ཟླ་འདིའི་ཕྱི་ཚེས་༨ ཉིན་བལ་བོའི་སྒེར་གཉེར་ཐད་འཕུར་གནམ་གྲུ་ཞིག་དབུས་རྒྱུད་ཀྱི་ནི་ཝ་གོ་རྡུ་རྫོང་ཁོངས་ཀྱི་རི་ཁུལ་ཞིག་ཏུ་ལྷུང་སྟེ་གསར་དུ་སྐྱེས་པའི་ཕྲུ་གུ་ཞིག་དང་བཅས་མི་ ༧ རྐྱེན་ལམ་དུ་ཤོར་ཡོད་འདུག
བལ་བོའི་ནང་སྲིད་སྡེ་ཚན་གྱི་གསར་འགྱུར་མགྲིན་ཚབ་པ་ཁི་དབྱི་ལ་ལཱས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། རོགས་སྐྱོབ་མི་སྣ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འབྱོར་དུས། གནམ་གྲུའི་ནང་དུ་ཡོད་པའི་མི་ ༧ དེ་རྐྱེན་ལམ་དུ་ཤོར་ཟིན་པ་དང་། དེར་ཁ་ལོ་བ་ལས་གཞན་འགྲུལ་བ་དར་མ་ ༥ དང་གསར་སྐྱེས་ཕྲུ་གུ་ ༡ ཡོད་སྐོར་བརྗོད་འདུག
བལ་ཡུལ་ཉེན་རྟོག་པས་ཐད་འཕུར་གནམ་གྲུ་དེ་ནི་གོར་ཁ་རྫོང་དུ་ནད་ལྕི་མོ་ཕོག་པའི་གསར་སྐྱེས་ཕྲུ་གུ་དེ་ཀ་ཏ་མན་རྡུར་སྨན་བཅོས་བྱེད་པར་ལེན་དུ་སོང་བ་ཡིན་ཞིང་། ཐད་འཕུར་གནམ་གྲུ་དེ་འཕུར་སྐྱོད་ཁྲོད་ས་དངོས་དང་འབྲེལ་བ་ཆད་ཡོད་པ་དང་། རྗེས་སུ་དོན་རྐྱེན་བྱུང་བ་གཏན་འཁེལ་བྱུང་ཡོད་སྐོར་དང་། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ད་དུང་རྩད་ཆོད་མེད་ལུགས་བརྗོད་འདུག
དོན་རྐྱེན་བྱུང་བའི་ཐད་འཕུར་གནམ་གྲུ་དེ་བལ་བོའི་སྒེར་གཉེར་གྱི་ཉ་རྔ་མཁའ་སྐྱོད་སྤྱི་གཉེར་ཁང་གི་ཡིན་འདུག
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།