད་སྐྱོང་དང་སྲིད་སྐྱོང་ཟུར་བ། མཉམ་འབྲེལ་གྲོས་ཚོགས་ཀྱི་སྤྱི་འཐུས་ཁོ་ནར་སྤྲོད་པ།།
མཉམ་འབྲེལ་ཆོས་དཔོན།
ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསམ་པའི་དཔལ་ཡོན་གྱི་འཕེལ་རྒྱས་དང་། ཆོས་ལུགས་དང་གྲུབ་མཐའ་སོ་སོའི་ཞི་བདེ་འཆམ་མཐུན་ཡོང་ཆེད། རྒྱལ་བ་པཎ་ཆེན་ལྟ་བུའི་ལུང་རྟོགས་ཀྱི་ཡོན་ཏན་མཐོ་བའི་སྐྱེས་ཆེན་དམ་པ་ཞིག་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དཔོན་ལ་བསྐོ་དགོས་པ།།
མཉམ་འབྲེལ་གྲོས་ཚོགས་ཀྱི་སྤྱི་འཐུས།
འདི་ནི་ཚོགས་ཞུགས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ཀྱི་སྤྱི་འཐུས་དང་། རང་དབང་། དམངས་གཙོ། འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་སོགས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་རིན་ཐང་ལྟ་བའི་ཡར་རྒྱས་ལ་བྱས་རྗེས་ཆེ་བའི་མི་སྣས་འགྲུབ་དགོས་པ་དང་། དེའི་གྲངས་ཀ་ནི་རྒྱལ་ཁབ་སོ་སོའི་མི་གྲངས་དང་དཔལ་འབྱོར། རིག་གནས་སོགས་ཀྱི་སྟོབས་ཤུགས་ཆེ་ཆུང་ལ་མ་བལྟོས་པར་གཅིག་མཚུངས་བྱ་དགོས་པ། དཔེར་ན། ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་མི་རིགས་༡༠༠་ཡོད་པའི་དབང་དུ་བཏང་ན། མི་རིགས་གཅིག་གི་ནང་དུ་སྤྱི་འཐུས་གཅིག་རེའམ་ཡང་གཉིས་རེ་འདེམས་པ་ལྟ་བུའོ།
མཉམ་འབྲེལ་ཁྲིམས་གཅོད་ཁང་གི་ཁྲིམས་གཅོད་པ།
འདི་ནི་ཚོགས་ཞུགས་རྒྱལ་ཁབ་སོ་སོའི་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་གཅོད་པས་འགྲུབ་དགོས་པ་དང་། མི་གྲངས་ཡང་གོང་དང་འདྲ་བར་རྒྱལ་ཁབ་སོ་སོའི་མི་གྲངས་དང་ཆབ་དཔལ་རིག་གསུམ་སོགས་ཀྱི་སྟོབས་ཤུགས་ཆེ་ཆུང་ལ་མ་བལྟོས་པར་གྲངས་ཀ་གཅིག་མཚུངས་བྱ་དགོས་པ།།
མཉམ་འབྲེལ་སྲིད་སྐྱོང་ལྷན་ཁང་གི་ལས་བྱེད་པ།
འདི་ནི་སྔ་མ་གཉིས་དང་མི་འདྲ་བར་ཚོགས་ཞུགས་རྒྱལ་ཁབ་སོ་སོའི་མི་གྲངས་ཀྱི་བསྡུར་ཚད་གཞིར་བཟང་སྟེ་ལས་བྱེད་པ་བསྡུ་ལེན་བྱེད་པ། དཔེར་ན། མི་གྲངས་ས་ཡ་༡་ལས་ལས་བྱེད་མི་གྲངས་༡༠་བསྡུ་ལེན་བྱ་དགོས་པའི་དབང་དུ་བཏང་ན། བོད་མི་ས་ཡ་༦་ལས་ལས་བྱེད་མི་སྣ་༦༠་དང་། ཡུ་གུར་བ་ས་ཡ་༨་ལས་ལས་བྱེད་མི་སྣ་༨༠་བསྡུ་ལེན་བྱེད་པ་ལྟ་བུའོ།།
མཉམ་འབྲེལ་དམག་དཔུང་།
ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇག་སྲུང་སྐྱོབ་དང་། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་ཞི་བདེ་མཉམ་གནས་དང་འཆམ་མཐུན་བརྟན་སྲུང་བྱ་ཆེད། མཉམ་འབྲེལ་དམག་དཔུང་ཡང་འཛུགས་དགོས་པ། དེ་ཡང་གོང་གི་མཉམ་འབྲེལ་སྲིད་སྐྱོང་ལྷན་ཁང་གི་ལས་བྱེད་པའི་བསྡུ་སྟངས་ལྟར་བྱེད་པ་དང་། ཚོགས་ཞུགས་རྒྱལ་ཁབ་ཀྱིས་དམག་དཔུང་མི་འཛིན་པ།།
༤༽ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་སོང་།
ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་སོང་ནི། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་དཔྱ་ཁྲལ་གྱིས་ཐག་གཅོད་བྱ་དགོས་པ། དཔེར་ན། ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་གཅིག་གི་འགྲོ་སོང་ལ་རྒྱ་སྒོར་དུང་ཕྱུར་༡༥་དང་། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་མི་གྲངས་བསྡོམས་ན་མི་གྲངས་དུང་ཕྱུར་༡༥་ཡོད་པའི་དབང་དུ་བཏང་ན། མི་རེས་མཉམ་འབྲེལ་དཔྱ་ཁྲལ་རྒྱ་སྒོར་༡་རེ་འབུལ་རྒྱུ་དང་། དེའི་ཁར་ཚོགས་སྡེ་དང་ཁེ་ལས་སོགས་ཀྱི་མཉམ་འབྲེལ་དཔྱ་ཁྲལ་བསྣན་ན་ལོ་གཅིག་རིང་གི་འགྲོ་སོང་འདང་ངེས་ཤིག་ཡོང་ཐུབ་པར་འདོད།།
༥༽ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་སྐད།
འདི་ནི་མི་རིགས་ག་གེ་མོ་ཞིག་གི་སྐད་དང་ཡི་གེ་ཁོ་ན་སྤྱི་སྐད་ལ་གཏན་འབེབ་བྱ་རྒྱུ་མིན་པར། རང་ཚུགས་ཐུབ་པའི་སྐད་དང་ཡི་གེ་ཚང་མ་འདྲ་མཉམ་གྱིས་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་སྐད་ལ་འཇོག་དགོས་པ།།
༦༽ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས།
གོང་ལྟར་སྒྲོམ་གཞི་གསར་བའི་ནང་གི་ཚོགས་ཞུགས་རྒྱལ་ཁབ་རྣམས་ཚེ་ཚེ་རབས་རབས་སུ་ཞི་བདེ་འཆམ་མཐུན་དང་མཉམ་གནས་ཡོང་ཆེད། གཤམ་གསལ་གྱི་ཁྲིམས་སོགས་གཏན་ལ་ཕབ་སྟེ་ཁྲིམས་སྐྱོང་ལམ་ལུགས་ཀྱི་རྩ་དོན་དེ་ཕྱི་གསལ་ནང་གསལ་བཟོ་དགོས་པ།།
ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས།
འདི་ནི་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོ་དབང་ཆ་ཡིན་པར་བྱ་དགོས་པ། རྩ་ཁྲིམས་ནི་ལྗོན་ཤིང་རྩད་པ་དང་འདྲ། ལྗོན་ཤིང་གི་རྩད་པས་རང་བྱུང་ཁམས་ཀྱི་ས་ཆུ་མེ་རླུང་སོགས་ཀྱི་ཉིང་བཅུད་བཞིབས་ཤིང་། གཞུང་རྟའི་ནང་དུ་འདྲེན་བྱེད་བཞིན་ཡོད། དཔེ་དེ་བཞིན་དུ་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱིས་ཀྱང་རང་དབང་དང་དམངས་གཙོ། འདྲ་མཉམ། དྲང་བདེན་སོགས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་རིན་ཐང་རྣམས་ཚུར་དྲངས་ཏེ། དེ་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་ཕྱི་གསལ་ནང་གསལ་ཡོང་བའི་ནུས་པ་འདོན་དགོས་ལ། དེ་ལྟར་བྱེད་པར“ཁྲིམས་ཞེས་བྱ་བ་ཕྱོགས་ལྷུང་མེད། དྲང་པོ་གནམ་གྱི་ཐིག་ཡིན་པས། ལས་འབྲས་མངོན་སུམ་སྟོན་པ་དང་། འདྲ་ཕྱིར་སུས་ཀྱང་བསྒྱུར་དུ་མེད། འགལ་ན་རྒྱལ་བོའི་བུ་ཡང་ཕམ། བསྲུངས་ན་གྲོང་གི་དབུལ་པོ་རྒྱལ། ཀླད་པར་གནམ་ལྕགས་བབས་པ་ལྟར། མི་ཁུར་དབང་མེད་ཁྲིམས་ཞེས་བྱ། སྟོབས་འབྱོར་ཡོད་ན་ཡང་འགྱུར་ལ། ཁས་ཞན་དབུལ་པོར་ལྕིད་འགྱུར་བ། དེ་འདྲ་རྒྱལ་ཁྲིམས་མ་ཡིན་ཏེ། འཕྱོན་མའི་གར་གྱི་ལྟ་ཕྱོགས་མཚུངས”ཞེས་པ་ལྟར་རྩ་ཁྲིམས་བཙན་པོ་གཙང་མ་ཞིག་བཟོ་དགོས།།
ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཞབས་པའི་སྒྲིག་ཁྲིམས།
ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ནི་ལྗོན་ཤིང་གི་གཞུང་རྟ་དང་འདྲ། ལྗོན་ཤིང་གི་གཞུང་རྟས་རྩད་པ་ལས་དྲངས་པའི་ཉིང་བཅུད་རྣམས་ཡལ་ག་སོ་སོའི་ནང་སྐྱེལ་འདྲེན་བྱེད་བཞིན་ཡོད། དཔེ་དེ་བཞིན་དུ་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་མི་རིགས་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་སྒྲོམ་གཞི་ལས་ཡོངས་སུ་བརྒལ་བའི་སྒྲོམ་གཞི་ཞིག་གི་འགན་གཙང་ལེན་བྱེད་དགོས་པ་དང་། དེ་ཡང་དྲང་བདེན་དང་ཕྱི་གསལ་ནང་གསལ་ཞིག་ཡོང་ཆེད། གཞུང་ཞབས་པ་སོ་སོར་རང་རང་གི་རྒྱལ་ཁབ་དང་མི་རིགས་ཁོ་ནའི་འཐུས་ཚབ་ལྟ་བུ་བྱ་མི་ཆོག་པ་སོགས་སྔོན་འགྲོའི་ཆ་རྐྱེན་འོག སྡིག་སྤོངས་དགེ་སྒྲུབ་དང་ཉེས་འགོག་ལེགས་སྤེལ་གྱི་སྒྲིག་ཁྲིམས་བཙན་པོ་གཙང་མ་ཞིག་བཟོ་དགོས་པ།།
ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་འཛུགས་སྐྲུན་གྱི་ཆིངས་ཡིག
མི་རིགས་དང་ཆོས་ལུགས་སོགས་ཀྱི་སྒྲོམ་གཞི་ལས་ཡོངས་སུ་བརྒལ་བའི་སྒྲོམ་གཞི་གསར་བ་དེའི་ཞི་བདེ་མཉམ་གནས་དང་འཆམ་མཐུན་སོགས་མི་རབས་ནས་མི་རབས་བར་དུ་མི་བཤིག་པར་བརྟན་སྲུང་བྱ་ཆེད། ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་འཛུགས་སྐྲུན་གྱི་ཆིངས་ཡིག་བཞག་སྟེ། ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལ་སུས་སྔ་འགལ་བྱས་པར་སྡིག་ཅིང་། ལན་དུ་ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲག་པོའི་འཁོན་ལན་ཅི་བྱས་ཀྱང་ཁྲིམས་བཤིག་པ་ལ་མི་གཏོགས་པ་སོགས་གཙིགས་བཅས་ཤིང་དེ་རྡོ་རིང་ལ་ཕབ་དགོས་པ།།
མཇུག་བསྡུ་བའི་གཏམ། ཆོལ་གསུམ་གོང་བུ་ཆིག་སྒྲིལ།
ད་ལོ་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བཙན་བཟུང་བྱས་ནས་ལོ་༦༦་འགོར་བའི་ལོ་ཡིན་ལ། བོད་ཕྱི་ནང་གཉིས་སུ་སེམས་ཤུགས་བརྟན་པོས་རང་དབང་སླར་གསོའི་ལས་འགུལ་སྤེལ་ནས་ལོ་༦༦་འགོར་བའི་ལོ་ཡང་ཡིན། འོ་ན། ལོ་ངོ་༦༦་དེའི་རིང་ལ་ཅིའི་ཕྱིར་རང་དབང་སླར་གསོ་བྱ་མ་ཐུབ་པ་ཡིན་ནམ། དེ་ལ་བསམ་ཞིབ་བྱས་ན་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་ཐབས་ཤེས་ཀྱིས་འདང་ཀི་མེད་པ་གསལ་བོར་ཆགས་ཡོད།།
སྟོན་པ་ཤཀྱ་ཐུབ་པས་ལོ་༢༥༠༠་ཡི་སྔོན་ལ་གསུངས་པའི《བདེན་བཞི》ཡི་ནང་དུ“སྡུག་བསྔལ་བདེན་པ”ལས་ཐར་བར་བྱེད་པར“ལམ་བདེན”འཇུག་བདེ་བ་ཞིག་བསྟན་ཡོད། ཆབས་ཅིག“རང་ཉིད་རང་གི་མགོན། རང་ཉིད་རང་གི་དགྲ”ཞེས་ཀྱང་གསུངས་ཡོད། ལམ་བདེན་དེ་ལ་བརྟེན་ནས་སྐྱེས་བུ་གང་མང་ཞིག་ལ་ཐར་བའི་གོ་འཕང་ཐོབ་ཡོད་ལ། ལམ་བདེན་གྱིས་ཕུངས་པའི་མི་རིགས་གང་མང་ཞིག་དམྱལ་བར་ལྷུང་ཡོད། གཞི་ལུས་བོད་དང་བཙན་བྱོལ་བོད་ཡང་རྟེན་འབྱུང་གི་འབྲེལ་བས་གྲུབ་ཡོད་པར་བརྟེན། འབྱུང་འགྱུར་ལྷག་པར་དུ་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཀྱིས《དབུ་མའི་ལམ》དེའི་ནང་། བོད། རྒྱ་ནག སོག་པོ། ཡུ་གུར་སོགས་ཐ་ན་འཛམ་གླིང་སྤྱིའི་ཞི་བདེ་འཆམ་མཐུན་ལ་ཕན་པའི《ལམ་བདེན》འཇུག་བདེ་བ་ཞིག་བཟོས་ཏེ། དེ་ལ་ཤར་བསྐྱོད་དང་སྣེ་ཁྲིད་མ་བྱས་ན། ང་ཚོ་བོད་མི་རིགས་འདི་ཡང་མན་ཇུ་མི་རིགས་དང་འདྲ་བར་རང་ཉིད་རང་གི་དགྲ་ལ་འགྱུར་ཉེན་འདུག།
དཔྱད་རྩོམ་འདིའི་ནང་དུ་ཉེན་ཁ་དེ་ལས་གཡོལ་ཆེད། ལྗོན་ཤིང་གཅིག་གི་ཆགས་སྟངས་དེ་མིག་དཔེར་བཟུང་སྟེ། ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་འཛུགས་དགོས་པའི་བསམ་ཚུལ་བཏོན་ཡོད་ལ། རྗེས་ཕྱོགས་གཤམ་གྱི་ལས་འགན་ཆེན་པོ་གསུམ་ལ་ཆོལ་གསུམ་བོད་མིའི་སྟོབས་ཤུགས་ཆིག་སྒྲིལ་ཡོང་ཐུབ་པའི་རེ་བ་ཡོད།།
ཐོག་མར། 《ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་འཛུགས་སྐྲུན་གྱི་ཆིངས་ཡིག》། 《ཀྲུང་ཧྭ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཞབས་པའི་སྒྲིག་ཁྲིམས》སོགས་བཟོ་དགོས་པ།།
བར་དུ། དེ་རྣམས་རྒྱ་སྐད་དང་སོག་སྐད། ཡུ་གུར་སྐད། དབྱིན་སྐད་སོགས་འབྲེལ་ཡོད་སྐད་ཡིག་ནང་ཕབ་ཞོར། ཕྱོགས་གཅིག་ནས་བགྲོ་གླེང་ཚོགས་འདུ་རྒྱ་ཆེར་སྤེལ་རྒྱུ་དང་། ཕྱོགས་གཅིག་ནས་ནང་དོན་འཐུས་ཇེ་ཚང་ལ་གཏོང་དགོས་པ།།
མཐའ་མར། རྒྱ་ནག སོག་པོ། ཡུ་གུར་སོགས་འབྲེལ་ཡོད་མི་རིགས་དང་མཉམ་དུ་མོས་མཐུན་གྲོས་ཆོད་བརྒྱུད། དེ་ལ་ཤར་བསྐྱོད་བྱ་དགོས་པའི་གསལ་བསྒྲགས་སྤེལ་ཏེ་འཚེ་མེད་ཞི་བདེའི་ལམ་ནས་དེ་ལ་ཤར་བསྐྱོད་བྱ་དགོས་པ།།
འདི་གསུམ་ལ་གོ་རིམ་དང་འཆར་གཞི་ཡོད་པའི་སྒོ་ནས་གྲྭ་སྒྲིག་བྱས། དེ་ལ་སྒྲིག་ཁྲིམས་ཡོད་པའི་སྒོ་ནས་ཤར་བསྐྱོད་བྱ་ཐུབ་ན་བོད་གཞི་བྱེས་གཉིས་ལྷན་འཛོམས་བྱུང་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ལ། མིང་དོན་མཚུངས་བའི་ཞི་བདེ་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་ཡང་ཕན་ཐོགས་ཡོང་བར་ཡིད་ཆེས་ཡོད། དེའི་ཆེད་དུ་རང་ལུས་མཆོད་མེར་སྒྲོན་ཡང་དོན་སྙིང་ཡོད།།
དཔྱད་གཞི་ཡིག་ཆ།
བོད་སྐད།
༡ གཉའ་གོང་དཀོན་མཆོག་ཚེ་བརྟན།(བསྒྲིགས) 《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡
༢ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། 《བོད་ཀྱི་སྲིད་དོན་རྒྱལ་རབས། གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་གྱི་༧་རྒྱལ་ཁབ་ཆེན་པོའི་སྲིད་དོན་གྱི་རྒྱལ་རབས་གསལ་བར་སྟོན་པ་ཟླ་བ་འབུམ་ཕྲག་འཆར་བའི་རྫིང་བུའམ། བློ་གསར་བུང་བ་དགའ་བའི་རོལ་མཚོ》གླེགས་བམ་གཉིས་པ། ལྡི་ལི་ལཀྴམི་པར་ཁང་། ༡༩༧༦
༣ འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ(བརྩམས)། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གིས་(དག་སྒྲིག)།『རྒྱལ་པོ་ལུགས་ཀྱི་བསྟན་བཅོས』(ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས། དེབ་ལྔ་བ།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡
ཉི་ཧོང་སྐད།
1.落合淳隆『チベットと中国・インド・国連』(敬文堂、1994年。
グレヴィッチ/世界政治資料編集部(訳)『チベットの解放』新読書社、1959年。
2.http://www.mofa.go.jp/mofaj/gaiko/oda/doukou/mdgs.html(日本外務省)
3.フレデリック・ルノワール(著)、神田順子(訳)『チベット 真実の時 Q&A』二玄社、2009年。
4.ジョン・ロック(John Locke)/鵜飼信成(訳)『市民政府論』(岩波書店、2004年。
རྒྱ་སྐད།
中国共産党書記処編『六大以前』北京人民出版社、1980年。
ཐ་སྙད་ཤན་སྦྱར་དང་དེའི་འགྲེལ་བ།
དང་པོ། སྲིད་དོན་ཐ་སྙད་ཤན་སྦྱར།
བོད་སྐད། | དབྱིན་སྐད། | ཉི་ཧོང་སྐད། | རྒྱ་སྐད། |
མཉམ་འབྲེལ་རྒྱལ་ཚོགས། | United Nations |
国際連合 |
联合国 |
གྲོས་ཚོགས། | Assembly |
国会/議会 |
议会 |
གྲོས་གཞི། | The agenda |
議題 |
议题 |
གྲོས་ཆོད། | Resolution |
決議 |
决议 |
དབང་ཆ་དབུས་སྡུད་ལམ་ལུགས། | Unitarianism/centralization of power |
中央集権制 |
中央集权制 |
མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་། | Racial self-determination right |
民族自決権 |
民族自决权 |
ཏང་མང་ལམ་ལུགས། | Multi-party system |
多党制 |
多党制 |
དབང་གསུམ་དབྱེ་འབྱེད། | Separation of threes powers of administration |
三権分立 |
三权分立 |
མཉམ་འབྲེལ་ལམ་ལུགས། | Alliance system |
連合制 |
联合制 |
སྒེར་གཉེར་ལམ་ལུགས། | Private system |
自営制 |
私营制 |
ཁྲིམས་སྐྱོང་ལམ་ལུགས། | Constitutional government |
法治 |
法治 |
གྲོས་ཚོགས་ལམ་ལུགས། | Parliamentary system |
議会制 |
议会制 |
ཁྲིམས་བཟོ་དབང་ཆ། | Legislative power |
立法権 |
立法权 |
གྲོས་ཚོགས་གོང་མ། | The Upper House |
上院 |
上议院 |
གྲོས་ཚོགས་འོག་མ། | The Lower House |
下院 |
下议院 |
གཉིས་པ། ཐ་སྙད་གསར་བའི་འགྲེལ་བ།
མན་བསྣུབས་རྒྱ་དར། | འདི་ནི་ཉི་ཧོང་སྐད་ཀྱི〔満滅漢興〕ལས་བསྒྱུར་བ་ཡིན་ལ། མན་ཇུ་མི་རིགས་ཀྱི་ཆིན་སྲིད་གཞུང་རྩ་རྫོགས་བྱས་ཏེ། རྒྱ་མི་རིགས་ཀྱི་དབང་ཆ་བསྐྱར་གསོ་བྱེད་པ་ཞེས་པའི་དོན་ཡིན། ༡༩༡༡་ལོར་རྒྱ་མི་རིགས་ཀྱིས་འབོད་ཚིག་དེའི་འོག་ཞིན་ཧེ་གསར་བརྗེ་ལས་འགུལ་སྤེལ་ཏེ་མན་ཇུའི་ཆིན་རྒྱལ་རབས་རྩ་རྫོགས་བྱས་ཏེ་རྒྱ་མི་རིགས་ཀྱི་ཀྲུང་ཧྭ་མིན་གོ་བཙུགས་ཡོད། |
ནང་ནད་ཕྱི་དགྲ |
འདི་ནི་ཉི་ཧོང་སྐད་ཀྱི〔内患外憂〕ལས་བསྒྱུར་བ་ཡིན་ལ། ཕྱི་ནང་གཉིས་ནས་འཇབ་རྒོལ་དང་གནོན་ཤུགས། ངོ་ལོག་ཟིང་འཁྲུག་སོགས་སེམས་ཁྲལ་བྱེད་ས་མང་བའི་དོན།
|
དབང་གསུམ་དབྱེ་འབྱེད། | དབང་ཆའི་སྒེར་གཅོད་དང་རུལ་སུངས། ལོག་སྤྱོད་སོགས་བཀག་འགོག་དང་། རྒྱལ་དམངས་ཀྱི་ཆབ་སྲིད་རང་བཞིན་རང་དབང་ཁག་ཐེག་བྱེད་ཆེད། རྒྱལ་ཁབ(སྲིད་གཞུང)ཀྱི་དབང་ཆ་དེ་ཁྲིམས་བཟོ་དབང་ཆ་དང་སྲིད་སྐྱོང་དབང་ཆ་དང་ཁྲིམས་གཅོད་དབང་ཆ་བཅས་རིགས་གསུམ་གྱིས་བགོས་ཏེ། དབང་ཆ་དེ་གསུམ་སོ་སོ་རང་བཙན་ཡིན་པའི་སྒྲིག་འཛུགས་ལ་སྤྲོད་པའི་གཞུང་ལུགས་ཤིག་ལ་ཟེར། ནུབ་ཕྱོགས་ནས་དར་བའི་སྲིད་དོན་ལྟ་བ་ཞིག་ཡིན་ལ། དམངས་གཙོ་རིང་ལུགས་རྒྱལ་ཁབ་སོ་སོའི་ཆབ་སྲིད་ལམ་ལུགས་ཀྱི་རྩ་བར་གྱུར་ཡོད། |
ཁ་བཤད་ཆུ་ཡི་སྦུ་བ། ལག་ལེན་གསེར་གྱི་ཐིགས་པ། ཞེས་པའི་དཔེ་ལྟར་དབུ་མའི་ལམ་ལས་ལྷག་པའི་ལམ་ཞིག་མེད་ཡ། ད་ལྟ་བར་ག་རེ་བྱེད་ཐུབ་ཡོད་རེད། བསོད་ནམས་དེ་དག་གིས་ལས་ཀ་དེ་རེད། འཛམ་གླིང་གཞན་ན་མེད་པའི་དབུ་ཁྲིད་ཅིག་ཡོད་ངོས་མ་ཟིན་པར་ངོ་རྒོལ་རྒྱབ། རང་གིས་ཁ་ནས་རྫིགས་པ་རེ་བཤད་དེ་ལག་ལེན་བསྟར་མ་ཐུབ་པར་ལུས། སེམས་སྐྱོ་དགོས་པ་ཞིག་རེད།
གྲོགས་པོ་ལགས། བཀྲ་ཤིས་བདེ་ལེགས།
དབུ་མའི་ལམ་དེ་ཡག་པོ་མི་འདུག་ཅེས་ནམ་ཡང་བཤད་མེད། ཁོམ་པ་བྱུང་ན་རྩོམ་ཡིག་དེ་ལ་ཞིབ་གཟིགས་ཤིག་གནང་རོགས། ཕལ་ཆེར་ཁྱེད་རང་གིས་གོ་བ་གསལ་བོ་ཞིག་ལོན་ཐུབ་ཡོད་ས་མ་རེད།
ཤེས་བློ་ཡངས་པ་ཆོས་ལྡན་འབུམ་ལགས། ཁྱེད་ཀྱིས་བྲིས་གནང་བའི་དོན་ཚན་མང་ཆེ་བ་ཡག་ཐག་ཆོད་འདུག་སྟེ། ༡༥༦༥ ནས་གཙང་པ་སྡེ་སྲིད་ཀྱི་གཞུང་གསར་འཛུགས་ཀྱིས་བཀྲ་ཤིས་ལྷུན་པོ་དང་། སེར་འབྲས་དགའ་གསུམ་ལ་ནང་བརྙས་ཆེ་བའི་རྒྱུ་མཚན་གྱིས་མཐའ་མ་དགའ་ལྡན་པའི་ལག་ཏུ་བླངས་པའི་རྒྱུ་མཚན་ཞིག་གསུངས་འདུག་དེ་བདེན་པ་རང་ཨེ་ཡིན་ན། གང་ལགས་ཤེས་ན། ༧རྒྱལ་བ་ལྔ་པ་ཆེན་པོའི་རང་རྣམ་དུ་ཀུ་ལའི་ནང་། པཎ་ཆེན་རིན་པོ་ཆེས་གཙང་པ་སྡེ་སྲིད་ལ་ཞབས་བརྟན་གསུང་ནས་སེར་འབྲས་དགའ་གསུམ་གྱི་འདུས་ཚོགས་རྣམས་ལ་འདོན་དགོས་པའི་བཀའ་ཕེབས་པའི་ལོ་རྒྱུས་གསལ་པོ་འདུག་ན། བཀྲ་ཤིས་ལྷུན་པོ་དང་གཙང་པ་སྡེ་སྲིད་ཕིང་ཤ་ཡིན་པ་བསྟན་གནང་འདུག དགེ་ལྡན་པའི་དགོན་པ་གཞན་རྣམས་གང་ལའང་སྡང་ཟུག་མ་བྱས་པར་སེར་འབྲས་དགའ་གསུམ་གཅིག་པུ་ལ་དེ་ལྟར་བཟོ་དགོས་པའི་རྒྱུ་མཚན་ཞིག་གསུང་རོགས་གནང་། རྒྱུ་མཚན་མེད་པར་དགྲ་བཟོ་དགོས་དོན་ཨེ་ཡོད་དྲན། ཐུགས་རྗེ་ཆེ།།
འབྲོང་བུ་སོག་ཚ་ལགས།
བཀྲ་ཤིས་བདེ་ལེགས། བསམ་ཚུལ་གསུང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
གཙང་བ་སྡེ་སྲིད་ཀྱིས་དགའ་ལྡན་པའི་དགོན་ཆེན་ཁག་ལ་དྲག་གནོན་བྱས་པའི་གནས་ཚུལ་དེ་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ནང་བཀོད་འདུག འོན་ཀྱང་། དེ་ནི་རྒྱལ་དབང་ལྔ་བ་མཆོག་གིས་བཀའ་གནང་སྟེ་དེ་ལྟར་བྱས་པ་ཞིག་མིན་པར། རྒྱལ་དབང་ཚང་གི་གནད་ཡོད་མི་སྣས་ལྐོག་ནས་སོག་པོའི་སྦྱིན་བདག་དང་འབྲེལ་ལ་བྱས་ཏེ་གཙང་པ་ཚང་གི་ལག་ནས་སྲིད་དབང་ཕྲོགས་པ་ཞིག་ཡིན་ས་རེད།དེའི་སྐོར་གྱི་ལོ་རྒྱུས་ལ་ཞིབ་མོ་ཞིག་བལྟོས་མེད་པས། རྒྱུ་མཚན་སོགས་གསལ་བོ་ཞིག་གསུང་རྒྱུ་མེད་ལ། ཕྲན་གྱིས་འདས་ཟིན་པའི་ལོ་རྒྱུས་ནང་ཆོས་ལུགས་གྲུབ་མཐའ་དང་ཕྱོགས་ཁ་ཕྱོགས་རིས་བར་ནས་ཁྱོད་གསོད་ང་གཏུབ་ཀྱི་ལོ་རྒྱུས་ཡོད་རུང་དེ་ལ་དོ་སྣང་བྱེད་ཀི་མེད། ང་ཚོ་ཆོལ་གསུམ་བོད་མི་ལ་དགོས་པའི་བསམ་བློ་ནི། གང་མགྱོགས་བོད་ཀྱི་བདེན་མཐའ་སེལ་བའི་ཆེད་དུ་། ད་ལྟའི་རྒྱ་ནག་གི་དབང་བསྒྱུར་འོག་གི་དཀའ་སྡུག་ལ་ཅི་ལྟར་གདོང་ལེན་བྱེད་དགོས་པ་དེ་ཡིན། རྩོམ་དེའི་དམིགས་ཡུལ་ཡང་དེ་ཡིན།
ངས་ཆ་ཚང་ཅིག་བཀླགས་པས། ཆོས་ལྡན་འབུམ་ལགས་ཀྱིས་སྐུ་ལས་མང་པོ་བསྐྱོན་གནང་འདུག་པ་ལ་ཡི་རང་ཡོད། སེམས་ཁུར་འདི་འདྲ་བླངས་པ་ནི་ཁྱེད་ལ་བོད་པ་ཚང་གི་དུང་ཞེན་གཏིང་ཚུགས་ཤིག་མངའ་བའི་མངོན་རྟགས་ལགས།???ལྟ་གྲུབ་ཡག་པོ་འདུག འོན་ཀྱང་ལག་ལེན་དུ་འགེལ་མཁན་དང་འགན་འཁུར་མཁན་མི་རྙེད་ཁོ་ཐག་རེད། ནམ་རྒྱུན་བོད་པས་ཁ་འདོན་ནམ་བྱེད་དང་། གསུང་ཆོས་བཀའ་དབང་ནམ་ཞུས་སྐབས་སུ་སེམས་སྐྱེད་མིག་མ་ཟིང་ཟིང་འདྲ་བྱས། དེ་ཚར་ནས་རང་འཇགས་རང་ལོག་བྱེད་གོམས་ཀྱི་གཤིས་ཀར་གནས་རྒྱུ་བ་དེ་རང་དུ་འགྱུར་རྒྱུ་རེད། སུ་གང་གིས་ཀྱང་ལག་ལེན་དུ་བསྣོམ་ཕེབས་ཨེ་ཡོང་། འོན་ཀྱང་ཁྱེད་སེམས་ཤུགས་དོར་མི་གནང་རོགས། ང་ཁྱེད་ཀྱི་རྒྱབ་ན་ཡོད། སངས་རྒྱས་ཀྱི་གོ་འཕང་ལ་རེག་པར་བསྐལ་ཆེན་གྲངས་མེད་གསུམ་འགོར་ཚུལ་གསུངས་པ་དེ་ཤིན་ཏུ་ནས་བདེན་དུར་ཆུག ཡིད་ཆེས་ཀྱང་བྱེད་ལོས་ཆོག ཀྲུང་ཧ་མཉམ་འབྲེལ་དང་སྤྱི་མཐུན་རྒྱལ་ཁབ་གང་ཞིག་བཤད་ནའང་འདྲ། དབུ་མ་དང་རང་བཙན་གང་བཤད་ནའང་འདྲ། ང་ལ་ནི་ད་ལྟའི་ཆར་མཐོང་ཐུབ་པ་གཅིག་པུ་ནི་གཤམ་གྱི་སྡོམ་ཚིག་འདི་སེམས་ནང་ཡང་ཡང་འཁོར་གྱིན་འདུག་པ་འདི་ཡིན། །
ད་ལྟའི་དུས་སྐབས་སུ་རང་བཙན་དང་དབུ་མའི་ལངས་ཕྱོགས་དང་འབྲེལ་བའི་དོན་སྙིང་འདི་ལ་གཅིག་སོམས་དང་།།
As of current trends let us think on Middle Way and Rangzen this way:
ལམ་དབུ་མ་ནི་སྲིད་བྱུས་བཟང་ལ་ལོ་རྒྱུས་ངན།།
MW is a good diplomacy but bad history.
རང་བཙན་ནི་ལོ་རྒྱུས་བཟང་ལ་སྲིད་བྱུས་ངན།།
RZ is a good history but bad diplomacy.
རེག་རྒྱུ་གཅིག་ཡོད་ནའང་གཉིས་ཀ་འདོད།།
If either is achievable I want both.
རེག་རྒྱུ་གཅིག་མེད་ནའང་གཉིས་ཀ་འདོད།།
If either is unachievable still I want both.
WHAT WE CANNOT SEE IS A TRUE HISTORY OF TIBET.
ང་ཚོས་གང་མཐོང་མི་ཐུབ་པ་ཞིག་ནི་བོད་ཀྱི་ལོ་རྒྱུས་དངོས་གནས་དེ་རེད།།
WHAT WE CANNOT SEE IS ALSO A TAX LEVIED BY OUR OWN HISTORY.
ང་ཚོས་གང་མཐོང་མི་ཐུབ་པ་ཞིག་ནི་ང་ཚོར་ང་རང་ཚོའི་ལོ་རྒྱུས་ཀྱིས་བཅད་པའི་ཁྲལ་དེ་ཡང་རེད།།
(འོན་ཀྱང་ཆོས་ལྡན་འབུམ་ལགས། ཁྱེད་ཀྱིས་འདིར་རང་རེའི་ལོ་རྒྱུས་ཕྲན་བུ་ཞིག་མཐོང་ཐུབ་པའི་ཆ་རྐྱེན་བསྐྲུན་འདུག་པར་ཐུགས་རྗེ་ཆེ།།)
བསེ་རུ་ཟང་ཐལ།
བསེ་རུ་ཟང་ཐལ་ལགས།
བསམ་ཚུལ་གསུང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཁྱེད་ཀྱིས་གསུངས་པ་དེ་ཡང་བདེན་པ་རེད། དེ་ང་ཚོ་བོད་པ་ཚང་གི་ནད་གཙོག་ཅིག་ལ་ཆགས་ཡོད་རེད། འོན་ཀྱང་། ཁྱེད་རང་གིས་༼ལག་ལེན་དུ་འགེལ་མཁན་དང་འགན་འཁུར་མཁན་མི་རྙེད་ཁོ་ཐག་རེད༽ཅེས་གསུངས་ན། དེ་ཡང་ནོར་འཁྲུལ་རེད། རྒྱུ་མཚན་ནི། འགན་ཁུར་མེད་པའི་སྐད་ཆ་ཞིག་ལ་ཆགས་ཡོད་པས་རེད། རྒྱ་གར་གྱི་རང་བཙན་གཙང་མའི་སླར་གསོ་བྱེད་མཁན་ཡང་གཙོ་བོ་མི་གཅིག་ལ་ཆགས་ཡོད་པ་རེད། ཨ་རིའི་རང་བཙན་ལ་སྣེ་ཁྲིད་བྱེད་མཁན་ཡང་གཙོ་བོ་ལོ་ན་༣༣་ཅན་གྱི་ན་གཞོན་ཞིག་ཆགས་ཡོད་པ་རེད། ཁོང་གིས་ཐོག་མར་དོན་ཚན་༢༠་ཡས་མས་ཀྱི་༼ཨ་རི་རང་བཙན་ཁྱབ་བསྒྲགས་ཡི་གེ༽ཞིག་བྲིས། དེ་ནས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མི་ལྔ་དང་མཉམ་དུ་གྲོས་ཆོད་བཞག་སྟེ། དེ་༡༧༧༦་ལོའི་ཟླ་༧་པའི་ཚེས་༤་ཉིན་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་རེད། དེ་ལ་རིམ་བཞིན་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ནས་ཇེ་མང་ལ་སོང་སྟེ་ལོ་༧་ཙམ་གྱིས་རྗེས་སུ་ཨ་རི་དབྱིན་ཇིའི་འོག་ཕྱོགས་ཡོངས་ནས་རང་བཙན་བྱེད་ཐུབ་པ་བྱུང་ཡོད་པ་རེད།
དེ་བས། ང་ཚོ་བོད་ཀྱི་བདེན་མཐའ་སེལ་ཆེད། ཐོག་མ་ནས་ཆོལ་གསུམ་བོད་མི་ཚང་མ་ཆིག་སྒྲིལ་ཡོང་དགོས་པའི་དགོས་པ་མེད། ཐོག་མར་མི་ཉུང་ཤས་ཤིག་གིས་༼ལམ་གྱི་བདེན་པ་འཇུག་བདེ་བ་༽ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། དེའི་ཆེད་དུ་ཐོག་མར་མི་བཅུ་ཙམ་གྱི་སྟོབས་ཤུགས་ཆིག་སྒྲིལ་བྱེད་ཐུབ་པ་བྱུང་ནའང་ཆོག དེ་བས། སེམས་ཤུགས་མ་ཆག་པར། བདག་ཅག་གི་སྟོན་པས་གསུངས་པའི་༼བདེན་བཞི༽དང་༼རང་ཉིད་རང་གི་མགོན། རང་ཉིད་རང་གི་དགྲ༽ཞེས་པར་བསམ་བློ་ཞིབ་མོ་ཞིག་ཐོངས་དང་། དེ་ལས་ང་ཚོས་ཅི་ཞིག་བྱ་དགོས་པ་ཤེས་ཐུབ།