དེ་རིང་ཞོགས་པར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་ཀ་ལེ་ཀོ་ཕོལ་མཆོག་གིས་གཞུང་མང་གཉིས་ཀྱི་གནོན་ཤུགས་ཀྱི་རྐྱེན་པས་རང་སྲོག་བཅད་འདུག
ཨེ་ཤ་ཡ་རྒྱལ་སྤྱིའི་གསར་ཁང་ (ANI) ཞེས་པས་དེ་རིང་ཞོགས་པར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་ཀ་ལེ་ཀོ་ཕོལ་ (Kalikho Pul) མཆོག་གིས་རང་ཁྱིམ་ནས་རང་སྲོག་བཅད་ཡོད་སྐོར་བསྒྲགས་འདུག
གནས་ཚུལ་འདིའི་ནང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་བ་ཀ་ལེ་ཀོ་ཕོལ་མཆོག་གིས་རང་སྲོག་གཅོད་དོན་གཙོ་བོ་ཉེ་ལམ་རྒྱལ་ས་ཨེ་ཊ་ན་གྷར་ (Itanagar) ནང་ཁོང་གི་རྒྱབ་སྐྱོར་བ་ཚོས་སྤྱི་ཁྱབ་བློན་ཆེན་གསར་བ་པདྨ་མཁའ་འགྲོ་མཆོག་ལ་ངོ་རྒོལ་བྱས་པའི་གནད་དོན་དང་འབྲེལ་བ་ཡོད་སྐོར་བརྗོད་འདུག
རྒྱ་གར་དུས་བབ་གསར་གིས་སྤེལ་བའི་གནས་ཚུལ་ནང་། སྐུ་ཞབས་ཀ་ལེ་ཀོ་ཕོལ་མཆོག་གིས་རང་ཁྱིམ་ནས་སྐེ་ལ་ཐག་པ་བརྒྱབ་ཏེ་རང་སྲོག་བཅད་ཡོད་པ་དང་། ཁོང་གིས་ཁ་ཆེམས་ཡི་གེ་བཞག་མེད་སྐོར་བཀོད་འདུག
སྤྱི་ཁྱབ་བློན་ཆེན་ཟུར་བ་ཀ་ལེ་ཀོ་ཕོལ་མཆོག་ད་ལྟ་རང་ལོ་ ༤༦ ཡིན་པ་དང་། ཁོང་ཨ་རུ་ན་ཅལ་མངའ་སྡེའི་གྲོང་གསེབ་ཝལ་ལ་(Walla) ནས་ཡིན་ཞིང་། ཁོང་གི་ཁྱིམ་བརྒྱུད་དེ་ཀ་མན་མེ་ཤཱ་མེ་གྲངས་ཉུང་མི་རིགས་ (Kaman Mishmi) ལ་གཏོགས་ཤིང་། ཕྱི་ལོ་ ༢༠༠༣ ནས་ ༢༠༠༧ བར་ཁོང་གིས་ཨ་རུ་ན་ཅལ་མངའ་སྡེའི་དཔལ་འབྱོར་བློན་ཆེན་གྱི་འགན་དབང་ཁུར་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༢ ནང་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་དམངས་ཆབ་སྲིད་གྱེན་ལོག་ཤོག་ཁག་ (rebel politicians of Congress) གི་རྒྱབ་སྐྱོར་ལ་བརྟེན་ནས་ཁོང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཚབ་ཏུ་བསྐོ་བཞག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༧ ཚེས་ ༡༩ ཉིན་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ (Supreme Court of India) གིས་ཁོང་ཨ་རུ་ན་ཅལ་མངའ་སྡེའི་སྲིད་གཞུང་གི་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག
གློ་བུར་བའི་གནས་ཚུལ་འདིའི་ཐད་རྒྱ་གར་ཀོང་རི་སི་ཚོགས་པའི་ཚོགས་གཙོ་ལྕམ་སོ་ནེ་ཡ་གྷན་རྡེ་ (Sonia Gandhi) མཆོག་གིས་བློ་འཚབ་ཆེ་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།