མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ནི་རྒྱ་གར་གྱི་མི་སེར་བྱེད་ཀྱི་ཡོད་ཀྱང་། བོད་ཀྱི་རྩ་དོན་དོར་གྱི་མ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་དབང་རྒྱལ།

ང་ཚོར་དཀའ་ངལ་ཞིག་ཡོད་ན་ག་རེ་བྱེད་ཀྱི་རེད་དམ།  དཀའ་ངལ་དེ་སེལ་ཐབས་བྱེད་རྒྱུ་ཡིན་པ་སྨྲོས་ཅི་དགོས།  གུས་པས་རྒྱ་གར་གཞུང་ཁྲིམས་ལ་སྐྱེལ་ཡོད་པ་ཡང་དེ་ལྟར་དཀའ་ངལ་སེལ་་ཆེད་དུ་ཡིན།  རང་རེའི་བོད་ཀྱི་རྩ་དོན་དེ་ཡང་དཀའ་ངལ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ང་ཚོས་སྐད་རྒྱབ་ཀྱི་ཡོད་ལ།  དཀའ་ངལ་དེ་སེལ་ཐབས་བྱེད་ཀྱི་ཡོད་པ་ལྟར་རེད།  གུས་པར་རྒྱ་གར་ནང་སྡོད་ཆོག་པའི་ལག་འཁྱེར་ཨར་སི་ཞེས་པ་དེ་དང་ཕྱི་སྐྱོད་ལག་འཁྱེར་དེབ་སེར་པོ་གཉིས་ནི་དཀའ་ངལ་དང་དུས་ཚོད་འཕྲོ་བརླག་གཏོང་བ་ལས་སྒེར་སོ་སོ་དང་སྤྱི་པའི་དོན་དུ་ཕན་ཐོག་གང་ཡང་ཡོད་པ་མཐོང་གི་མི་འདུག  དེར་བརྟེན་རྒྱུན་རིང་ནས་ཡིག་ཆ་དེ་གཉིས་མེད་པར་འགྱུར་ན་ཅི་མ་རུང་བསམ་ནས་བསྡད་པ་ཡིན།  ལོ་ཤས་སྔོན་ནས་གོ་སྐབས་ཤིག་མཐོང་བ་དང་།  ལྷག་པར་ ༢༠༡༤ ལོར་རྒྱ་གར་གྱི་འོས་བསྡུའི་ཐོབ་ཐང་རག་མ་ཐག་ཕྱིར་སྐྱོད་ལག་འཁྱེར་པ་སི་པོར་ཊི་ (Passport) རག་ཐབས་བྱས་ཀྱང་དེ་མ་ཐོབ་པར་ཁྲིམས་གཏུགས་མི་བྱེད་ཐབས་མེད་བྱུང་།

 རྒྱ་གར་གཞུང་གི་མི་སེར་གྱི་ཁྲིམས།

ཁྲིམས་གཏུགས་བྱེད་དགོས་པའི་གནད་དོན་དེ་ག་རེ་རེད་ཟེར་ན།  མི་སེར་གྱི་ཁྲིམས་ཀྱི་དོན་ཚན་གསུམ་པའི་དང་པོའི་ཀ་པ་གཞིར་བཟུང་ཁྲིམས་ཐོག་ནས་རྒྱ་གར་ནང་མི་སུ་ཞིག་ ༡༩༥༠།༡།༢༦ ནས་ ༡༩༨༧།༧།༡ བར་ཕ་མ་རྒྱལ་ཁབ་གང་ནས་ཡིན་རུང།  དེར་ལྟོས་མེད་ཀྱིས་མི་དེ་རྒྱ་གར་གྱི་མི་སེར་ཡིན་ཞེས་ཁྲིམས་ཐོག་ནས་ངོས་འཛིན་གནང་གི་ཡོད།  མི་དེ་རྣམས་ཀྱི་ཕྲུ་གུ་ཡང་ཤུགས་ཀྱིས་རྒྱ་གར་གྱི་མི་སེར་ལ་ངོས་འཛིན་གནང་གི་ཡོད།  གུས་རང་ ༡༩༧༠ ལོར་སྐྱེས་པས་རྒྱ་གར་གྱི་ཁྲིམས་ལུགས་ལྟར་ན་རྒྱ་གར་གྱི་མི་སེར་ཡིན་པ་ངོས་ལེན་གྱི་ཐོག་ནས་ཕྱི་སྐྱོད་ལག་འཁྱེར་པ་སི་པོར་ཊི་ (Passport) སྤྲོད་རོགས་ཞེས་ཞུས་ཡོད། གུས་རང་ ༢༠༡༤ ཕྱི་ཟླ་བརྒྱད་པའི་ནང་སིམ་ལ་པ་སི་པོར་ཊི་ལས་ཁུངས་སུ་བཅར་བ་ཡིན།  འབྲེལ་ཡོད་ལས་བྱེད་པ་དེས་རྒྱ་གར་གྱི་མེ་སེར་ལག་ཁྱེར་འཁྱེར་ཤོག་ཅེས་གསུངས་བྱུང་།  ལག་ཁྱེར་དེ་གང་ན་རག་གི་རེད་དམ་ཅེས་དྲིས་པར།  ཁོང་ནས་རྫོང་གི་ལས་ཁུངས་ (DC Office) ནས་རག་གི་ཡོད་ལུགས་གསུངས།  དེ་རྗེས་གུས་པ་རྫོང་དཔོན་སར་སོང་བར་ཁོང་ནས་ལག་ཁྱེར་དེ་ཁོང་ནས་སྤྲོད་ཀྱི་མེད་ལུགས་གསུངས་རྗེས།  རྫོང་གི་ལས་ཁུངས་ཆེ་ཁག་ཚང་མར་བཅར་ཡང་ལག་ཁྱེར་དེ་སུ་ཡང་སྤྲོད་མཁན་མི་འདུག  དེ་རྗེས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲ་རྒྱ་བརྒྱུད་མི་སེར་སྡེ་ཚན་གྱི་འགོ་འཛིན་དང་འབྲེལ་བ་བྱུང་སྟེ།  ཁོང་ལ་བཀའ་འདྲི་ཞུས་སྐབས་ཁོང་ནས་གསལ་ཁ་མེད་པའི་བརྡ་ལན་སྣ་ཚོགས་ཞིག་གནང་མཐར།  ཁོང་ནས་བོད་མི་རྣམས་མི་སེར་གྱི་ཁྲིམས་དོན་ཚན་གསུམ་པའི་དང་པོའི་ཀ་པའི་འོག་ཁྱབ་ཀྱི་མེད་ལུགས་གསུངས།  དེ་ཡང་དོན་ཚན་དགུ་པའི་རྒྱུ་མཚན་གྱིས་བོད་མི་ཚོར་ཐོབ་ཐང་དེ་མེད་ལུགས་གསུངས།  དོན་ཚན་དགུ་པ་དེར་དཔྱད་ཞིབ་ཅིག་བྱེད་སྐབས།  དེས་རྒྱ་གར་གྱི་མི་སེར་དོར་ཏེ་རྒྱལ་ཁབ་གཞན་ཞིག་གི་མི་སེར་ལེན་པ་ཡིན་ན་རྒྱ་གར་མི་སེར་གྱི་ཐོབ་ཐང་མེད་ཅེས་འཁོད་འདུག  གུས་པའི་ལན་འདེབས་ལ་གུས་རང་རྒྱ་གར་གྱི་མི་སེར་དོར་རྒྱུ་ཕར་བཞག་རྒྱལ་ཁབ་གང་གི་མི་སེར་མིན་ལུགས་བརྗོད་ཀྱང་འགོ་འཛིན་དེས་རྒྱུན་རིང་རྗེས་སུ་ལན་ཞིག་སྤྲད་པའི་ནང་།  ད་ནས་དྲི་བ་འདྲི་མཚམས་འཇོག་རོགས་ཅེས་བརྗོད་སྟབས་ཁྲིམས་གཏུགས་མི་བྱེད་ཐབས་མེད་བྱུང་།  ད་ལྟ་ཁྲིམས་ཁང་ནང་ཁ་མཆུ་འགྲོ་བཞིན་ཡོད་ཀྱང་ཁ་མཆུ་དེ་ཁྲིམས་ཡིག་ནས་ཁ་གསལ་ཡོད་པས།  རྩོད་པ་ཆེན་པོ་རྒྱག་དགོས་ངེས་ཤིག་མེད་སྟབས་རིང་མིན་ཐག་གཅོད་ཡོང་རེ་བྱེད་བཞིན་ཡོད།  གུས་པའི་ཁ་མཆུ་དེ་ཡང་རང་ཉིད་གཅིག་པུ་མ་ཡིན་པར་གོང་འཁོད་དུས་ཡུན་ ༡༩༥༠ དང་ ༡༩༨༧ བར་རྒྱ་གར་ནང་སྐྱེས་པའི་བོད་མི་ཚང་མར་ཐོབ་ཐང་དེ་རག་ཐབས་སུ་མང་ཚོགས་ཆེད་ཁ་མཆུ་ (Public Interest Litigation དང་། མདོར་བསྡུས་སུ་ PIL ཞེས་ལབ་སྲོལ་ཡོད།) ཞེས་པ་དེ་བཙུགས་ཡོད།  རྒྱ་གར་མི་སེར་ཞུ་སྟངས་ཁག་ཁ་ཤས་ཡོད་ཁོངས་ནས་རྒྱ་གར་ནང་ཁྲིམས་འགལ་མ་ཡིན་པར་འཛུལ་ཏེ་ལོ་བཅུ་གཉིས་རྒྱ་གར་ནང་བསྡད་ཡོད་པ་ཡིན་ན།  རྒྱ་གར་གྱི་མི་སེར་ཞུས་ཆོག་པ་ཡིན།  དེ་ལ་དབྱིན་སྐད་ནང་ Naturalisation ཟེར་བ་རེད།  ཕྱིས་སུ་བོད་ནས་རྒྱ་གར་དུ་ཕེབས་མཁན་མང་དག་ཅིག་ཡོད་པ་རྣམས་རྒྱ་གར་གྱི་མི་སེར་ཞུ་འདོད་ཡོད་ཚེ་དོན་ཚན་འདིའི་ཁོངས་མི་སེར་ཞུས་ཆོག་པ་རེད།  འདིའི་ཁོངས་ཞུས་ན་ཡིག་ཆ་ཁག་ཅིག་དགོས་པ་ཡིན་ལ་རྒྱ་གར་ས་གནས་ SDM ལས་ཁུངས་སུ་སྙན་ཞུ་འབུལ་རྗེས་མཐར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་ཐག་གཅོད་གནང་སྲོལ་ཡོད།  གལ་སྲིད་བཀའ་འཁྲོལ་ཐོབ་ཚེ་རྒྱ་གར་གྱི་ཡུལ་མི་སྤྱི་མཚུངས་ལྟར་ཐོབ་ཐང་ཁག་ཐོབ་ཀྱི་ཡོད་ལ་ཕྱིར་སྐྱོད་ལག་ཁྱེར་ Passport ཡང་ཐོབ་ཀྱི་ཡོད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས།

རྒྱ་གར་གྱི་མི་སེར་རམ་རྒྱལ་ཁབ་གཞན་གྱི་མི་སེར་ལེན་པའི་ཐོག་སྤྱི་ཚོགས་ནས་བསམ་འཆར་དང་དྲི་བ་སྣ་ཚོགས་ཤིག་བྱུང་བཞིན་ཡོད།  དེའི་ཐོག་གསལ་བཤད་ཅིག་ཞུས་ན།  དང་པོ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་གཉིས་པའི་འབྲུ་དོན་ལ་གཞིགས་ན།  བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིེས་རྒྱལ་ཁབ་གཞན་གྱི་ཡུལ་མི་མི་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་འཁུར་འགན་ཁག་འགལ་མེད་བསྒྲུབ་ཕྱིན།  བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས་ཞེས་འཁོད་ཡོད།  དོན་ཚན་བཅུ་གསུམ་ནང་གསལ།  ༡ བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད།  ༢ བཅའ་ཁྲིམས་དང་།  ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་།ཉམས་ལེན།  ༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ།  ༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ།  ༥ བོད་མིའི་སྒྲིག་འཛུགས་དང་།  མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས་ཡིན།  བྱས་ཙང་རྒྱལ་ཁབ་གཞན་གྱི་མི་སེར་ལེན་རྒྱུར་དགག་པ་མེད་པ་དེ་གསལ་པོ་རེད།  ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་པ་ཚོས་གནས་ཡུལ་ལུང་པ་དེའི་མི་སེར་ལེན་པ་མང་པོ་ཡོད་པ་རྣམས་བོད་པ་གཙང་མར་གནས་རྒྱུ་ཡིན་པ་གསལ་པོ་རེད།

 དྲི་བ་ཁག་ཅིག་ཡོང་བཞིན་པ།

དང་པོ།  རྒྱལ་ཁབ་གཞན་གྱི་མི་སེར་ལེན་པ་ཡིན་ན་བོད་པའི་རྩ་དོན་ལ་ནུས་མེད་ཆགས་ཀྱི་མ་རེད་དམ་ཟེར་མཁན་ཁག་ཅིག་ཡོང་གི་ཡོད་ཀྱང་།  དེ་ནི་སོ་སོ་རང་ཉིད་ལ་རག་ལུས་མེད་དམ་སྙམ།  ཕྱི་རྒྱལ་ཁག་ཏུ་ཕྱིའི་མི་སེར་བླངས་ཀྱང་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་ཇི་ཙམ་གནང་གི་ཡོད་མེད་ཚང་མས་མཁྱེན་གསལ་རེད།  རྒྱ་གར་དུ་སྡོད་ཆོག་ལག་ཁྱེར་ཨར་སི་ཁྱེར་ནས་བོད་ཀྱི་རྩ་དོན་ལ་ཁེ་ཕན་དང་།  རྒྱལ་ཁབ་གཞན་ཞིག་གི་མི་སེར་བྱས་ནས་གནོད་སྐྱོན་ཇི་ལྟར་འགྲོ་བ་ཡིན་ནམ།  རང་རེའི་རྩ་དོན་ལ་གནོད་སྐྱོན་དང་།  སྤྱི་ཚོགས་ནང་དཀྲུགས་མཁན།  དེ་བཞིན་༧གོང་ས་མཆོག་ལ་སྐུར་འདེབས་ཞུས་མཁན་ནི་མང་ཆེ་བ་ཨར་སི་ཁྱེར་མཁན་ཁོངས་ནས་ཡོང་གི་ཡོད།  དེས་ན་ཨར་སི་ཁྱེར་ཡོད་ཀྱང་ག་རེ་བྱས་པ་རེད་དམ།  ཕྱི་རྒྱལ་དུ་བཞུགས་མཁན་ཁག་གཅིག་གིས་ཨར་སི་ཡོད་མཁན་ལས་རང་རེའི་རྩ་དོན་ཐོག་ཕྱག་ལས་གཞི་རྒྱ་ཆེ་བ་དང་ཕན་ནུས་ཆེ་བ་གནང་ཐུབ་མཁན་མང་པོ་ཡོད།  ཁོང་རྣམས་བོད་རིགས་མིན་པར་ངོས་འཛིན་གནང་གི་ཡིན་ནམ།  བོད་རིགས་མ་ཡིན་པ་ཕྱི་རྒྱལ་བ་མང་པོས་ཨར་སི་ཡོད་མཁན་ལས་ཕྱག་ལས་མང་བ་གནང་མཁན་ཡང་མང་པོ་ཡོད་པ་ཀུན་ནས་མཁྱེན་གསལ་རེད།  དོན་སྙིང་ཨར་སི་ཡོད་པ་ཙམ་གྱིས་བོད་དོན་ལ་ཕན་ཡོན་ཆེ་བ་ཡོད་ཅེས་བཤད་དཀའ་བས།  སོ་སོས་བསམ་བློ་བཏང་སྟེ་ལས་ཀ་བྱེད་རྒྱུ་རེད།  གཉིས་པ།  རྒྱ་དམར་གཞུང་གིས་རྒྱ་གར་ནང་བོད་མི་མང་པོ་རྒྱ་གར་གྱི་མི་སེར་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་བྱས་ཏེ་བོད་ནང་ཡོད་པའི་བོད་མི་ཚོའི་སེམས་ཤུགས་གཅོག་རྒྱུའི་ཐབས་ཤེས་བྱེད་རྒྱུ་ཡིན་པ་སྨོས་ཅི་དགོས།  འོན་ཀྱང་བོད་ནང་ཡོད་པའི་བོད་མི་མང་ཆེ་བ་ཤེས་ཡོན་ཅན་དང་གོ་རྟོགས་ཡོད་མཁན་ཡིན་སྟབས།  ཁོང་རྣམས་དེ་འདྲའི་མགོ་སྐོར་འོག་ཚུད་ཀྱི་མ་རེད།  གསུམ་པ།  ཨར་སི་དང་འབྲེལ་བའི་རྒྱུན་ལྡན་ནས་གླེང་བཞིན་པའི་གནས་ཚུལ་ཞིག་ཞུས་ན།  སྲིད་སྐྱོང་དང་།  བཀའ་བློན།  སྤྱི་འཐུས་བཅས་པ་ཕྱག་ལས་གནང་དུ་ཕེབས་སྐབས་ཨར་སི་དགོས་ཀྱི་མེད་པ་དང་།  ད་ལྟ་དང་སྔོན་མའི་བཀའ་བློན་ཁག་ཅིག་ལ་གཟིགས་དང་ཕྱི་རྒྱལ་གྱི་མི་སེར་ཡིན་པ་ཚང་མས་མཁྱེན་གསལ་རེད།  ལས་བྱེད་པའི་ས་མིག་ཞིག་ཏུ་ཕྱག་ལས་གནང་བར་ཕེབས་ཚེ་ཨར་སི་དགོས་ཀྱི་ཡོད་པ་རེད།  དེ་ནི་འདྲ་མཉམ་མེད་པ་དང་མི་དྲང་བའི་གནས་སྟངས་ཤིག་རེད།  ད་བར་འདི་ལྟར་གནང་སྟེ་བཞུགས་པ་རེད་མོད་གུས་པའི་ཁྲིམས་གཏུགས་ཏེ་ཐོབ་རྗེས་མི་མང་པོར་ཨར་སི་མེད་པ་ཆགས་རྒྱུ་ཡིན་སྟབས།  ལས་བྱེད་ཁོངས་ཕྱག་ལས་གནང་རྒྱུ་དང་།  གཞིས་ཆགས་ཁོངས་ཚུད་ཐབས།  སློབ་ཡོན།  འཕྲོད་བསྟེན་ལ་སོགས་པའི་གང་ཅིའི་ཐད་བདེ་སྡུག་ཞུས་སྐབས།  མུ་མཐུད་ཨར་སི་དགོས་པའི་ཆ་རྐྱེན་དེ་མེད་པ་བཟོ་དགོས་པའི་དུས་ལ་སླེབས་སྙམ།

 མཐའ་དོན།

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་པའི་ནང་ཕྱི་རྒྱལ་དང་རྒྱ་གར་གྱི་མི་སེར་རམ་པ་སི་ཡོད་མཁན་མང་པོ་ཡོད་པ་ཚང་མས་ཤེས་གསལ་རེད།  ཁོང་རྣམས་པས་སོ་སོའི་དཀའ་ངལ་སེལ་སླད་མི་སེར་དང་པ་སི་བཞེས་པ་གོར་མ་ཆགས།  ད་ལྟ་འགྲོ་བཞིན་པའི་གུས་པའི་ཁྲིམས་གཏུགས་དེ་ནི་གུས་པར་རྒྱལ་ཁ་ཐོབ་རྒྱུ་ཡིན་པར་ཐེ་ཚོམ་མེད།  མུ་མཐུད་ཨར་སི་ཉར་དང་མ་ཉར་སོ་སོའི་རང་དབང་ཡིན་ཡང་།  ཁྲིམས་ཐག་དེའི་རྗེས་རྒྱ་གར་ནང་བོད་མི་མང་པོ་ཞིག་གིས་སོ་སོའི་དཀའ་ངལ་སེལ་ཆེད་ཨར་སི་རྒྱ་གར་གཞུང་ལ་ཕྱིར་རྩིས་སྤྲོད་གནང་ངེས་ཡིན།  འོན་ཀྱང་ཁོང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་དང་ལེན་གྱིས་ཏེ་བོད་པ་གཙང་མ་ཞིག་གནང་སྟེ་བཞུགས་རྒྱུར་ཐེ་ཚོམ་མེད།  དེ་རྗེས་རྒྱ་གར་ནང་ཨར་སི་མེད་པའི་བོད་མི་མང་དག་ཅིག་ཆགས་རྒྱུར་སོང་།  གནས་བབ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་དེའི་ཐོག་སྲིད་བྱུས་སམ་ལམ་སྟོན་གང་ཡིན་ཁ་གསལ་གྱི་གསལ་བསྒྲགས་གནང་དགོས་པའི་དུས་ལ་སླེབས་པར་མཐོང་།།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

སྐར་མ ༥༨ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༣ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 6

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    སྦྱིར་བོད་མི་སུ་ཞིག་ཡིན་རུང་རང་ཉིན་བོད་མི་ཞིག་ཡིན་པ་སེམས་ལ་བཟུང་ནས་ལས་དོན་ཐོག་ཕྱག་ལས་གནང་དགོས་པ་གལ་ཆེན་རེད། མ་ཟད་མི་རིགས་དེའི་ཐོག་ཕྱག་ལས་གནས་དགོས་ན་ལས་དོན་ཆེན་ཡིག་ཆ་གང་ཞིག་འཛིན་དགོས་མིན་ཡང་ཐོབ་ཐང་རེད། གང་ལྟར་དེབ་སེར་པོ་དེ་སྐྱབས་བཅོལ་བའི་ཐོག་ཐང་ཞིག་ཡིན་ཙང་འུ་ཅག་སྐྱབས་བཅོལ་བ་ཞིག་ཡིན་པ་དྲན་ན་ཡང་གལ་ཆེན་རེད། རྒྱ་གར་མི་སེར་བཟོ་ཚར་ན་བོད་དོན་བརྗེད་འགྲོ་བ་མི་སྲིད་པ་ཞིག་རེད་ཡིན་ཡང་སྐྱབས་བཅོལ་བའི་ངོ་བོའི་ཐོག་གནས་ཐུབ་ཡོད་པ་མ་རེད། དེ་འདྲ་སོང་ཙང་དེབ་སེར་བོ་བཟུང་ན་ཡང་དཀའ་ཁག་ཡོད་ན་ཡང་དགེ་མཚན་ཡོད་པ་རེད།

    Reply
  2. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་མི་སེར་བཟོ་དགོས་རེད་དམ་མ་རེད་ཟེར་བ་དེ་དྲི་བ་གནད་འགག་ཅན་ཞིག་རེད་སྙམ། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་སེམས་ལ་དྲི་བ་ཞིག་ངང་གིས་བསླེབས་སོང་། ཕྱི་རྒྱལ་ཁབ་ཁག་གི་མི་སྒེར་བ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་ལུས་ངག་ཡིད་གསུམ་དང་དཔལ་འབྱོར་སོགས་ཀྱི་སྒོ་ནས་བོད་ཀྱི་ཆོས་སྲིད་དང་མི་དམངས་ཐད་ལ་ཐུགས་ཁུར་དང་། གདུང་སེམས་མཉམ་སྐྱེད། རྒྱབ་སྐྱོར་སོགས་བྱས་དང་བྱེད་ཀྱིན་ཡོད་པ་དེ་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་མི་སེར་བཟོས་པ་དང་། ཨ་རིའི་མི་སེར་བཟོས་པ། ཕྷི་རན་སིའི་མི་སེར་བཟོས་པ། ཉེ་ཧོང་གི་མི་སེར་བཟོས་པ་བཅས་ལ་བརྟེན་ནས་བྱུང་བ་རེད་དམ། ཕྲན་གྱིས་བལྟས་ན། ཁོང་རྣམས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དེ་ང་ཚོས་ཕྱི་རྒྱལ་ཁབ་ཁག་གི་མི་སེར་བཟོས་པ་ལ་བརྟེན་ནས་བྱུང་བ་ཞིག་གཏན་ནས་མ་རེད་སྙམ། འོ་ན་ཅི་རེད་ཅེས་ན་ང་ཚོ་ནི་བཙན་བྱོལ་བ་ཡིན་ཙང་། ང་ཚོ་ནི་སྐྱབས་བཅོལ་བ་ཡིན་ཙང་། ང་ཚོ་ལ་རྒྱལ་ཁབ་ཡོད་ཀྱང་གཞན་གྱིས་བཙན་འཕྲོག་བྱས་ཙང་། ང་ཚོས་བཟོད་དཀའ་བའི་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་ཙང་ཁོང་ཚོས་ང་ཚོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་དང་བྱེད་མུས་རེད་སྙམ། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཡོད་དོ་ཅོག་གིས་རྒྱ་གར་གྱི་མི་སེར་བཟོས་ཚར་རྗེས། ཉིན་མོ་དེ་ནས་བཟུང་ཕྱི་རྒྱབ་ཁབ་ཁག་གིས་ང་ཚོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་པ་དེ་ཡང་མཚམས་འཇོག་སྲིད་པ་ཞིག་རེད། གནད་དོན་འདི་ང་ཚོའི་གྲོས་ཚོགས་ནང་བགྲོད་གླེང་བྱེད་དགོས་སྙམ།

    Reply
  3. Thupten says:
    ལོ་ 10 སྔོན།

    ༼མུ་མཐུད་ཨར་སི་ཉར་དང་མ་ཉར་སོ་སོའི་རང་དབང་ཡིན་ཡང༽་ ཅེས་པ་འདི་རྒྱ་གར་གྱི་ཁྲིམས་ཐོག་ནས་འགྲོ་ཐུབ་ཐབས་མེད་པའི་དགོངས་པར་འཇག་དགོས།

    Reply
  4. བསེ་རུ་ཟང་ཐལ། says:
    ལོ་ 10 སྔོན།

    ཡ་ཡ། ངའི་བསམ་བློ་ན་ཁྱེད་རང་ཉིད་རྒྱ་གར་བ་ཞིག་ཡིན་ཤག་ཡིན། གང་ཡིན་ཟེར་ན། ཁྱེད་རང་དངོས་གནས་བྱས་ན་ཨོ་རི་སའི་ཡུལ་མི་ཞིག་གི་བྱི་ཕྲུག་རེད་ཟེར་བ་ཐོས་པས། དང་པོ་དེ་བདེན་པ་ཨེ་ཡིན་ཅིག་དྲང་པོ་ཤོད་དང་། ཡིན་ནའང་འདྲ། མིན་ནའང་འདྲ། ཁྱེད་ལ་ཁག་འདོགས་གང་ཡང་མེད་པ་རེད། དེ་ངས་ཤེས། མིན་ན། བོད་མི་སྤྱི་བྱིངས་ལ་སེམས་འཚབ་ཆེ་མདོག་གིས། བཞུགས་སྒར་དུ། བོད་ཀྱི་མཛངས་མའི་འགྲན་སྟེགས་གཅེར་ཧྲང་འཆལ་སྤྱོད་དེ་འདྲ་རང་ནི། ཁྲོམ་གཟིགས་འབུལ་དགོས་དོན་ཨེ་ཡོད། མཛངས་མ་དེ་འདྲ་ལ་བོད་ཀྱི་མཛངས་མ་ཞེས་དབང་བསྐུར་བས་བཙན་བྱོལ་སྤྱི་ཚོགས་ངོ་གནོངས་དགོས་པ་བཟོས་སོང་། དེ་ལས་གཞན་པ་བཟང་སྤྱོད་དང་ལྡན་པ་ཞིག་གི་བྱ་འགུལ་ཁྱེད་ལ་བྱེད་རྒྱུ་མ་རྙེད་དམ།། ཡིན་ན་ནི། རྒྱ་གར་བ་ཡུལ་མི་ས་སྐྱེས་རྡོ་སྐྱེས་ཁྱེད་ལྟ་བུ་ཞིག་གིས་ད་ཆ་གཞི་ནས། ཤོག་ཐོག་རྒྱ་གར་བའི་མི་སེར་ཐོབ་ཐང་རྩོད་དགོས་པར་ཆགས་པ་ནི་ཡ་མཚན་དངོས་བྱུང་ཞིག་མ་རེད་དམ། ཡ། བློ་དབང་ལགས། ཁྱོད་རང་དྲང་པོ་དྲང་བཞག ཁ་རི་ཁ་གཏུགས་ཤིག་ཤོད་དང་ལོ། སྒྲུང་དང་བཅོས་སྒྲུང་གི་དབྱེ་འབྱེད་ཅིག་དེ་ནས་འཐོབ་ཐུབ། ཡ། ཡ། ཡང་། ངའི་བསམ་འཆར་ལ་”ན”སྦྱོར་ཡོད་དོ།། །།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    ཤེས་ལྡན་ཡངས་པ་བློ་བཟང་དབང་རྒྱལ་ལགས། ཁྱེད་ནས་རྒྱ་གར་གཞུང་ལ་ཁ་མཆུ་བཙུགས་ཏེ་བོད་ཕྲུག་རྒྱ་གར་ནང་སྐྱེས་པ་རྣམས་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མི་སེར་འཐོབ་རྒྱུར་ཁྲིམས་ཐོག་ནས་རྩོད་ལེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡང་འདེབས། ཡིན་ནའང་རྒྱལ་ཁ་ཐོབ་རྗེས་གསར་འགོད་གསལ་བསྒྲགས་སམ། གསར་ཤོག་སྟེང་ངེས་པར་བཀོད་གནང་ཡོང་བ་ཞུ།།

    Reply
    • བཙན་བྱོལ་བོད་པ། says:
      ལོ་ 10 སྔོན།

      གལ་ཏེ་རྒྱ་གར་ནང་ཡོད་པའི་བོད་མི་མང་ཆེ་བར་་རྒྱ་གར་མི་སེར་གྱི་ལག་འཁྱེར་ཐོབ་པ་ཡིན་ན། བོད་མི་རྣམས་ཁྲིམས་ཐོག་ནས་རྒྱ་གར་མི་སེར་ཆག་པ་སོང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ཡང་དགོས་གལ་ཅི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་རྒྱ་གར་དང་ཕྱི་རྒྱལ་ཡུལགྲུ་ཁག་ལ་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོའི་ཡིད་བརྟན་བྱེད་ས་ཞིག་དང་བོད་ནང་ཡོད་པའི་བོད་མིའི་ཚོའི་སྐུ་ཚབ་ཡིན། རྒྱ་གར་ནང་ཡོད་པའི་བོད་མི་མང་པོ་ཞིག་རྒྱ་གར་གྱི་མི་སེར་འཐོབ་ཐང་རགས་པ་ཡིན་ན། སོ་སོ་སྒེར་ལ་ཕྲད་སེལ་ཁེ་ཕན་གཏོགས་ཙམ་ཡོད་པ་ལས། བོད་ནང་ཡོད་བོད་མི་རྣམས་ཀྱི་རེ་བ་བརླགས་རྒྱུ་དང། ཁོ་ཚོའི་ཞུ་པ་མེད་པའི་སེམས་ཤུགས་དང་ལྷག་བསམ་ཀྱང་ཉམས་རྒྱུའི་ཉན་ཁ་ཡོད། གཉིས་ནས་བོད་མི་རྣམས་རྒྱ་གར་མི་སེར་གྱི་འཐོབ་ཐང་རགས་པ་ནས་བཟུང་སེམས་ཤུུགས་ག་ཚོད་ཡོད་ཀྱང། བོད་དང་བོད་མིའི་རྒྱབ་སྐྱོར་བ་མཚོན་པ་ལས་བོད་པ་གཙང་མ་ཞིག་ག་ལ་མཚོན་ཐུབ་བམ།
      སྐྱབས་བཅོལ་ལག་འཁྱེལ་འཁྱེར་ནས་དཀའ་ངལ་འཕྲད་པ་དེས། ང་ཚོར་རང་དབང་མེད་པ་དང་བོད་པའི་ཐབས་རྩོད་དེ་གལ་ཆེ་པོ་ཡིན་པ་དུས་རྟགས་དུ་འཚོར་ཐུབ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese