བྱང་ཀོ་རི་ཡའི་ནང་ཆུ་ལོག་རྒྱུག་སྟེ་མི་གྲངས་ ༡༣༣ རྐྱེན་འདས་དང་མི་ ༣༩༥ གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག
ཉེ་ཆར་ཕྱི་ཟླ་ ༨ པའི་ཟླ་མཇུག་ནས་བཟུང་སྟེ་བྱང་ཀོ་རི་ཡའི་བྱང་ཕྱོགས་ཁུལ་དུ་དྲག་ཆར་བསྟུད་མར་བབས་ཡོད་པ་དང་། ཟླ་འདིའི་ཚེས་ ༡༡ ཉིན། བྱང་ཀོ་རི་ཡ་གཞུང་གིས་ཡུལ་དེའི་བྱང་རྒྱུད་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཕོགས་ཏེ་མི་གྲངས་ ༡༣༣ རྐྱེན་འདས་སུ་ཕྱིན་པ་དང་། མི་ ༣༩༥ གར་ཡོད་ཅི་བྱུང་མེད་པ། དེ་བཞིན་ཡུལ་མི་ ༡༠༧༠༠༠ ལ་སྡོད་གནས་མེད་པ་ཆགས་ཡོད་སྟབས། འདས་པའི་ལོ་ངོ་ ༧༠ ནང་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་བྱུང་ཡོད་སྐོར་བརྗོད་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་འདིའི་ཆུ་ལོག་ཁྲོད་ཡུལ་དེའི་བྱང་རྒྱུད་ཀྱི་དུད་ཁྱིམ་ ༣༥༥༠༠ ལྷག་གི་སྡོད་གནས་ལ་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། སྡོད་གནས་ཀྱི་གསུམ་ཆ་གཉིས་ཙམ་རྩ་མེད་དུ་གྱུར་ཡོད་པ་དང་། གར་ཡོད་ཅི་བྱུང་མེད་པར་གྱུར་བའི་ཡུལ་མིའི་གྲངས་འབོར་དེའང་བྱང་ཀོ་རི་ཡ་གཞུང་གི་བསྡོམས་རྩིས་ཡིན་སྐོར་བརྗོད་འདུག
བྱང་ཀོ་རི་ཡས་ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་ལྔ་པ་བྱས་ཏེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། ཉི་ཧོང་སོགས་རྒྱལ་ཁབ་མང་པོར་ཁོང་ཁྲོང་བསླངས་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ནས་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་ལྗིད་མོ་གཅོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། བྱང་ཀོ་རི་ཡའི་ཡུལ་མི་ཚོས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་བྱས་ཏེ་མི་མང་གི་ཁ་འཚོ་བ་ལ་ཁེ་ཕན་གང་ཡང་མེད་སྐོར་བརྗོད་དེ་ཁེམ་ཅུང་ཨན་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག བྱང་ཀོ་རི་ཡ་གཞུང་གིས་ཐེངས་འདིའི་གནོད་ཐེབས་ས་ཁུལ་གྱི་མི་མང་ལ་རོགས་སྐྱོབ་བྱེད་བཞིན་པའི་སྒང་ཡིན་སྐོར་བསྒྲགས་ཡོད་ཀྱང་། ཕྱིའི་བརྒྱུད་ལམ་ཁག་ནས་གནོད་ཐེབས་མི་མང་ལ་སྡོད་གནས་དང་བཟའ་འཐུང་སོགས་ཀྱི་ཐོག་ནས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་མཚོ།