བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་གོ་ཡི་ལས་ཚབ་ཏུ་ཝུ་ཡེན་ཅེ་ཁོང་བསྐོ་བཞག་བྱས་པའི་མཛད་སྒོའི་སྐབས་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་ཁྲིན་ཆོན་གོ་ཁོང་ནི་ཤིན་ཅང་རང་སྐྱོང་ཁུལ་དུ་ལས་བསྒྱུར་བྱས་ཡོད་པ་དང་། དེའི་ལས་ཚབ་དུ་ཝུ་ཡེན་ཅེ་ཞེས་པ་བསྐོ་བཞག་བྱས་ཡོད། ལས་གནས་འཕོ་འགྱུར་གྱི་མཛད་སྒོའི་སྐབས་ཡ་མཚན་པའི་གནས་ཚུལ་མང་པོ་མཐོང་རྒྱུ་ཡོད། དེ་ཡང་། བོད་པ་ཡིན་པའི་མགོ་ཁྲིད་གཉིས་ལ་བསྒྱུར་བ་གང་ཡང་མེད་པར་ཧན་རྒྱ་མི་རིགས་ཤིག་ཧོབ་ཏེ་མགོ་ཁྲིད་མཐོ་ཤོས་སུ་གྱུར་བ་རེད།
བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཚོགས་པའི་མཐུས་མིའི་གོ་གནས་རིམ་པ།
༡། ཁྲིན་ཆོན་གོ དམར་ཤོག་ཚོགས་པའི་དྲུང་ཆེ།
༢། པདྨ་འཕྲིན་ལས། དམར་ཤོག་ཚོགས་པའི་དྲུང་གཞོན།
༣། བློ་བཟང་རྒྱལ་མཚན། དམར་ཤོག་ཚོགས་པའི་དྲུང་གཞོན།
༤། འུ་ཡཱིང་ཇཱེ། དམར་ཤོག་ཚོགས་པའི་དྲུང་གཞོན་རྒན་པ།
༥། ཏིང་ཞའོ་ཀཱང་། དམར་ཤོག་ཚོགས་པའི་དྲུང་གཞོན།
༦། ཀཱན་ཏོ་ཀོ་ཞཱིན། ཆབ་སྲིད་ཨུ་ཡོན་དང་། བོད་རང་སྐྱོང་དམག་སྤྱི།
༧། མགོན་པོ་བཀྲ་ཤིས། བོད་རང་སྐྱོང་འཐབ་ཕྱོགས་གཅིག་བསྒྱུར་ལས་ཁང་།
རྒྱ་ནག་གི་ཉིན་རེའི་ཚགས་ཤོག་ནང་། ཝུ་ཡེན་ཅེ་ཁོ་རང་བོད་རང་སྐྱོང་ལྗོངས་ནང་བསྡད་རིང་གི་མི་ཚེའི་ནང་ཆབ་སྲིད་ཀྱི་གོ་གནས་མཐོ་ཤོས་ཐོབ་པ་དེར་མི་མང་ཚོས་དགའ་བསུ་ཆེན་པོ་ཐོབ་ཡོད། ཅེས་འཁོད་ཡོད། གང་ལྟར། བོད་མི་མགོ་ཁྲིད་གཉིས་ལ་བསྒྱུར་བ་གང་ཡང་མེད་པར་ཧན་མི་རིགས་ཤིག་ལ་གོ་གནས་སྤར་བ་ནི་མི་རིགས་དབྱེ་འབྱེད་བྱས་པ་རེད།
འོན་ཀྱང་། དེར་རྒྱ་ནག་གཞུང་ཕྱོགས་ནས་དེ་ནི་མི་རིགས་དབྱེ་འབྱེད་གཏན་ནས་མིན་པར་དམར་ཤོག་ཚོགས་པའི་ཐོབ་ཐང་ཞིག་ཡིན་ཞེས་ལན་འདེབས་བྱེད་པ་རེད། མདོར་ན། དོན་དངོས་ཐོག་བོད་ལ་བཅིངས་དཀྲོལ་ཟེར་བ་བཏང་ནས་ལོ་ངོ་ ༦༥ ཙམ་འདས་ཀྱང་རྒྱ་གཞུང་གིས་བོད་མིར་ད་དུང་ཡིད་ཆེས་གཏན་ནས་བྱེད་ཀྱི་མེད་པ་དེ་ཡིན།
ཉམ་ང་བ་ཞིག་ལ་ཝུ་ཡེན་ཅེ་ཡིས་བོད་ནང་ལོ་ངོ་ ༤༠ ལྷག་རིང་ལས་ཀ་བྱས་མྱོང་སྟབས། བོད་ཀྱི་གནས་ཚུལ་སྐོར་ཁོ་རང་གིས་གསལ་པོར་ཤེས་ཀྱི་ཡོད། རིག་གནས་གསར་བརྗེ་ཆེན་པོ་མཇུག་སྒྲིལ་སྐབས་ཁོང་ལོ་ ༡༦ རེད། ཁོ་བོད་ལ་འབྱོར་ནས་ལོ་ངོ་ཉི་ཤུ་ཙམ་རིང་ཤེས་ཡོན་ཐོག་ལས་ཀ་བྱས་མྱོང་ཡོད།
ཁྲིན་གྱི་གཏམ་བཤད་མཇུག་སྒྲིལ་མཚམས་ཝུ་ཡིས་སེམས་ཚོར་དྲག་པོས་གཏམ་བཤད་བྱས། “ང་རང་ཆུང་དུས་ནས་ད་ལྟ་བར་བོད་ནང་བསྡད་ཅིང་བོད་ནང་ལས་ཀ་བྱས། བོད་ནང་འཚར་ལོངས་བྱུང་བའི་མི་ཞིག་ཡིན། ང་དེ་འདྲ་ཞིག་ཆགས་པ་དེ་གཙོ་བོ་དམར་ཤོག་ཚོགས་པ་དང་དེའི་མི་དམངས། དེ་བཞིན། བོད་ཀྱི་ཕྱིའི་བཀོད་པ་དང་དེའི་གྲངས་ཉུང་མི་རིགས་ལ་བརྟེན་ནས་བྱུང་བ་ཡིན།” ཞེས་དང་། ཁོས་མུ་མཐུད་དུ་ “བོད་ནི་ངའི་ཁྱིམ་གཞི་གཉིས་པ་དེ་ཡིན། ང་རང་བོད་ཀྱི་ཡུལ་མི་ཞིག་ཡིན་བསམ་གྱི་འདུག ཧུར་བརྩོན་ཆེ་བའི་བོད་མི་དམངས་དང་བོད་ཀྱི་ཁོར་ཡུག་ལ་ང་རང་ཧ་ཅང་གི་སེམས་ཐག་ཉེ་བོ་ཡོད།” ད་དུང་ཁོས་ “ང་རང་གི་གོ་གནས་གསར་པ་འདི་བརྒྱུད་ནས་བོད་མི་ས་ཡ་གསུམ་ལྷག་གི་ཆེད་དུ་མུ་མཐུད་ཞབས་ཕྱི་བསྒྲུབ་རྒྱུ་ཡིན་ལ། དེ་ནི་ངའི་གཟི་བརྗིད་ལྡན་པའི་དམིགས་ཡུལ་ཞིག་ཡིན། འོན་ཀྱང་། ངའི་བསམ་པར་ལས་དོན་དེ་ལས་སླ་བོ་ཞིག་གཏན་ནས་མིན།” ཞེས་བཤད་ཡོད།
བོད་དེ་རྒྱ་གར་གྱི་མངའ་སྡེ་ཇཱ་མུ་ཀཱ་ཤཱི་མིར་ལ་མཚུངས་བསྡུར་བྱེད་མཁན་ཚོར་མཚོན་ན། ཀཱ་མིར་མངའ་སྡེ་རང་ནས་མ་ཡིན་པའི་མི་ཞིག་དེ་གའི་མངའ་སྡེའི་བློན་ཆེན་ཆགས་པ་ང་ཚོའི་སེམས་ལ་འཁོར་ཐུབ་ཀྱི་འདུག་གམ། དེ་བཞིན། ཏཱ་མིལ་ནཱདཱུ་མངའ་སྡེའི་བློན་ཆེན་དེ་ཏཱ་མིལ་མི་རིགས་ཀྱི་སྐད་ཡིག་མི་ཤེས་པའི་ཡུ་ཕི་མངའ་སྡེའི་མི་ཞིག་ཡིན་ན་གནས་སྟངས་གང་འདྲ་ཆགས་སྲིད་དམ། དེར་མ་ཟད། བྷེ་ཧྭར་དང་ཀེ་ར་ལཱ། བྷན་གཱོལ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཞིག་ཤཱི་རི་ན་གྷར་གྱི་གྲོས་ཚོགས་ནང་བསླེབ་ན་གནས་སྟངས་གང་འདྲ་ཆགས་སྲིད་དམ། དེས་མ་འོངས་པར་ཟིང་ཆ་ཆེན་པོ་ཞིག་བསླང་རྒྱུ་ཡིན་པ་གསལ་བོ་རེད།
རྒྱ་ཕྱོགས་ནས་ཞི་འཇམ་ལྷིང་འཇགས་ཀྱི་སྲིད་གཞུང་ཞིག་ཡིན་པ་གསལ་སྟོན་བྱེད་ཁུལ་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་དེ་ལྟར་གཏན་ནས་མ་ཡིན། བྱེད་ལུགས་འདིས་པདྨ་འཕྲིན་ལས་དང་བློ་བཟང་རྒྱལ་མཚན་ལྟ་བུའི་མི་གཉིས་ཀྱི་གོ་གནས་ལ་བསྒྱུར་བ་བཏང་མེད་པར། ཟུར་དུ་བཞག་པ་དེས་ཁོང་གཉིས་མགོ་རྨོངས་སུ་བཅུག་ཡོད་ལ་སུན་སྣང་སྐྱེས་པའི་བྱ་བ་ཞིག་ཡིན་སྟབས། ཁོང་གཉིས་ཀྱིས་རྒྱ་ནག་གཞུང་གི་ཆབ་སྲིད་རྩེད་མོ་འདི་ཤེས་རྟོགས་ཐུབ་ཀྱི་ཡོད་པ་གསལ་བོ་རེད།
རྒྱ་ནག་གིས་བོད་བཅིངས་བཏང་བའི་རྗེས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་རྣམས་ཀྱི་མཚན་ཐོ།
དང་པོ། ཕྱི་ལོ་ ༡༩༥༠ ཟླ་ ༡ ནས་ ༡༩༥༡ ལོའི་ཕྱི་ཟླ་ ༦ པའི་བར། ཀྲང་གོ་ཧྭ། ཁོ་དེ་སྔོན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག
གཉིས་པ། ཕྱི་ལོ་ ༡༩༥༡ ཟླ་ ༦ ནས་ ༡༩༥༡ ལོའི་ཟླ་ ༩ པའི་བར། ཧྥིན་མེན། ཁོ་དེ་སྔོན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག
གསུམ་པ། ཕྱི་ལོ་ ༡༩༥༢ ཟླ་ ༣ ནས་ ༡༩༥༦ ལོའི་ཟླ་ ༨ པའི་བར། ཀྲང་ཅིན་ཝུ། ཁོ་དེ་སྔོན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག
བཞི་པ། ཕྱི་ལོ་ ༡༩༦༥ ཟླ་ ༩ པ་ནས་རིག་གནས་རྗེས་བར། ཀྲང་གོ་ཧྭ།
ལྔ་པ། ཕྱི་ལོ་ ༡༩༧༡ ཟླ་ ༨ ནས་ ༡༩༨༠ ལོའི་ཟླ་ ༣ པའི་བར། རིན་རོང་། ཁོ་དེ་སྔོན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག
དྲུག་པ། ཕྱི་ལོ་ ༡༩༨༠ ཟླ་ ༣ ནས་ ༡༩༨༥ ལོའི་ཟླ་ ༦ པའི་བར། ཡེན་ཧྥ་ཐང་། ཁོ་དེ་སྔོན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག
བདུན་པ། ཕྱི་ལོ་ ༡༩༨༥ ཟླ་ ༦ ནས་ ༡༩༨༨ ལོའི་ཟླ་ ༩ པའི་བར། ཝུ་ཅན་ཧྭ།
བརྒྱད་པ། ཕྱི་ལོ་ ༡༩༨༨ ཟླ་ ༩ ནས་ ༡༩༩༢ ལོའི་ཟླ་ ༡༡ པའི་བར། ཧུ་ཅིན་ཐོ། ཕྱིས་སུ་ཁོ་རྒྱ་ནག་གི་སྲིད་འཛིན་དུ་བསྐོས།
དགུ་བ། ཕྱི་ལོ་ ༡༩༩༢ ཟླ་ ༡༡ ནས་ ༢༠༠༠ ལོའི་ཟླ་ ༩ པའི་བར། ཁྲིན་ཁེ་ཡན།
བཅུ་པ། ཕྱི་ལོ་ ༢༠༠༠ ཟླ་ ༩ ནས་ ༢༠༠༤ ལོའི་ཟླ་ ༩ པའི་བར། ཀོ་ཅིན་ལོང་། ད་ལྟ་རྒྱ་ནག་དབུས་ཆབ་སྲིད་ཚོགས་མི།
བཅུ་གཅིག ཕྱི་ལོ་ ༢༠༠༤ ཟླ་ ༩ ནས་ ༢༠༠༥ ལོའི་ཟླ་ ༡༡ པའི་བར། ཡང་ཁྲན་ཐང་། ད་ལྟ་དངོས་ཟོག་སྐྱེལ་འདྲེན་བློན་ཆེན།
བཅུ་གཉིས། ཕྱི་ལོ་ ༢༠༠༥ ཟླ་ ༡༡ ནས་ ༢༠༡༡ ལོའི་ཟླ་ ༨ པའི་བར། ཀྲེང་ཆེན་ལི།
བཅུ་གསུམ། ཕྱི་ལོ་ ༢༠༡༡ ཟླ་ ༨ ནས་ ༢༠༡༠ ལོའི་ཟླ་ ༨ པའི་བར། ཁྲིན་ཆུན་གོ ད་ལྟ་ཤིན་ཅང་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ།
བློ་ཡུལ་ལས་འདས་པ་ཞིག་ལ་ཁྲིན་ཆུན་གོ་རྒྱ་ནག་གི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུས་སྐྱེལ་མ་ཞུས་ཡོད་པ་རེད།
ཁཱར་ལོདྲི་ཨར་པི་(claude Arpi) ཡིས་བསྩམས།
མིག་དམར་གྱིས་བསྒྱུར།
མ་རྩོམ་འབྲེལ་ཐག http://claudearpi.blogspot.in/2016/08/tibet-boss-han-reserved-job.html