རྒྱ་གཞུང་ཉེན་རྟོག་པས་རྔ་བ་རྩི་ནང་དགོན་གྱི་དགེ་འདུན་པ་བློ་གྲོས་ལགས་གསང་བའི་ཐོག་ནས་བཙན་འཁྲིད་བྱས་ཏེ་ཟླ་ ༣ ལྷག་འགོར་ཡོད་ཀྱང་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་འདུག
འདི་གར་བོད་ནང་ནས་འབྲེལ་ཡོད་ཅིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་༦ དང་ཕྱེད་ཀའི་ཐོག རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་རྫོང་ནས་ཉེན་རྟོག་པ་སྐོར་ཞིག་གིས་ཁྲིམས་འགལ་བྱས་པའི་རྒྱུ་མཚན་དང་བདེན་དཔང་གང་ཡང་མེད་པར་རྔ་སྟོད་རྩི་ནང་དགོན་པའི་དགེ་འདུན་པ་བློ་གྲོས་ལགས་ལ་གློ་བུར་དུ་ལག་ལྕག་བརྒྱབ་སྟེ་བཙན་འཁྲིད་བྱས་ཡོད་པ་དང་། ཕྱིས་སུ་ཁོང་གི་ནང་མི་ཉེ་འབྲེལ་རྣམས་དང་རྩི་ནང་དགོན་པའི་འབྲེལ་ཡོད་མི་སྣ་རྔ་བ་རྫོང་ཉེན་རྟོག་ཁང་དུ་ཐེངས་མང་ཕྱིན་ཏེ། ཁོང་གི་སྐོར་ཡང་དང་བསྐྱར་དུ་དྲིས་ནས་ཟླ་བ་ ༣ ལྷག་འགོར་ཡོད་ཀྱང་། ཉེན་རྟོག་ཕྱོགས་ནས་ཁོང་གང་དུ་ཡོད་མེད་དང་ཅིའི་ཕྱིར་བཟུང་བའི་རྒྱུ་མཚན་ཙམ་ཡང་བཤད་མེད་པར་བརྟེན། ཁོང་གི་ནང་མི་ཉེ་འབྲེལ་དང་དགོན་པ་བཅས་ནས་ཐུགས་འཁུར་ཆེན་པོ་གནང་བཞིན་ཡོད་འདུག
དགེ་འདུན་པ་བློ་གྲོས་ལགས་ད་ལྟ་དགུང་ལོ་ ༣༦ ཡིན་ཞིང་། རྔ་བ་རྫོང་རྔ་སྟོད་རྩི་མདའ་ཡུལ་ཚོའི་བེ་རི་ཚང་གི་ཕ་ཚིག་ཐོག་དང་། མ་རྫོགས་རེས་གཉིས་ལ་བུ་བུ་མོ་བདུན་ཡོད་པའི་ནང་ནས་ཁོང་བུ་གསུམ་པ་དེ་ཡིན་ལ། ཁོང་ཆུང་དུས་ནས་གྲུབ་མཐའ་ཇོ་ནང་ཡིན་པའི་རྩི་ནང་དགོན་པར་ཞུགས་ཡོད་པ་དང་། ཕྱིས་སུ་འཛམ་ཐང་ཇོ་ནང་དགོན་ཆེན་སོགས་ཀྱི་ནང་བསྟན་སྤྱི་དང་ཐུན་མོང་རིག་གནས་བཅས་ལ་ལོ་ ༣༠ ལྷག་རིང་སློབ་གཉེར་གནང་ཡོད་ཅིང་། དུས་རྒྱུན་གཉོམ་ཆུང་ཚུལ་མཐུན་དང་དཀར་ཟས་ལ་རོལ་མཁན་ཞིག་ཡིན་ལ། རྒྱ་གཞུང་ཉེན་རྟོག་པས་ཁོང་བཙན་འཁྲིད་མ་བྱས་གོང་དུ་གཟུགས་པོར་སྐྱོན་དང་ནད་མནར་གང་ཡང་མེད་སྐོར་བརྗོད་འདུག
གསར་འགོད་པ། པདྨ་མཚོ།