ཁ་སང་པ་ཀི་སི་ཐན་གྱི་གཞུང་གི་སྨན་ཁང་ཞིག་ཏུ་དྲག་སྤྱོད་པས་འགད་རྫས་གཏོར་ཏེ་ཉུང་མཐར་མི་ ༧༠ དམར་གསོད་དང་མི་ ༡༡༢ ལ་རྨས་སྐྱོན་བཟོས་ཡོད་འདུག
ཁ་སང་པ་ཀི་སི་ཐན་གྱི་ལྷོ་ནུབ་རྒྱུད་གྲོང་ཁྱེར་ཁུ་ཊ་ (Quetta) ནང་ཡོད་པའི་གཞུང་འབྲེལ་མི་མང་སྨན་ཁང་ཞིག་ཏུ་འགད་རྫས་གཏོར་ཏེ། ཉུང་མཐར་མི་ ༧༠ དམར་གསོད་དང་མི་ ༡༡༢ ལ་རྨས་སྐྱོན་བཟོས་ཡོད་པ་དང་། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེ་ནི་པ་ཀི་སི་ཐན་ནང་ཡོད་པའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ (TTP-JA) དང་འབྲེལ་བ་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག
དམར་གསོད་དོན་རྐྱེན་དེའི་ཁྲོད་རྨས་སྐྱོན་ཕོག་པའི་གསར་འགོད་པ་ཧྥ་རེ་ཌུ་ལ་ཧ་ (Faridullah) ཟེར་བ་ཞིག་གིས། འགད་རྫས་བཟུང་བའི་དྲག་སྤྱོད་པ་དེས་མྱུར་སྐྱོབ་ཚན་ཁག་ཏུ་ཡོད་པའི་མི་མང་ནང་འགད་རྫས་གཡུགས་པ་དང་། དེར་འཛོམས་ཀྱི་མི་མང་ཤོས་ཁྲིམས་རྩོད་པ་དང་གསར་འགོད་པ་ཡིན་ཞིང་། སྐབས་དེར་ཁོ་ཚོས་ཁ་སང་ཞོགས་པར་ཁུ་ཊ་གྲོང་ཁྱེར་ནང་དམར་གསོད་་བཏང་བའི་ཁྲིམས་རྩོད་པ་ཞིག་གི་ཕུང་པོ་འཁྱེར་ནས་བསླེབས་ཡོད་སྐོར་བརྗོད་འདུག
པ་ཀི་སི་ཐན་གཞུང་འབྲེལ་མི་མང་སྨན་ཁང་གི་དཔོན་རིགས་མེན་ཁ་ཧིལ་ (Miankhel) ཟེར་བ་ཞིག་གིས། དམར་གསོད་དོན་རྐྱེན་དེའི་ཁྲོད་ད་ལྟའི་བར་ཉུང་མཐར་མི་ ༧༠ རྐྱེན་འདས་་སུ་ཕྱིན་ཡོད་པ་དང་། ད་ལྟ་མྱུར་སྐྱོབ་བྱེད་བཞིན་ཡོད་པའི་རྨས་མ་ ༡༡༢ ཀྱི་ནང་ནས་ཀྱང་མང་པོ་འདས་གྲོངས་སུ་འགྲོ་སྲིད་སྐོར་བརྗོད་འདུག
ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པའི་གསར་ཁང་ (Amaq) ཞེས་པའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་དམར་གསོད་དོན་རྐྱེན་དེ་ནི་དཀྱིལ་ཤར་ཡུ་གྲུར་ཡོད་པའི་ཁ་ཆེ་འཇིགས་སྐུལ་ཚོགས་པར་འབྲེལ་བ་ཡོད་སྲིད་ཅིང་། གལ་ཏེ་གནས་ཚུལ་དེ་བདེན་པ་ཡིན་ཚེ། པ་ཀི་སི་ཐན་ནང་འཇིགས་སྐུལ་དྲག་སྤྱོད་པའི་ཟིང་འཁྲུག་ཇེ་ཆེར་འགྲོ་སྲིད་སྐོར་བཀོད་འདུག
ཕྱི་ལོ་ ༢༠༠༠ ལོ་ནས་ ༢༠༡༦ བར་པ་ཀི་སི་ཐན་ནང་ཨལ་ཁོ་ཌ་ (Al-Qaeda) དང་ཊ་ལེ་བྷན་ (Taliban) འཇིགས་སྐུལ་དྲག་སྤྱོད་པའི་རྒོལ་འཛིང་ཁྲོད་དུ་མི་མང་ ༣༥༠༠༠ རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། དཔལ་འབྱོར་ཐད་ཨ་སྒོར་ཐེར་འབུམ་ ༦༧ གྱིས་གྱོང་གུན་བཟོས་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།